སྐུ་གཟུགས་བཞེངས་པའི་ཕན་ཡོན།

ཡོང་ཁུངས་Wikipedia

༄༅།།སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་དང་དེར་ཕྱག་མཆོད་བྱས་པའི་ཕན་ཡོད།





རབ་དཀར་དགེ་ཚོགས་ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་པའི་མཛེས་སྔུག་སྐུ། རབ་སྙན་ཚངས་དབྱངས་དབྱངས་ཀྱི་ཡན་ལག་ཞིང་ཁམས་ཀུན་ཏུ་ཁྱབ་པའི་གསུང་། རབ་འབྱམས་ཆོས་ཀུན་ཀུན་ནས་མཁྱེན་ཅིང་ཐུགས་རྗེས་གཞན་དབང་སྒྱུར་པའི་ཐུགས། རབ་མང་མ་ལུས་ལུས་ཅན་གཉེན་གཅིག་ཟས་གཙང་སྲས་པོར་གུས་ཕྱག་འཚལ། །ཞེས་མཆོད་པར་བརྗོད་པའི་སྙན་ཚིག་གིས་མདུན་བསུས་ཏེ་སྐབས་སུ་གླེང་བར་བྱ་ནི། ཇི་སྐད་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེས་སྐུ་གཟུགས་ཤིང་ལས་ཀྱང་།གྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད།དེ་བཞིན་བགག་གི་སྙན་གང་འདི་ངན་ཡང་།དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི།ཞེས་གསུངས་པ་ལྟར་བདེ་བར་གཤེགས་པའི་སྐུ་གཟུགས་རྒྱུ་བཟང་ཞན་ཇི་འདྲ་ཞིག་ལས་གྲུབ་པ་ཡིན་རུང་བཀའ་དང་བསྟན་བཅོས་ནས་གསུང་བའི་སྐུའི་ཐིག་ཚད་གཞིར་བཟུང་ཚུལ་བཞིན་བཞེངས་ན་ཕན་ཡོན་མཐའ་ཡས་པ་འབྱུང་ཚུལ་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཅུང་ཟད་དྲངས་ཏེ་འཆད་པར་བྱ་བ་ལ། དང་པོ། སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པའི་ཕན་ཡོན་དམ་ཆོས་པད་མ་དཀར་པོའི་མདོ་ལས། ལ་ལས་འདི་ན་རིང་ཆེན་སྣ་བདུན་དང་།ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར།རོ་ཉེ་དང་ནི་ལྩགས་སམ་ས་ཡར་རུང་། བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། བལྟ་ན་སྔུག་པ་འཇིམ་པ་ལས་བྱེད་བཅུག

དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། ཞེས་བདེ་བར་གཤེགས་བའི་སྐུ་གཟུགས་ནི་རིན་ཆེན་སྣ་བདུན་དང་ཟངས་དང་འཁར་བ་སོགས་ལས་འབུར་དུ་བཞེངས་པ་དང་། རྩིག་པའི་ངོས་དང་གཞི་སོགས་ལ་རི་མོ་རང་གིས་བྲིས་སམ། གཞན་ལ་འབྲིར་བཅུག་པ་ཐམས་ཅད་ཀྱིས་རྒྱུ་དེ་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་པར་གསུངས་ཤིང་། གསལ་རྒྱལ་ཀྱིས་ཞུས་པའི་མདོ་ལས། འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། གཟུགས་དང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། དེ་ནི་དབང་པོ་སྦས་དང་ཉི་མའི་འོད། འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་དག དེ་ཡི་ལུས་ནི་དྲི་མ་མེད་པ་དང་། ནད་དང་འཇིག་རྟེན་མྱ་ངན་སྡུག་བསྔལ་བྲལ། པད་མའི་རང་བཞིན་འཇམ་དང་ཡང་བར་འགྱུར། འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་གང་། བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། ལས་བྱེད་མ་ཡིན་སྐྱེ་བ་དམན་པར་མིན། དབང་པོ་མ་ཚང་མིན་ཏེ་སྐྱེས་མཆོག་འགྱུར། ཞེས་སྐུ་གཟུགས་བཞེངས་པས་གནས་སྐབས་ཀྱི་འབྲས་བུ་གཟུགས་བཟང་བ།དབང་པོ་དུལ་བ། འོད་གསལ་བ། གཞན་གྱིས་མཐོང་ན་དགའ་བར་འགྱུར་བ། ལུས་ལ་དྲི། ད་དང་འཇིག་པ་དང་། མྱ་ངན་དང་། སྡུག་བསྔལ་དང་བྲལ་ཞིང་། པད་མ་ལྟར་འཇམ་ཞིང་ཡང་བ། སྐྱེ་བ་ཀུན་ཏུ་བྲན་དང་། དབུལ་པོ་དང་། གླང་རྔན་ལ་བལྟས་དེ་ལས་བྱེད་པ་དང་སྐྱི་བ་དམན་བུད་མེད་དང་།དབང་པོ་མ་ཚང་བ་རྣམས་སུ་མི་འགྱུར་ཞིང་། དེ་ལས་ལྡོག་པའི་སྐྱེས་བུ་མཆོག་ཏུ་འགྱུར་བར་བཤད་པ་དང་། གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི།སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ།གཟུགས་དང་གཟུགས་མེད་ཁམས་ཀྱི་ཏེང་ངེ་འཛིན།ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། མཐའ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ།ཅེས་སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་བཞེངས་པ་པོ་དེ་ལ་སྐའམ་མཆོད་རྟེན་དེ་ལ་རྡུལ་ཕྲན་ཅི་ཡོད་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་འཐོབ་པ་དང་།གཟུགས་དང་གཟུགས་མེད་ཀྱི་ཏིང་ངེ་འཇིན་སོགས་འདས་མ་འདས་ཀྱི་ས་ལམ་ཀུན་ཐོབ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་པར་གསུངས། མདོ་ཕྲན་པ་ཉེར་བཞག་ལས། རྟེན་དང་བརྟེན་པ་ལེགས་བསྐྲུན་དང་། དགེ་འདུན་གནས་མལ་བཅའ་བ་སོགས། དགེ་ནས་དགེ་བར་རྟག་ཏུ་འགྱུར། བསྐལ་པ་བྱེ་བ་སྟོང་དུ་ཡང་། དགེ་བ་ཡོངས་སུ་ཆུད་མི་ཟ། ཞེས་དང་། འཇམ་དཔལ་རྩ་བརྒྱུད་ལས། རྐང་གཉིས་དམ་པ་སྟོན་པ་ཡིན། སྐུ་གཟུགས་མཆོད་རྟེན་དག་ཀྱང་བྱ། ཞེས་པ་དང་། གཙུགས་ལག་ཁང་གསར་དུ་བསྐྲུན་པ་དང་། ཉམས་པ་གསོ་བའི་ཕན་ཡོན་ནི། མདོ་ལས།བདུན་གང་ཞེ་ན།སྐུལ་བྱེད་འདི་ནི་དད་པའི་རིགས་ཀྱི་བུའམ་བུ་མོ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་རྭ་བ་འབུལ་བར་བྱེད་དེ།སྐུལ་བྱེད་དེ་ནི་རྫས་ལས་བྱུང་བའི་བསོད་རྣམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ། གཟི་བརྗིད་ཆེ་བ། རྒྱ་ཆེ་བ་དང་པོ་ཡིན་ཏེ།དེ་དང་ལྡན་པའི་དང་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་རྒྱུ་ཡང་རུང་འདུག་ཀྱང་རུང་།ཉལ་ཡང་རུང་། མི་ཉལ་ཡང་རུང་སྟེ་རྟག་ཏུ་རྒྱུན་མི་ཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་ཞིང་། བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ། ཞེས་བྱུང་བ་དང་གཞན་ཡང་།འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ལས། འདི་ལྟ་སྟེ། གསེར་གྱི་རང་བཞིན་དང་། དངུལ་གྱི་རང་བཞིན་དང་། ཞེས་པ་ནས། སྣ་ཚོགས་པའི་རང་བཞིན་དང་། རུས་པའི་རང་བཞིན་དང་། ས་ལ་སྐུ་གཟུགས་སམ་རྟེན་བཞེངས་སུ་གསོལ་ཞིང་།ཐ་ན་སོར་མོ་ཙམ་གི་སྐུའམ་མཆོད་རྟེན་བཞེངས་སུ་གསོལ་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པ་རྗོགས་པའི་སངས་རྒྱས་བྱམས་པའི་གསུང་རབ་ལ་མིའི་འཐོབ་པ་རབ་ཏུ་ཐོབ་ནས་འདུས་པ་དང་པོ་ལ་དང་པ་དང་དད་པ་དང་ལྡན་པས་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་བགོས་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའོ། ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས་གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། རས་འབྲི་རྩིག་ངོས་འབྲིའམ་གསེར་ལས་བྱས། དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། དེ་དག་མ་ལུས་རབ་ཏུ་བསྟན་གྱི་ཉོན། དེ་ནི་ལྟ་མིན་ལོང་བར་ཞར་མི་འགྱུར། སྒུར་པོར་མི་འགྱུར་ཨན་ལག་མི་སྡུག་མིན། དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར་། ལུས་ནི་རྣམ་པར་དག་ཅིང་ཁྱད་པར་ཐོབ། སྤོབས་པ་ཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར།ཞེས་དང་།བདེ་མཆོག་སྡོམ་འབྱུང་ལས་སྔགས་པ་ལས་ནི་དང་པོ་པས།གཟུགས་བརྙན་ལ་སོགས་བྱུང་བ་སྟེ་།བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། དངོས་གྲུབ་རྒྱ་ཆེན་འཐོབ་པར་འགྱུར། ཞེས་དང་། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་གསེར་དག་དང་ནི་དངུལ་དག་དང་། ཙཎྜ་གྱིས་ནི་སྐུ་གཟུགས་བཟང་པོ་དག། མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་བགྱིས། རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང་། ཤིང་དང་རི་མོར་བྲིས་པའི་སྐུ་གཟུགས་དག། ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པར་བགྱིས། རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ།ཅེས་མྱུར་བར་ཡང་དག་པའི་ལམ་བཟང་མངོན་དུ་འགྱུར་བར་གསུངས་པ་དང་།གཞན་ཡང་མདོ་སྡེ་པད་མ་དཀར་པོ།དེ་བཞིན་གཤིགས་པའི་གཟུགས་བརྙན་བཞེངས་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་པའི་ཆོས་ཀྱི་རྣམ་གྲངས། གསལ་རྒྱལ་ལ་གདམས་པའི་མདོ། སྙིང་རྗེས་པད་དཀར། དོན་རྣམ་པར་ངེས་པའི་མདོ་རྒྱུད་བླ་མ་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་སངས་རྒྱས་སྐུ་གཟུགས་བཞེངས་པས་ངན་སོང་གསུམ་སོགས་མི་ཁོམ་པའི་གནས་སུ་གཏན་ནས་མི་སྐྱེ་བ་དང་། བྲན་དང་དབུལ་བོར་མི་འགྱུར་བ་དང་། དབང་པོ་ཉམས་པ་དང་། ནད་དང་མྱ་ངན་ཅན་དུ་མི་སྐྱེ་བ་དང་གཟུགས་བཟང་ཞེང་སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པ་འཐོབ་པ་དང་།སངས་རྒྱས་ཀྱི་སྤྱན་སྔར་པད་མ་ལས་རྫུས་ཏེ་སྐྱེ་བ་དང་སྡིག་མཁན་དུ་མི་འགྱུར་བར་བྱམས་པའི་སེམས་ཀྱིས་གཞན་ཕན་ལ་གཞོལ་བ་དང་།སྐུ་གཟུགས་ལ་རྡུལ་ཕྲན་ཇི་སྙེད་ཡོད་པ་གྲངས་དང་མཉམ་པའི་ལྷ་དང་མི་རྣམས་ཀྱི་རྒྱལ་པོར་སྐྱེ་བ་དང་གཟུགས་དང་གཟུགས་མེད་ཀྱི་སྙོམས་འཇུག་འཐོབ་པ་དང་།མཐར་མངོན་པར་རྫོགས་པར་འཚང་རྒྱ་བ་སོགས་གནས་སྐབས་དང་།མཐར་ཐུག་གི་ཕན་ཡོན་མཐའ་ཡས་པ་འབྱུང་བར་གསུང་པ་རྣམས་ལ་ཡིད་གཉིས་མེད་པའི་དད་གུས་རྩེ་གཅིག་བསྐྱེད་དེ་གཏན་བདེའི་ལོ་ཏོག་བསྒྲུབ་པའི་ཕྱིར་རྟེན་བཞེངས་པ་སོགས་སྒོ་དུ་མ་ནས་རྣམ་དཀར་ས་བོན་གདབ་པ་ལ་འབད་པར་བྱའོ།

     གཉིས་པ། སྐུ་གཟུགས་ལ་ཕྱག་མཆོད་བྱས་པའི་ཙན་ཡོན། དམ་ཆོས་པད་དཀར་ལས། དེ་བཞིན་གཤེཊ་པ་རྣམས་ཀྱི་རིང་འསྲེལ་དང་། འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་།རྩིག་ངོ་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང་། དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག བྱང་ཆུབ་མཆོག་རབ་མཆོད་པ་བྱ་བའི་ཕྱིར། གང་ཞིང་རྔ་ཆེན་རབ་ཏུ་རྔུང་བྱེད་ཅིང་། པི་ཝང་དག་ནི་ཕེག་དང་འཁར་ཆེན་རྔ་། རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། ཨ་གོས་ན་དང་རབ་ཏུ་སྙན་འབྱིན་པ། དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། དེ་བཞིན་གཤེགས་པ་མཆོད་བྱས་ན། གཟུགས་དང་དོན་ལྡན་ལོངས་སྤྱོད་དང་། ཁ་དོག་དང་ནི་འབྱོར་པ་དང་། ཀུན་ཏུ་གྲགས་དང་ལྡན་པར་འགྱུར། ཞེས་དང་ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས།འགྲོ་བའི་སྡུག་བསྔལ་རྣམ་པར་སེལ་མཛད་པ།མཉམ་མེད་ཁྱོད་ལ་མཆོད་དང་མཐོང་བ་དང་།ཐོས་པ་དེ་དག་འབྲས་བུ་མཆིས་ལགས་ཏེ། གནས་མཆོག་རྒ་ཤི་མེད་པ་འཐོབ་པར་འགྱུར། ཞེས་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལས།ཀུན་དགའ་བོ་གང་དག་ཁ་ཅིག་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན།དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི།ཀུན་དགའ་བོ་གལ་ཏེ་སེམས་ཅན་འགའ་ཞིག་བསྐལ་པ་གཅིག་ཏུ་འཁོར་བ་ཇི་སྲིད་བར་ཀུན་ཏུ་རྒྱུག་ཅིང་འཁོར་ཡང་།འཁོར་བའི་སྔོན་གྱི་འཐའ་མི་ཤེས་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱ་བའི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེའི་མཐའ་ནི་བརྒྱ་བྱིན་ཉིད་རྣམས་ཀྱིས་རྙེད་པར་སླ་བ་མ་ཡིན་ནོ།ཀུན་དགའ་བོ་གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནས་མཁའ་ལ་འདོར་ནའང་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་འབྲས་བུ་དེའང་མྱ་ངན་ལས་འདས་པ་ཡིན་ཏེ། ཞེས་དང་དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱའི་ཕྱག་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་ཉིད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་།དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས།འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་སངས་རྒྱས་རི་མོར་བྲིས་པའམ་གཟུགས་སུ་བྱས་པ་མཐོང་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད་ན། ཐལ་མོ་སྦྱར་བའམ། མི་ཏོག་གམ། བདུག་པའམ། སྤོས་སམ།མར་མེ་འབུལ་བ་ལྟ་ཅི་སྨོས་ཏེ་དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་བསྐྱེད་དོ།ཞེས་དང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ་ལས།གང་དག་དེ་བཞི་གཤེགས་པ་ལ་མངོན་སུམ་དུ་མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ན་བཟའ་དང་། རྒྱན་རྣམས་ཀྱི་མཆོད་པས་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་དག་གང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ལོ་བརྒྱ་སྟོང་ངམ་བསྐལ་པ་བྱེ་ལོན་ཀྱང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མཚན་ནས་ལན་བདུན་བརྗོད་ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ།མེ་ཏོག་ནམ་མཁའ་ལ་གཏོར་བ་ལྟ་ཞོག་གི་གང་དག་དད་པས་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བསླབ་པ་གཅིག་ཙམ་འཛིན་ཏམ། ཉིན་གཅིག་གམ། མཚན་གཅིག་གམ།ཡུད་ཙམ་ཞེག་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིད་ལ་བྱེད་པར་བརྩོན་ན།དེ་སྡུག་བསྔལ་མཐར་བྱས་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།ཞེས་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་མཁར་འདོར་བ་ལྟ་བུའི་དགེ་རྩ་ཕྲ་མོ་ཞིག་ཡིན་ཡང་ཞིང་གི་མཐུ་ལ་བརྟེན་ནས་བསོད་ནམས་མེད་པར་འགྱུར་ཞིང་།འཁོར་བའི་བདེ་འབྱོར་ཅི་ཙམ་མྱོང་ཡང་འབྲས་བུ་ཟད་པར་མི་ནུས་པས་མི་གནས་པའི་མྱང་འདས་ཀྱི་རྒྱུར་འགྱུར་བ་དང་།དེ་བཞིན་གཤེགས་པ་དང་དེའི་གཟུགས་བརྙན་ལ་མཆོད་པའི་དངོས་པོ་མེ་ཏོག་དང་། དྲི་ཞིམ། ཕྲེང་བ། དྲི་ཆབ།ན་བཟའ།རྒྱན་སོགས་ཡོ་བྱད་སྣ་ཚོགས་ཀྱིས་མངོན་སུམ་དུ་མཆོད་པའི་ཕན་ཡོན་ཆེ་བ་ལྟ་ཅི་སྨོས་མི་དགོས་ཤིང་།དེར་མ་ཟད་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མཚན་ཙམ་བརྗོད་ནའང་སྡུག་བསྔལ་ལས་ཐར་བར་གསུང་པ་དང་། སྤྱན་རས་གཟིགས་ཀྱི་མོད་ལས། སངས་རྒྱས་སྟོབས་བཅུ་དེད་དཔོན་མཐོང་ནས་ནི།དགའ་བའི་སེམས་ཀྱིས་གདུགས་དང་བ་དན་དང་།མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད།བྱང་ཆུབ་སྤྱོད་མཆོག་འདི་ནི་རྟག་པར་སྤྱོད།མི་ཡི་འཇིན་རྟེན་བླ་མར་བསྙེན་བཀུར་བྱེད།ལྷ་ནང་ལྷ་ཡི་བདག་དང་མི་ཡི་གཙོ། ཡིད་འོང་སྤོས་མཛེས་ལྟ་ན་སྡུག་པ་དང་། ནོར་བུ་ཤེལ་འདྲ་སྣ་ཚོགས་དམ་པ་འཐོབ། ཅེས་དང་། ལས་རྣམ་པར་འབྱེད་པའི་མདོ་ལས། ཐལ་མོ་སྦྱར་པ་དང་།   ཕྱག་བདར་བྱས་པ།མེ་ཏོག་དང་མར་མེ་དང་སྤོས་ཕུལ་བ་སོགས་རེ་རེ་ལའང་ཕན་ཡོན་མཅུ་ཕྲག་རེ་འབྱུང་བར་གསུངས་པ་དང་།མདོ་ལས།བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་། དེ་ནི་རིམ་མཞིན་སངས་རྒྱས་བྱེ་བ་མཐོང་།ཞེས་བྱིས་པས་རྩེད་མོའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་རྩིག་ངོས་སུ་བྲིས་པ་ཞིག་ལ་དད་ཅིང་གུས་པས་མཇལ་བ་ལྟ་ཅི་སྨོས།དད་པ་མེད་པ་ཁྲོ་བཞིན་པས་བལྟས་ན་ཡང་།མཐོང་བ་ཙམ་གྱིས་མ་འོངས་པ་ན་སངས་རྒྱས་བྱེ་བ་མང་པོའི་ཞལ་མཇལ་བའི་བག་ཆགས་རྒྱུད་ལ་བསྐྲུན་པ་སོགས་མདོར་ན་མདོ་ལས། ཟླ་བ་སྐར་མར་བཅས་པ་ས་ལ་ལྷུང་འགྱུར་སྲིད། ས་འདི་རི་དང་གྲོང་བཅས་གཞན་དུ་འགྱུར་བ་སྲིད། རི་རྒྱལ་ལྷུན་པོ་མཁའ་ལ་འཕུང་བར་འགྱུར་སྲིད་ཀྱི། རྐང་གཉིས་གཙོ་བོ་གསུང་རྫུན་འགྱུར་བ་སྲིད་མ་ཡིན།    ཞེས་དང་། ཡང་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། འདུ་ཤེས་ཡོད་དང་མེད་པ་ཡི། སེམས་ཅན་ཐམས་ཅད་ཇི་སྙེད་པ། བསྐལ་པ་བྱེ་བ་བརྒྱ་ནང་དུ། ཀུན་གྱིས་མཆོད་པ་བྱས་པ་དང་། རང་སངས་རྒྱས་པ་གང་དག་དང་། ཟག་པ་མེད་པའི་དགྲ་བཅོམ་པ། བསྐལ་པ་བྱེ་བ་བསམ་ཡས་པར། དེ་དག་ཐམས་ཅད་མཆོད་པ་བས། རྫོགས་པའི་སངས་རྒྱས་བཞུགས་པའམ། ཡོངས་སུ་མྱ་ངན་འདས་པ་ལ།   