སྐྱེ་དགུའི་བདག་མོ་

ཡོང་ཁུངས་Wikipedia
 སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་པའི་སྡེ་བསྐྱངས་ནས་ལོ་ལྔ་པ་སྟེ་ཁོང་ཡངས་པ་ཅན་(VESALI)ན་བཞུགས་སྐབས། སངས་རྒྱས་ཀྱིས་ཡབ་རྒྱལ་པོ་ཟས་གཙང་མ་སྐུ་སྙུང་བའི་གནས་ཚུལ་གསན་ཏེ། ཡང་བསྐྱར་ཡབ་རྒྱལ་པོ་ཟས་གཙང་མ་མཇལ་ཕྱིར་སེར་སྐྱའི་གཞིར་ཕེབས་ཏེ་ཡབ་ཆེན་ལ་གསུང་ཆོས་ཀྱི་གདམས་པ་གནང་བས། ཡབ་རྒྱལ་པོ་ཟས་གཙང་མས་དགྲ་བཅོམ་པའི་གོ་འཕང་ཐོབ་ཅིང་ཉིན་བདུན་གྱི་རྗེས་ཞི་བདེ་བག་ཕེབས་ཀྱི་སྒོ་ནས་དགོངས་པ་རྫོགས་སོ། །

ལོ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཨ་སྲུ་སྟེ་མ་ཚབ་སྐྱེ་དགུའི་བདག་མོས་(MAHAPAJAPATI GOTAMI)སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བ་ཕུལ་ནས་བཙུན་མའི་སྡེ་གསར་དུ་ཚུགས་པའི་ལོ་དེ་ཡིན། སྐབས་དེ་དང་བསྟུན་ནས་སྐྱེ་དགུའི་བདག་མོ་ཐེངས་གསུམ་གྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ཏེ། ཁོ་མོ་དགེ་འདུན་གྱི་སྡེ་ཁོངས་སུ་རབ་ཏུ་བྱུང་བར་ཞུ། ཞེས་ཞུ་བ་ཕུལ་ན་ཡང་། ཞུ་ཐེངས་རེ་རེ་བཞིན་ཁོང་གིས་རྒྱུ་མཚན་གང་ཡང་མ་གསུངས་པར་ཞལ་བཞེས་མ་གནང་། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གཞི་ནས་དུས་ཡུན་རིང་ཙམ་བཞུགས་ཏེ་ཕྱིར་ཡངས་པ་ཅན་དུ་ཕེབས་སོ། །

སྐྱེ་དགུའི་བདག་མོ་ནི་རང་གི་དམ་བཅའ་ལ་ཆོད་སེམས་བརྟན་ཞིང་། ལས་སླ་མོའི་སྒོ་ནས་ཡིད་ཐང་ཆད་འགྲོ་མཁན་གྱི་བུད་མེད་ཅིག་མིན་པས། རང་ཉིད་ཀྱིས་རང་གི་སྐྲ་བྲེགས་ཏེ་ངུར་སྨྲིག་གི་གོས་གྱོན་ནས་ཤཱཀྱའི་རིགས་ཀྱི་བུད་མེད་དུ་མའི་ཚོགས་ཀྱིས་བསྐོར་ཏེ། སེར་སྐྱའི་གཞི་ནས་རྒྱང་ཐག་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པའི་ཡངས་པ་ཅན་གྱི་ཕྱོགས་སུ་ཕྱིན། དེ་ནས་མོ་རང་ཡངས་པ་ཅན་དུ་འབྱོར་བ་ན་མོའི་རྐང་པ་སྐྲང་ཞིང་ལུས་པོ་ཐལ་རྡུལ་གྱིས་ཁེབས་པར་གྱུར་ནའང་། ད་དུང་མིག་ནས་མཆི་མ་བཞུར་བཞིན་མོ་རང་རབ་བྱུང་བསྒྲུབ་རྒྱུའི་ཐུགས་རེ་དང་བཅས། གང་དུ་སངས་རྒྱས་བཅོམ་ལྡན་འདས་བཞུགས་སའི་ཚོགས་ཁང་ཕྱི་ནས་ཡར་ལངས་ཏེ་བཞུགས།

྾ཉན་ཐོས་ཀུན་དགའ་བོས་སྐྱེ་དགུའི་བདག་མོའི་གནས་སྟངས་དེ་མཐོང་ནས་ཧང་སང་བར་གྱུར་ཏེ་ན་རེ། སྐྱེ་དགུའི་བདག་མོ། ཁྱེད་ཅིའི་ཕྱིར་གནས་སྟངས་འདི་འདྲའི་སྒོ་ནས་ཡར་ལངས་པ་ཡིན། ཞེས་དྲིས་པར་སྐྱེ་དགུའི་བདག་མོ་ན་རེ། ཀུན་དགའ་བོ། གང་ལགས་ཞུ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བུད་མེད་རྣམས་བཙུན་མ་བྱེད་རྒྱུའི་ཞལ་བཞེས་གནང་གི་མི་འདུག་ཅེས་ཞུས་པར། ཉན་ཐོས་ཀུན་དགའ་བོས། འོ་ན་ཁྱེད་ཀྱིས་འཁྱུག་ཙམ་རིང་འདི་རུ་སྒུག་སྡོད་དང་། གནས་ཚུལ་འདིའི་སྐོར་ལ་ཁོ་བོས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བ་ཞིག་ཕུལ་ཆོག ཅེས་གསུངས།

ཉན་ཐོས་ཀུན་དགའ་བོས་སངས་རྒྱས་བཅོམ་ལྡན་འདས་ལ། སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བར་ཞུ། ཞེས་ཐེངས་གསུམ་གྱི་བར་དུ་ཞུ་བ་ཕུལ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐེངས་རེ་རེ་བཞིན་ཞལ་གྱིས་མ་བཞེས། དེར་བརྟེན་ཉན་ཐོས་ཀུན་དགའ་བོས་གུས་ཞབས་ཆེན་པོ་དང་བཅས་ཏེ་ཐབས་ཚུལ་གཞན་པ་ཞིག་གི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་འདི་ལྟར། ཀྱེ། བདག་ཉིད་ཆེན་པོ་ལགས། བུད་མེད་རྣམས་རབ་ཏུ་བྱུང་སྟེ་བཙུན་མ་བྱས་ན་ཁོང་ཚོས་འབྲས་བུ་གང་ཡང་རུང་བའི་ཉམས་རྟོགས་མངོན་དུ་བྱེད་ཐུབ་བམ། ཞེས་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ། བུད་མེད་རྣམས་ཀྱིས་ཀྱང་ཉམས་རྟོགས་མངོན་དུ་བྱེད་ཐུབ་པ་ཡིན་ཞེས་གསུངས་པས། ཉན་ཐོས་ཀུན་དགའ་བོ་སངས་རྒྱས་ཀྱི་བཀའ་ལན་དེ་ཡིས་ཡིད་ལ་སྤོབས་པ་རྒྱས་ཏེ་ན་རེ། བདག་ཉིད་ཆེན་པོ་ལགས། གལ་སྲིད་དེ་འདྲ་ཡིན་ན་བུད་མེད་རྣམས་རབ་ཏུ་བྱུང་ན་དགེ་མཚན་ཆེ་བ་མི་འདུག་གམ། ཞེས་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨྲས་པ། ཀུན་དགའ་བོ། གལ་སྲིད་སྐྱེ་དགུའི་བདག་མོས་ལྕི་བའི་ཆོས་བརྒྱད་དང་དུ་བླངས་ཏེ་བརྩི་སྲུང་བྱེད་ཐུབ་ཚེ་རབ་ཏུ་བྱུང་ན་ཡང་མི་འགྲིག་པ་མེད། ཅེས་བཀའ་བསྩལ།

དེ་ནས་ཉན་ཐོས་ཀུན་དགའ་བོས་སྐྱེ་དགུའི་བདག་མོ་ལ་ལྕི་བའི་ཆོས་བརྒྱད་བརྩི་སྲུང་དགོས་པའི་སྐོར་གསུངས་པར། མོ་རང་གིས་དགའ་ཞིང་གུས་པའི་སྒོ་ནས་ལྕི་བའི་ཆོས་བརྒྱད་ལ་བརྩི་སྲུང་བྱེད་པའི་ཁས་ལེན་དམ་བཅའ་ཞུས་པས་མོ་རང་རང་བཞིན་གྱིས་བཙུན་མར་གྱུར་པ་རེད།

དེ་ནས་རིང་པོར་མ་ཐོགས་པར་སྐྱེ་དགུའི་བདག་མོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཅིང་། མོའི་འཁོར་དུ་གྱུར་པའི་ཤཱཀྱའི་བུད་མེད་རྣམས་ཀྱང་མོ་དང་ལྷན་རབ་ཏུ་བྱུང་སྟེ་ལམ་ལ་ཚུལ་བཞིན་བསླབས་པས་ཁོང་རྣམས་ཀྱིས་ཀྱང་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། ། ཆོས་ལུགས་གཞན་གྱི་སློབ་དཔོན་དག་གིས་བུད་མེད་རྣམས་ལ་འདི་འདྲ་བའི་ཆོས་ཀྱི་གོ་གནས་ཚད་མཐོ་བོ་ཞིག་གནང་མེད་ནའང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲིག་ཁྲིམས་དང་བཅས་པའི་བཙུན་མའི་སྡེ་གསར་དུ་བཙུགས་ཏེ། བུད་མེད་རྣམས་ལ་འདི་འདྲ་བའི་ཆོས་ཀྱི་གོ་གནས་ཤིག་སྤྲད་པ་ནི་འཛམ་གླིང་འདིའི་ཐོག་གི་ཆེས་ཐོག་མ་དེ་ཡིན་ནོ། །