སྐྱིད་སྦུག་དགོན།

ཡོང་ཁུངས་Wikipedia


མཚན་རྒྱས་པར། མྱང་སྟོད་སྐྱིད་སྦུག་དགོན་ཞེས་ཞུ། འབྲོང་རྩེ་དགོན་ནས་སྤྱི་ལེ་༥ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་འབྲོང་རྩེ་ཟམ་སྣེར་འབྱོར། དེ་ནས་སྤྱི་ལེ་༡༠ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་མྱང་ཆུའི་བྱང་ངོས་སུ་སོང་ན་དབྱར་དཔེ་གྲོང་ཞེས་པའི་རི་རྒྱབ་ཏུ་དགོན་དེ་མཇལ་བ་ཡིན། གནས་དེར་ཐོག་མར་དགོན་གནས་ཆུང་ངུ་ཞིག་ཡོད་པ་ལ་དེ་རྗེས་བདེ་ཆེན་ཆོས་འཁོར་གྱི་ཡོངས་འཛིན་ངག་དབང་བཟང་པོའི་སློབ་མ་རྗེ་བཙན་ཤེས་རབ་འབྲུག་རྒྱལ་གྱིས་དགོན་དེ་སྐྱོང་གནང་མཛད། དེའང་ངག་དབང་བཟང་པོ་ཐོག་མར་ཐེག་མཆོག་གླིང་དུ་ཕེབས། དེ་ནས་དགོན་གནས་དེར་ཕེབས་སྐབས་ང་ཚོའི་དགོན་ཆུང་འདིར་བླ་མ་ཞིག་གནང་བར་ཞུ་ཞེས་ཞུས་པས་ཁྱེད་ཚོའི་བླ་མ་ད་ལྟ་སླེབས་མ་སོང་ཞེས་གསུངས། དེ་ནས་རྒྱལ་རྩེ་རྩེ་ཆེན་དུ་ཕེབས་པའི་སྐབས་རྗེ་བཙུན་ཤེས་རབ་འབྲུག་རྒྱལ་ལུག་རྫི་ཡིན་པ་ལ་ཡོངས་འཛིན་ལ་བཅོས་མ་མིན་པའི་དད་པ་སྐྱེད་དེ་མཇལ་བར་ཕེབས་པས། ཡོངས་འཛིན་མཇལ་མ་ཐག་ཡོངས་འཛིན་གྱིས་སྐྱིད་སྦུག་པར་ཁྱེད་ཚོའི་བླ་མ་འདི་ཡིན། “ཕྱི་ནས་བལྟས་ན་སྤྲང་འདྲ་ལ། ནང་དུ་རྡོ་རྗེ་འཆང་དངོས་ཡིན།” ད་ཁྱེད་རང་སྐྱིད་སྦུག་གི་བླ་མར་སོང་ཞིག་ཞེས་གསུངས་ཏེ་སྐུ་གཟན་ཞིག་གནང་། རྗེ་བཙུན་གྱིས་ནང་དུ་པགས་ཚག་ཞིག་བཞེས། དེའི་སྟེང་དུ་སྐུ་གཟན་དེ་བཞེས་ཏེ་ལོ་གསུམ་བཞུགས། ལོ་གསུམ་སོང་མཚམས་འབྲོང་རྩེ་སྡེ་པས་ཡོངས་འཛིན་གདན་དྲངས་པས་རྗེ་བཙུན་དང་མཇལ། ཡོངས་འཛིན་གྱིས་ད་ནས་བཟུང་ཁྱེད་ཚོའི་བླ་མ་ང་མི་དགོཔས་པར་རྗེ་བཙུན་གྱིས་གནང་བས་ཆོག་ཅེས་གསུངས་ཏེ་གྲྭ་ཆས་ཆ་ཚང་གནང་། སྡེ་པས་སྦྱིན་བདག་མཛད་དེ་སྐྱིད་སྦུག་དགོན་རྒྱས་བསྐྲུན་མཛད་པ་བཅས་སོ། སྔར་འདུ་ཁང་ཀ་བ་༡༢ཀྱི་གཙང་ཁང་སྦུག་མར་གདུང་རྟེན་དང་གསེར་ཟངས་ཀྱི་ཚེ་དཔག་མེད་མི་ཚད་ལྷག་དང་བསྟན་འགྱུར། ཡང་སྟེང་བླ་མ་ལྷ་ཁང་ནང་རྗེ་བཙུན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་དང་ཤར་ལི་ལས་གྲུབ་པའི་གཙང་པ་རྒྱ་རས་ཀྱི་སྐུ་བརྙན། འདུ་ཁང་གྱི་གཡས་ངོས་བླ་བྲང་ནང་ལའང་ཤར་ལི་སོགས་ཀྱི་སྐུ་བརྙན་ཇི་སྙེད་བཅས་བཞུགས། སྔོན་དགེ་འདུན་༧༠ཙམ་གྱིས་བདེ་ཆེན་ཆོས་འཁོར་ལྟར་ཕྱག་ལེན་མཛད་པ་ཡིན། གཞིས་རྩེ་བསམ་གྲུབ་ཆོས་སྡིང་དང་དགོན་དེ་རེས་མོས་ཀྱིས་ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོའི་ཟླ་༡༡ནང་ཞ་ལུ་མ་ཧེ་མཆོད་པ་ཞེས་རྩ་རླུང་ལ་རང་དབང་ཐོབ་པའི་སྒྲུབ་རྟགས་སྟོན་གནང་དགོས་པ་ཡིན། ༼འདི་སྐོར་ཞིབ་ཕྲ་ཞ་ལུའི་གནས་བཤད་གསལ་བས་གཟིགས་༽

ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།