གང་གིས་ཐལ་སྦྱར་གཅིག་བྱས་པ། བསོད་ནམས་འདི་ནི་ཁྱད་པར་འཕགས། ཞེས་སོགས་མདོ་སྡེ་དུ་མར་སྐུ་གཟུགས་བཞེངས་པ་དང་།དེ་དག་ལ་བདུག་སྤོས་དང་མ་མེ་སོགས་མཆོད་པ་དང་།མཐའ་ན་མིག་གིས་ལན་རེ་རེ་མཐོང་བ་ཙམ་གྱིས་ཀྱང་གནས་སྐབས་དང་།མཐར་ཐུག་གི་ཕན་ཡོན་མཐའ་ཡས་པ་ཞིག་ཐོབ་པ་རྒྱལ་བའི་བཀའ་མི་འགྱུར་བས་ཞལ་གྱིས་བཞེས་ཤིང་། བྱམས་པ་ལུང་བསྟན་པའི་མདོ་ལས། ཤྭྭཀྱ་སེངྒེའི་བསྟན་པ་ལ། བསླབ་གཞི་ཡང་དག་བླངས་ནས་ནི། ཇི་ལྟར་གསུངས་བཞིན་རབ་བསྒྲུབ་ན་། ང་ཡི་བསྟན་ལ་ལྷགས་པ་ཡིན། དགེ་འདུན་ལ་ཡང་ཆོས་གོས་དང་། ཞལ་ཟས་དང་ནི་བཏུང་བ་དང་། བསྙུན་སོས་སྣ་ཚོགས་སྦྱིན་པ་རྣམས། ཕུལ་ན་ང་ཡི་བསྟན་ལ་ལྷགས། བཅུ་བཞི་དང་ནི་བཅོ་ལྔ་དང་། དེ་བཞིན་ཟླ་ཕྱེད་ཚེས་བརྒྱད་དང་། ཆོ་འཕྲུལ་གྱི་ནི་ཟླ་བ་ལ། བསྙེན་གནས་ཡན་ལག་བརྒྱད་བསྲུང་ཞིང་། མཆོད་དང་གསོ་སྦྱོང་ལེགས་བྱས་ན། ང་ཡི་བསྙན་ལ་ལྷགས་པ་ཡིན།ཞེས་ཤྭཀྱ་ཐུབ་པའི་བསྟན་པ་འདི་ལ་དགེ་ཚུལ་སློང་དང་བསྙེན་གནས་སྡོམ་པ་སོགས་བླངས་ནས་ཚུལ་བཞིན་སྲུང་བ་དང་།བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་སྤྱི་དང་།ཁྱད་པར་བྱམས་པ་མགོན་པོའི་སྐུ་ལ་སོགས་པར་མཆོད་པ་འབུལ་བ་དང་། དགེ་འདུན་ལ་བསྙེན་བཀུར་དང་། དུས་བཟང་རྣམས་སུ་གསོ་སྦྱོང་བྱ་བ་ལ་སོགས་པ་བགྱིས་ན་མ་འོངས་བྱམས་པ་མགོན་པོ་ཞིང་འདིར་བྱོན་པའི་ཚེ་འཁོར་དུ་སྐྱེ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཞིག་བྱམས་པ་ལུང་བསྟན་པའི་མདོ་ལས་གསུངས་པས་ཞེབ་པར་ཤེས་འདོད་ན་དེར་བལྟ་བར་བྱ་ལ་མདོར་ན། ཇི་སྐད་དུ། རྗེ་དགེ་འདུན་གྲུབ་ཀྱེས་བྱམས་པའི་སྐུ་གཟུགས་ཕུལ་བྱུང་བཞེངས་པ་ལ། མཐུན་རྐྱེན་སྒྲུབ་པར་བྱེད་པའི་ལུས་ཅན་རྣམས།རྗེ་བཙུན་བྱམས་པ་མགོན་པོའི་ཞབས་དྲུང་དུ། ཐེག་ཆེན་ཆོས་ཀྱི་དཔལ་ལ་སྤྱོད་པར་ཤོག། ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར། བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། བདག་གི་བློ་གྲོས་མདྨ་ཁ་ཕྱེ་སྟེ། སྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད་ཤོག ཅེས་གསུངས་པ་ལྟར་སྐུ་གསུང་ཐུགས་རྟེན་བཞེངས་པ་ལ།རྒྱུ་དངོས་ཀྱི་འབྲེལ་བ་ཐོགས་པ་ནས་བཟུང་ཐ་ན་ས་རྡོ་སྦར་མོ་གང་དང་། ཆུ་ཐིགས་པ་གཅིག