Jump to content

སྐུ་གདུང་

ཡོང་ཁུངས་Wikipedia

སྐུ་གདུང་ཞེས་པ་ནི་སངས་རྒྱས་ཀྱི་ལུས་ཀྱི་རིང་བསྲེལ་ལ་ཟེར་ཏེ། གསང་སྔགས་ཀྱི་ལུགས་སུ་སྐུ་ནི་ཆོས་སྐུ་དང་སྤྲུལ་སྐུ་སོགས་བཅོམ་ལྡན་འདས་ཀྱི་ཞིང་ཁམས་ལ་ཟེར་ལ། གདུང་ནི་རིང་བསྲེལ་ལ་ཟེར་བ་ཡིན་ནོ། །

ནང་དོན།

[རྩོམ་སྒྲིག]

སྐུ་གདུང་ཞེས་པ་ནི་སངས་རྒྱས་ཀྱི་ལུས་ཀྱི་རིང་བསྲེལ་ཡིན་ཏེ། ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་དེ་ལ་མཆོད་པ་ཕུལ་ཞིང་བཀུར་བར་མཛད་པ་ཡིན་ནོ། ། "གལ་ཏེ་གངྒཱའི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དུ་གྱུར་པ་ལ། ཞིང་དེ་ཀུན་རྒྱལ་བའི་རིང་སྲེལ་གྱིས་ཁོང་སེང་མེད་པར་རྩེ་མོ་ཕྱུར་བུར་གྱུར་པའི་ཚུལ་གྱིས་གཏམས་པར་གྱུར་ཀྱང་། དེ་དང་ཤེར་ཕྱིན་གླེགས་བམ་ལ་བྲིས་པ་ཆ་གཉིས་སུ་བྱས་ཏེ་དེ་ལས་གང་འདམ་ཞིང་ལེན་ཞེ་ན། བརྒྱ་བྱིན་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་པ་འདི་ཉིད་ལེན་པར་བྱེད་དོ། །"[]ཞེས་གསུངས། "རྒྱལ་བ་སངས་རྒྱས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་དྲིས་པ་ཁྱོད་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འདི་དང། དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་གཉིས་བཞག་ན། དེ་གཉིས་ཁྱོད་ཆ་གང་ལེན་ཞེས་ཡོངས་སུ་དྲིས་པའི་ལན། རྒྱ་བྱིན་གྱི་གསོལ་བ། གལ་ཏེ་བདག་ལ་གླེགས་བམ་བཞག་པའི་ཆ་དེ་དང་རིང་སྲེལ་གང་གྷའི་རླུང་གི་བྱེ་མ་སྙེད་ཅིག་རྣམས་སངས་རྒྱས་ཀྱི་ཞིང་དུ་འགྱུར་ལ། དེ་དག་ཀུན་གྱི་ནང་ནས་རྒྱལ་བའི་རིང་བསྲེལ་གྱིས་བྱུར་བུར་བལྟམས་ཏེ་བཀང་བར་འགྱུར་བ་ཅིག་དང་ལྷན་ཅིག་ཏུ་བཞག་ཀྱང། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འདི་ཉིད་ལེན་ཏོ། །"[]ཞེས་གསུངས།

མཚན་ཉིད།

[རྩོམ་སྒྲིག]

སྐུ་གདུང་གི་མཚན་ཉིད་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་མཆོད་པར་འོས་པར་གྱུར་པ་ཡིན་ཏེ། "སངས་རྒྱས་ཀྱི་རིང་སྲེལ་ཡོན་ཏན་ཆེན་པོ་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དེ་ལྟར་གྱུར་པའོ། །"[]ཞེས་གསུངས་པ་ལྟར་རོ། །

དཔེ་སྒྲིག

[རྩོམ་སྒྲིག]

