Jump to content

སྐལ་ལྡན་

ཡོང་ཁུངས་Wikipedia

སྐལ་ལྡན་ཞེས་པ་ནི་སྐལ་བ་དང་ལྡན་པ་སྟེ། སྐལ་བ་ནི་དལ་འབྱོར་ཐོབ་པའམ་དགེ་བ་སྤྱོད་པའི་ཕན་ཡོན་དང་ལྡན་པ་ལ་ཟེར་བ་དང་། ལྡན་པ་ནི་ངེས་པར་དུ་ཐོབ་པའམ་མངའ་བ་ལ་གོ། དེས་ན་སྐལ་ལྡན་ཞེས་པ་ནི་དགེ་བའི་ལས་ལ་སྤྱོད་ནུས་པའི་དལ་འབྱོར་དང་ལྡན་པའི་སྐྱེ་བོ་དམ་པ་རྣམས་ལ་བཏགས་པའི་མིང་ཞིག་ཡིན་ནོ། །

ནང་དོན།

[རྩོམ་སྒྲིག]

ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་པ། སྐལ་ལྡན་ཞེས་པའི་གཙོ་བོ་དགེ་བའི་ཆོས་ལ་སྤྱོད་པའི་འོས་སུ་གྱུར་ཅིང་དེ་ལ་དད་པ་དང་གུས་པ་ཡོད་པའི་སྐྱེ་བོ་རྣམས་ལ་ཟེར་བ་ཞིག་ཡིན་པར་མངོན། "གཞན་གྱིས་སྨད་དོགས་པའི་འཇིགས་པས་སྐལ་བ་དང་ལྡན་པའི་གང་ཟག་བསླབ་པ་ལ་གུས་པར་བྱེད་པ་ལ་དགེ་བའི་དམིགས་རྣམ་མ་བརྗེད་པའི་དྲན་པ་བདེ་བླག་ཉིད་དུ་སྐྱེ་བས་"[]ཞེས་གསུངས་པ་ལྟར་བསླབ་པ་ལ་གུས་པར་བྱེད་པའི་གང་ཟག་ལ་སྐལ་ལྡན་ཞེས་འདོགས་པར་མཐོང་ངོ་། །

བྱང་ཆུབ་སེམས་དཔའ་རྣམས། དཔེར་ན་"སྐལ་ལྡན་བྱང་སེམས་དེ་དཔེར་ན་རྒྱལ་པོ་ཙནྡན་གྱིས་བྱུགས་པའི་ཁང་བཟང་དུ་འཆག་པ་དང་། ཟླ་འོད་ཙནྡན་གྱིས་བསིལ་བར་བྱས་པའི་ཡངས་པའི་རྡོ་ལེབ་ཀྱི་ཁང་བཟང་ཉམས་དགའ་བར།"[] ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་སྐལ་ལྡན་ཞེས་འདོགས་པར་མཐོང་ངོ་། །དེ་བཞིན་དུ་"སྐལ་ལྡན་དག་ཟླ་འོད་བསིལ་བ་ཙན་དན་གྱིས་བྱུགས་ནས་བསིལ་བའི་གནས་ལྟར། ཤིན་ཏུ་ཡངས་པའི་རྡོ་ལེབ་ཁང་བཟང་དང་འདྲ་བ་ཉམས་དགའ་བར།"[] ཞེས་གསུངས་པ་ལྟར་སྔོན་ལེགས་པར་སྤྱད་པའི་སྐྱེ་བོ་དམ་པ་རྣམས་ལ་སྐལ་ལྡན་ཞེས་འདོགས་པར་མཐོང་ངོ་། །

བསླབ་པ་ལ་གུས་པར་བྱེད་པ། "བླ་མ་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དག་དང་ནི་ལྷན་ཅིག་ཏུ་ཉེ་བར་འགྲོགས་པ་ལས་དྲན་པ་སྐྱེ་ཞིང་། །དེ་དག་གིས་ཇི་ལྟར་བསྟན་པ་ལས་འདའ་ཞིང་འགལ་གྱིས་དོགས་ནས་རང་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། གཞན་མཁན་སློབ་སོགས་ཀྱིས་ཀྱང་ཐུགས་ཀྱིས་ཁྲེལ་བས་འཇིགས་ཤིང་སྐྲག་པས་བླང་དོར་ལ་ཇི་ལྟ་བ་བཞིན་མ་ནོར་བར་འཇུག་པའི་སྐལ་བ་དང་ལྡན་པའི་གང་ཟག་བསླབ་པ་ལ་གུས་པར་བྱེད་པ།"[] ཞེས་གསུངས་པ་ལྟར་བླ་མ་དམ་པ་རྣམས་ཀྱི་གདམས་ངག་ལ་གུས་པར་སྤྱོད་ཅིང་བསླབ་པ་ལ་སྤྱོད་པའི་གང་ཟག་རྣམས་ལ་སྐལ་ལྡན་ཞེས་འདོགས་པར་མཐོང་ངོ་། །

དགེ་བ་སྤྱོད་པའི་གོ་སྐབས་ཐོབ་པ། འདི་དག་གི་འགྲེལ་པ་སོ་སོར་སྐལ་ལྡན་གྱི་ནང་དོན་ལ་རