སྐྱེ་བ་མེད་པ་
སྐྱེ་བ་མེད་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་དེའི་འགྲེལ་པ་རྣམས་སུ་བྱུང་བའི་གཙོ་བོའི་ལྟ་བའི་གནད་ཀྱི་ཐ་སྙད་ཅིག་ཡིན། དེ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པའི་ཡེ་ཤེས་ལ་གོ་བ་ཡིན།
སྒྲ་བཤད།
[རྩོམ་སྒྲིག]སྐྱེ་བ་མེད་པ་ཞེས་པའི་ཐ་སྙད་ནི་སྐྱེ་བ་དང་མེད་པ་གཉིས་ལས་གྲུབ་སྟེ། སྐྱེ་བ་ནི་ཆོས་རྣམས་ཀྱི་འབྱུང་བ་ལ་ཟེར་ཞིང་། མེད་པ་ནི་རང་བཞིན་གྱིས་མ་གྲུབ་པ་ལ་ཟེར། འདི་ལ་ཁ་ཅིག་ནས་སྐྱེ་མེད་ཅེས་ཀྱང་ཟེར།
ངེས་ཚིག
[རྩོམ་སྒྲིག]སྤྲོས་པ་མེད་པའི་སྒོ་ནས་ངེས་ཚིག སྐྱེ་བ་མེད་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཏེ། "གང་དག་དུས་གསུམ་གྱི་སྟོང་པར་རྟོགས་པ་དེ་ནི། འདུས་མ་བྱས་ཡིན་པ་ལ་ནི་དོན་གྱི་སྤྲོས་པ་མེད་པ་སྤྱོད་དོ། །"[༡]
ཡེ་ཤེས་ཀྱི་སྒོ་ནས་ངེས་ཚིག བྱང་ཆུབ་སེམས་དཔའ་གང་ཞིག་མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། "དངོས་པོ་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་རྣམ་པར་ཤེས་ཤིང་བསམས་ཏེ་འདི་ལྟར་སྤྱོད་པར་བྱེད་"[༢]ཅེས་གསུངས།
ནང་དོན།
[རྩོམ་སྒྲིག]གཞི་ལམ་འབྲས་བུའི་ཆ་ནས་ནང་དོན། སྐྱེ་བ་མེད་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཡིན་ཏེ། "བདག་ཅི་འདྲ་བར་དེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་བདག་ཀྱང་མེད་པར་ཤེས་ལ། སེམས་ཅན་ཐམས་ཅད་ཀྱི་བདག་ཅི་འདྲ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ཀྱི་ཆོས་ཀུན་ཀྱང་དེ་འདྲར་ཤེས་ནས། བཀག་ཆོས་འདུས་བྱས་པ་སྐྱེ་བ་མེད་པ་དང་། སྐྱེ་བའི་ཆོས་གཉིས་ཀ་སྣང་བ་དང་བདེན་པར་མི་རྟོགས་པ་"[༣]
བདེན་གཉིས་ཀྱི་སྒོ་ནས་ནང་དོན། སྐྱེ་བ་མེད་པ་ནི་དོན་དམ་དང་ཀུན་རྫོབ་གཉིས་ཀར་ཡང་བདེན་པར་རྟོག་པ་མེད་པ་སྟེ། "དོན་དམ་པར་སྐྱེ་བ་མེད་པ་དང་ཐ་སྙད་དུ་སྐྱེ་བ་གཉིས་ཀ་ལ་བདེན་ཞེན་གྱིས་མི་རྟོག་པ་འདི་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །"[༤]
ཐབས་ཤེས་ཀྱི་སྒོ་ནས་ནང་དོན། བྱང་ཆུབ་སེམས་དཔའ་གང་ཞིག་སྐྱེ་མེད་རྟོགས་ནས་སྙིང་རྗེ་བསྐྱེད་པ་སྟེ། "སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་དུ་བདེན་པའི་འདུ་ཤེས་འབྱུང་བ་མེད་པ་འདི་ནི་ལམ་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །"[༥]
མཚན་ཉིད།
[རྩོམ་སྒྲིག]མཉམ་པ་ཉིད་ཀྱི་མཚན་ཉིད། སྐྱེ་བ་མེད་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། "ཉོན་མོངས་པ་དང་རྣམ་བྱང་གི་ཆོས་རྣམས་སྣང་བདེན་གྱི་རང་བཞིན་མེད་པར་ཡོངས་སུ་ཤེས་པར་གྱུར་པ་འདི་ནི། གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །"[༦]
ཕན་ཡོན།
[རྩོམ་སྒྲིག]མྱ་ངན་ལས་འདས་པ་ཐོབ་པ། སྐྱེ་བ་མེད་པ་རྟོགས་ནས་ཐོབ་པའི་འབྲས་བུ་ནི། "འཇིག་རྟེན་དག་ན་ཉོན་མོངས་འཁོར་བའི་ཆོས་དང། རྣམ་བྱང་མྱ་ངན་ལས་འདས་པ་དང་གཉིས་ལ་སོགས་པའི་ཆོས་ཀྱི་མིང་ཇི་སྙེད་ཅིག་ཡོངས་སུ་བརྗོད་པ་ཀུན་ལ་འདུས་བྱས་སྐྱེ་བ་དང་ནི་ཡང་དག་པར་འདས་པ་སྟེ། དགག་པ་སྤངས་ནས་རང་བྱུང་གི་ཡེ་ཤེས་སྐྱེ་ཤི་མེད་པའི་དམ་པ་དེ་ལས་ལྷག་བཅས་གཞལ་དུ་མེད་པ་དེ་ཐོབ་"[༧]ཅེས་གསུངས།
ཐེག་པ་གསུམ་གྱི་འབྲས་བུ། སྐྱེ་བ་མེད་པ་རྟོགས་པ་ལ་བརྟེན་ནས་ཐེག་པ་གསུམ་གྱི་འབྲས་བུ་ཐོབ་སྟེ། "སྟོང་པ་ཉིད་ཀྱི་བྱེ་བྲག་གང་ཟག་གི་བདག་མེད་པར་རྟོགས་པས་ཉན་ཐོས་ཀྱི་བྱང་ཆུབ་དང་། བདག་མེད་ཕྱེད་གཉིས་རྟོགས་པས་རང་རྒྱལ་གྱི་བྱང་ཆུབ་དང་། བདག་མེད་གཉིས་ཀ་རྫོགས་པའི་མཉམ་པ་ཉིད་མཐར་ཐུག་པ་རྟོགས་པས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་"[༨]ཅེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། 29
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 10b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། 30
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 11a།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 10b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། 31
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། 31
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། 16b