སྐུ་གདུང་ལ་མཆོད་པ་འབུལ་ཚུལ་ གྱི་དཔེ་སྒྲིག་ནི་ནོར་བུ་རིན་པོ་ཆེའི་དཔེ་ལ་སྦྱར་ཏེ་གསུངས་ཏེ། "ཇི་ལྟར་ནོར་བུ་རིན་པོ་ཆེ་འདོད་པ་སྟེར་བའི་ཡོན་ཏན་ཀུན་དང་ལྡན་ལ་རིན་ཐང་གཞལ་དུ་མེད་པ་དེ་ནི་གབ་ཙེ་སྟེ་སྦ་བའི་སྒྲོམ་ལ་སོགས་པ་སྣོད་གང་དུ་སྩལ་བའམ་བཞག་པའི་སྣོད་དེ་ནི་འཇིག་རྟེན་ན་ཕྱག་བགྱི་བར་འོས་ལ། ནོར་བུ་དེ་སྣོད་དེ་ནས་བྱུང་བར་གྱུར་ཀྱང་སྔར་བཞག་སྣོད་དུ་བྱས་པའི་གབ་ཙེ་ལ་ནི་འདི་ནི་ནོར་བུ་རིན་པོ་ཆེ་འཇོག་པའི་སྣོད་ཡིན་པས་གཞན་དང་མི་འདྲའོ་སྙམ་དུ་དགའ་བར་བགྱིད་དེ་སྣོད་དེ་ཡི་ཡོན་ཏན་དེ་ལྟ་བུ་དག་ཐོབ་པ་ནི་ནོར་བུ་རིན་པོ་ཆེ་དེ་ཡི་ལགས་ཏེ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་རིན་པོ་ཆེ་དེའི་ཡོན་ཏན་གྱིས་རྒྱལ་བ་མྱ་ངན་ལས་འདས་ཀྱང་དེའི་སྣོད་ལྟ་བུ་རིང་སྲེལ་གྱིས་ཀྱང་མཆོད་པ་བརྙེས་པ་ཡིན་པའི་རྒྱུ་མཚན་དེ་ལྟས་ཏེ་དེ་ལྟ་བུས་ན།"[] ཞེས་གསུངས།

"རྒྱལ་པོ་ལ་བརྟེན་པའི་དཔེ་དང། ནོར་བུ་རིན་པོ་ཆེའི་དཔེ་བསྟན་ཏོ། །"[]ཞེས་གསུངས།

སྒོམ་ལམ་གྱི་སྐབས་སུ་དམིགས་བུ་མེད་པའི་ཚུལ།

[རྩོམ་སྒྲིག]

སྐུ་གདུང་ལ་སྒོམ་ལམ་ གྱི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་དམིགས་བུ་མེད་པར་འགྱུར་ཞིང། "དཔེ་ཇི་ལྟར་ན་དུས་གསུམ་གྱི་རྒྱལ་བ་དེ་དག་གིས་རང་གཞན་གྱི་དགེ་བ་དེ་དང་དེ་མཁྱེན་པའི་དགེ་བ་དེ་དག་གི་རྣམ་པ་གང་ཡིན་པ་དང། འབྲས་བུ་འབྱུང་ཚུལ་གང་ཡིན་པ་དང། རིགས་དང་མཚན་ཉིད་གང་ཡིན་པའི་ཚུལ་མངོན་སུམ་དུ་གཟིགས་ཤིང་དེ་ལ་རྗེས་སུ་ཡི་རང་བས་བསྔོ་བ་ཅི་ལྟར་མཛད་པ་དེ་ལྟ་དེ་ལྟར་རྗེས་སུ་ཡི་རང་ཞིང་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །"[]ཞེས་གསུངས། "དེ་བཞིན་དུ་སྒྲུབ་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམིགས་བུ་མེད་པས་དམུས་ལོང་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་དམིགས་པ་དང་བྲལ་བས་སངས་རྒྱས་ཉིད་ཐོབ་པར་བྱེད་པ་རབ་ཏུ་དགའ་བ་ལ་སོགས་པའི་སར་འཇུག་པ་ལ་ཁྲིད་པར་བྱེད་པའི་དམིགས་བུ་མེད་པས་ཐོབ་པར་མི་ནུས་པས་བྱང་ཆུབ་རེག་པར་ནུས་པ་མ་ཡིན།"[] ཞེས་གསུངས།

ལུང་ཁུངས།

[རྩོམ་སྒྲིག]
  1. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  2. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༤༣-༤༤
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  7. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།