སྐུ་གསུམ་གསོལ་འདེབས་ཀློང་ཡངས་རང་གྲོལ་

ཡོང་ཁུངས་Wikipedia

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་གསོལ་འདེབས་ཀློང་ཡངས་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་ཀློང་ཡངས་ནས༔ ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ མ་བཅོས་ཀློང་ཡངས་ངང་ནས་གསོལ་བ་འདེབས༔ ཀ་དག་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ མ་བཅོས་ཆོས་དབྱིངས་ལྷུན་གྲུབ་ཀློང་ཡངས་ནས༔ ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང་ཆེན་ལ༔ སྐྱེ་འགགས་དབྱེར་མེད་ངང་ནས་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ འགག་མེད་གསལ་དག་ཐིག་ལེའི་ཀློང་ཡངས་ནས༔ ཆོས་སྐུའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ༔ རིག་སྟོང་དབྱེར་མེད་ངང་ནས་གསོལ་བ་འདེབས༔ སྣང་སྟོང་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ རང་སྣང་བཀོད་པ་ལྷུན་གྲུབ་ཀློང་ཡངས་ནས༔ ལོངས་སྐུའི་ཆོས་སྐུ་རྣམ་སྣང་གངས་ཆེན་ལ༔ སྣང་སྟོང་དབྱེར་མེེད་ངང་ནས་གསོལ་བ་འདེབས༔ དག་སྣང་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ གསལ་དག་ལྷུན་གྲུབ་བདེ་ཆེན་ཀློང་ཡངས་ནས༔ ལོངས་སྐུའི་ལོངས་སྐུ་རིགས་ལྔའི་སངས་རྒྱས་ལ༔ གསལ་སྟོང་དབྱེར་མེད་ངང་ནས་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ ཡང་དག་རང་སྣང་ཡེ་ཤེས་ཀློང་ཡངས་ནས༔ ལོངས་སྐུའི་སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ལ༔ གྲགས་སྟོང་དབྱེར་མེད་ངང་ནས་གསོལ་བ་འདེབས༔ ཡེ་གྲོལ་ཀློང་ཡངས་ངང་ནས་བྱིན་གྱིས་རློབས༔ རང་སྣང་ཡེ་ཤེས་འོད་གསལ་ཀློང་ཡངས་ནས༔ སྤྲུལ་སྐུའི་ཆོས་སྐུ་རྡོ་རྗེ་སེམས་དཔའ་ལ༔ དྲན་སྟོང་དབྱེར་མེད་ངང་ནས་གསོལ་བ་འདེབས༔ ཤར་གྲོལ་ཀློང་ཡངས་ངང་ནས་བྱིན་གྱིས་རློབས༔ རང་སྣང་སྤྲོས་བྲལ་ལྷུན་གྲུབ་ཀློང་ཡངས་ནས༔ སྤྲུལ་སྐུའི་ལོངས་སྐུ་རིགས་གསུམ་མགོན་པོ་ལ༔ རང་གྲོལ་ལྷུན་གྲུབ་ངང་ནས་གསོལ་བ་འདེབས༔ མཁྱེན་བརྩེ་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ རང་སྣང་འགགས་མེད་སྣ་ཚོགས་ཀློང་ཡངས་ནས༔ སྤྲུལ་སྐུའི་སྤྲུལ་སྐུ་ཐུབ་ཆེན་དྲུག་པོ་ལ༔ རྟོག་ཚོགས་རང་གྲོལ་ངང་ནས་གསོལ་བ་འདེབས༔ སྣ་ཚོགས་རང་གྲོལ་ངང་ནས་བྱིན་གྱིས་རློབས༔ དྲི་མེད་པདྨ་འོད་ཀྱི་ཀློང་ཡངས་ནས༔ རྫུས་སྐྱེས་སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ ཟུང་འཇུག་བདེ་ཆེན་ངང་ནས་གསོལ་བ་འདེབས༔ མཛད་པ་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ བདེ་ཆེན་ཡེ་ཤེས་ལྷུན་གྲུབ་ཀློང་ཡངས་ནས༔ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ ཐབས་ཤེས་དབྱེར་མེད་ངང་ནས་གསོལ་བ་འདེབས༔ དག་སྣང་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ རང་རིག་ཡེ་ཤེས་ཐུགས་གཏེར་ཀློང་ཡངས་ནས༔ གཏེར་སྟོན་སྤྲུལ་སྐུ་བརྒྱུད་པའི་བླ་མ་ལ༔ མོས་གུས་གདུང་བའི་ངང་ནས་གསོལ་བ་འདེབས༔ འགག་མེད་ཐུགས་རྗེའི་ངང་ནས་བྱིན་གྱིས་རློབས༔ ཆོས་དབྱིངས་མཁའ་ལྟར་དག་པའི་ཀློང་ཡངས་ནས༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལ༔ དམིགས་མེད་ཁྱབ་བརྡལ་ངང་ནས་གསོལ་བ་འདེབས༔ རང་རིག་རང་གྲོལ་ཀློང་ནས་བྱིན་གྱིས་རློབས༔ རང་སྣང་དག་པ་ཀུན་གཞིའི་ཀློང་ཡངས་ནས༔ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ༔ དད་མོས་དྲག་པོའི་ངང་ནས་གསོལ་བ་འདེབས༔ རང་སེམས་ཆོས་སྐུའི་ཀློང་ནས་བྱིན་གྱིས་རློབས༔ མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་གསུམ༔ ཆོས་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ ཁྱབ་གདལ་ཀློང་ཡངས་ངང་ནས་བྱིན་གྱིས་རློབས༔ ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་གསུམ༔ ལོངས་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ བསྐྱེད་རྫོགས་དབྱེར་མེད་ངང་ནས་བྱིན་གྱིས་རློབས༔ འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ༔ སྤྲུལ་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ འགྲོ་དོན་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ ཐེག་དགུའི་དགོངས་པ་རྟོགས་པར་ཐུགས་རྗེས་ཟུངས༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་ཏེ༔ ཆོས་སྐུའི་འཁོར་ཚོགས་རྣམས་ལ་གསོལ་བ་འདེབས༔ འཁོར་ཚོགས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ ས་བཅུའི་བྱང་ཆུབ་སེམས་དཔའ་དཔག་མེད་དེ༔ ལོངས་སྐུའི་འཁོར་ཚོགས་རྣམས་ལ་གསོལ་བ་འདེབས༔ འཁོར་ཚོགས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ བྱང་སེམས་ཉན་ཐོས་སྡེ་བཞི་ལ་སོགས་པ༔ སྤྲུལ་སྐུའི་འཁོར་ཚོགས་རྣམས་ལ་གསོལ་བ་འདེབས༔ འཁོར་ཚོགས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ མ་སྤངས་ཡོངས་རྫོགས་སྐྱེ་མེད་སྤྲོས་དང་བྲལ༔ ཆོས་སྐུའི་ཐུགས་དགོངས་རྟོགས་པར་བྱིན་གྱིས་རློབས༔ སྣ་ཚོགས་མི་གཉིས་གསལ་སྟོང་རང་བཞིན་མེད༔ ལོངས་སྐུའི་ཐུགས་དགོངས་རྟོགས་པར་བྱིན་གྱིས་རློབས༔ དྲི་མེད་སེང་གེ་དཔའ་བར་འགྲོ་ལ་སོགས༔ སྤྲུལ་སྐུའི་ཐུགས་དགོངས་རྟོགས་པར་བྱིན་གྱིས་རློབས༔ ཞིང་ཁམས་འཇིག་རྟེན་ནམ་མཁས་གར་ཁྱབ་པར༔ ཆོས་སྐུའི་གདུལ་བྱ་བདག་གིས་ཐོབ་པར་ཤོག༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་ཞིང་༔ ལོངས་སྐུའི་གདུལ་བྱ་བདག་གིས་ཐོབ་པར་ཤོག༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་རུ༔ གང་ལ་གང་འདུལ་སྤྲུལ་ནས་དོན་བྱེད་པའི༔ སྤྲུལ་སྐུའི་གདུལ་བྱ་བདག་གིས་ཐོབ་པར་ཤོག༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ སྐུ་གསུམ་གསོལ་འདེབས་ཀློང་ཡངས་རང་གྲོལ་ཞེས་བྱ་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔ ཀརྨ་གླིང་པའི་གཏེར་མའོ༔