སྐུང་ཡིག

ཡོང་ཁུངས་Wikipedia

སྐུང་ཡིག མིང་ཚིག་ཐ་སྙད་སྐུང་ནས་འབྲི་སྟངས་ཤིག བོད་ཀྱི་རྒྱུན་སྤྱོད་བྲིས་མའི་ཡིག་རིགས་ལ་ཁྱབ་ཆེ་ཞིང་། འབྲི་སླ་བ་དང་ཤོག་བུ་གྲོན་ཆུང་གི་ཆེད་དུ་དེ་ལྟར་འབྲི་བ་ཡིན། དཔེར་ན། སངས་རྒྱས་ལ་སརྒྱས་འབྲི་བ་དང་། བཀྲ་ཤིས་ལ། བཀྲས་འབྲི་བ། དཔལ་ལྡན་ལ་དཔལྡན་འབྲི་བ་ལྟ་བུའོ། སྐུང་ཡིག་ནི། སྐད་ཡིག་གི་གཟུགས་དང་སྒྲ་སྟབས་བདེ་དང་མྱུར་ཐབས་སུ་བཀོལ་བའི་རྣམ་པ་ལ་ཟེར། གོ་དོན་གྱི་ཆ་ནས། རྒྱ་ཆེ་ཆུང་གཉིས་ཡོད། གོ་དོན་རྒྱ་ཆུང་བ་ནི་སྲོལ་རྒྱུན་དཔེ་ཆ་ལག་བྲིས་བྱེད་སྐབས་ཤོག་བུ་འགྲོ་སོང་དང་ཡི་གེའི་ཐུང་ཐབས་སུ་ཡིག་འབྲུའི་ཆ་ཤས་སྐུང་བ་ཟེར། གོ་དོན་ཆེ་ས་ནས་ཡིག་གཟུགས་དང་སྒྲ་གདངས་གཉིས་ལ་བཞིག་ནས་འགྲེལ་དགོས་པ་ཡིན། དེ་ནི་དེང་སང་མྱུར་འགོད་པའི་ཆེད་ལས་ལ་དགོས་ངེས་ཀྱི་ཤེས་བྱ་ཡིན། དེ་ཡང་བོད། རྒྱ། ཨིན་གསུམ་ཆར་ཀྱི་སྐད་ཡིག་ལ་སྐུང་ཡིག་ཟེར་བ་ཡོད་པ་ཡིན། སྐུང་ཡིག་ནི་སྐད་ཡིག་རིགས་གང་ཞིག་སྤྱི་ཚོགས་འཚོ་བ་དང་ཐོན་སྐྱེད་ཁྲོད་མི་རྣམས་ཀྱིས་བྱང་ཆ་ལྡན་པར་ཕན་ཚུན་བརྡ་སྤྲོད་བྱེད་དུ་བཀོལ་ཐུབ་སྐབས་ད་གཟོད་བེད་སྤྱོད་རྒྱ་ཆེ་པོར་འགྲོ་བ་དང་། དེ་ལས་ཟློག་སྟེ། སྐད་ཡིག་རིགས་གང་ཞིག་རང་གི་ཕ་སྐད་ཡིན་པའི་མི་མང་མོས་བེད་སྤྱོད་ཐུབ་ཀྱི་མེད་ན་ཐོག་མར་ཉམས་སྲིད་པའི་ཡིག་རིགས་དེའི་ཆ་ཤས་ཙམ་མོ།། དེ་ལ་དབྱེ་ན། གཟུགས་སྐུང་ཡོད་ལ་སྒྲ་མ་སྐུང་བ། དཔེར་ན། སརྒྱས།༼སངས་རྒྱས།༽ བདཻཊ།༼བདེ་ལེགས།༽ ཡཻས།༼ཡེ་ཤེས།༽ དལྡན།༼དཔལ་ལྡན།༽ ལྟ་བུ། གཟུགས་སྐུང་ཡོད་ལ་སྒྲ་ཡང་སྐུང་ཡོད་པ། དཔེར་ན། དགེན།༼དགེ་རྒན།༽ ཡིག༼ཡི་གེ༽ སྦུག༼སྦུ་གུ༽ མོང་།༼མ་ཡོང་།༽ ལྟ་བུ།། གཟུགས་སྐུང་མེད་ལ་སྒྲ་སྐུང་སྲིད་པ། དཔེར་ན། བཀྲ་ཤིས་དོན་འགྲུབ་༼བཀྲ་དོན།༽ རྣམ་པར་སྣང་མཛད།༼རྣམ་སྣང་།༽ མི་དམངས་སྲིད་གཞུང་།༼དམངས་གཞུང་།༽ ལྟ་བུ།