རྩ་ཤིང་རྐང་གཅིག་ཙམ་ཡན་ཅད་ཀྱི་འབྲེལ་བ་ཐོགས་པ་དང་།དེ་དག་གི་ཁུར་བཟུང་ནས་ལས་བྱེད་པ་དང་རང་གི་ལག་གི་བླངས་ནས་བཟོ་བྱས་པ་ནས་བཟུང་།དེའི་ཆེད་དུ་གོམ་པ་གཅིག་བོར་བ་ཚུན་ཆད་ཀྱི་འབྲེལ་བ་ཐོགས་པའི་མི་དང་དུད་འགྲོ་ལ་སོགས་པའི་སེམས་འདས་གསོན་ཐམས་ཅད་དང་། རྟེན་བཞེངས་ཟིན་ནས་ཀྱང་དེ་ལ་ཡོན་ཆབ། མེ་ཏོག   བདུག་སྤོས། མར་མེ། དྲི་ཆབ་ཞལ་ཟས། ན་བཟའ། གསེར་ཆབ། མཎྚལ་སོགས་མཆོད་པ་འབུལ་བ་དང་།ཕྱག་དང་བསྐོར་བ་བྱེད་པ་རྣམས་གནས་སྐབས་སུ་དགའ་ལྡན་ཆོས་ཀྱི་མདུན་སར་འཕགས་མཆོག་མི་ཕག་མགོན་པོའི་གསུང་གི་བདུད་རྩི་ལ་འབྲལ་མེད་དུ་ལོངས་སྤྱོད་ཅིང་།མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོ་ཞིང་འདིར་བྱོན་པའི་ཚེ་འཁོར་གྱི་ཐོག་མར་སྐྱེ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཞིག་ཐོབ་པ་མ་ཟད། གུས་པའི་མིག་གིས་རྟེན་ལ་ལན་རེ་ཙམ་མཇལ་བ་དང་།རྟེན་བཞེངས་སྐབས་སུ་རྐང་འོག་ཏུ་ཤི་བའི་འབུ་སྲིན་དང་།བཟོ་བའི་བཟའ་བཏུང་སྐོལ་བའི་མེའི་དུ་བ་ཕོག་པའི་སེམས་ཅན་རྣམས་ཀྱང་ངན་སོང་གི་སྐྱེ་བ་ལན་རེ་འགོག་པར་གསུངས་པས་དེ་ལྟ་བུའི་ཕན་ཡོན་རྣམས་ཡིན་ལ་བཞག་ནས་དགེ་བ་སྔར་བྱས་ལ་དགའ་སྒོམ་དང་།སླད་མར་ཡང་དེ་ལྟར་འབད་པ་ལ་བརྩོན་པར་རིགས་སོ། 
     

གསུམ་པ། བཟོ་བོའི་དབྱེ་བ། དེ་གཉིས་པ་བྱེད་དགོས་ཚུལ། བཞེངས་ཟིན་པ་དང་ལྷ་ལ་རབ་གནས་དགོས་ཚུལ་དང་གསུམ་ལས།

དང་པོ་ནི། སྡོམ་འབྱུང་ལས། དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། ཆོ་ག་མཐོང་ཞིང་མཉམ་བཞག་པ།ཞེས་གསུང་པ་ལྟར་རོ། གཉིས་པ་ནི། རབ་གནསགཀྱི་རྒྱུད་ལས།བཟོ་བོ་མ་མཉེས་པའི་ལྷ་ལ་ཡེ་ཤེས་པ་མི་འཇུག་སྟེ་རབ་གནས་ཐོབ་པར་བཟོ་བོ་མཉེས་པར་བྱའོ། ཞེསགསུང་སོ། གསུམ་པ་ནི། བར་དུ་རྟེན་འབྲེལ་བཅུ་གཉིས་སྒྲ། ཁྱིམ་པ་རྣམས་ལ་སིལ་ལི་ལི། སྒྲ་དང་ལྡན་པས་སྒྲག་པར་བྱ། འོ་དོད་རྒྱང་བོས་མི་བྱ་ཞིང་། མི་དང་སྤྱོད་པ་རྣམས་སྤང་སྟེ། བག་ཡོད་སྤྱོད་པས་ལེགས་གནས་ལ། སྙན་པའི་ཚིག་གིས་སྒྲོལ་བར་བྱ། འཚོ་བར་མི་རུང་མ་གཏོགས་པ། དམན་ཡང་གང་ཕུལ་བླང་བར་བྱ། བཟང་ངན་ཆགས་སྡང་རྣམས་སྤང་སྟེ། དགེ་རྩ་བསྔོ་ཞིང་སྨོན་ལམ་བཏབ། དམན་ཆ་བླངས་ལ་མཐོ་ས་སྐྱངས། རྟག་ཏུ་བསོད་སྙོམས་དོན་ཡོད་རྒྱུ། ཐུབ་པའི་རྣམ་ཐར་མི་ནུབ་བཟུང་། ལུང་དང་མཐུན་པར་རིག་པས་སྡེབས། དེ་ལྟར་སྐུ་གསུམ་མཉེས་པར་ཤོག འདིས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་ཐོགས་འབྱུང་བར་གྱུར་ཅིག་ ཅེས་གསུངས་པ་ལྟར་རོ། །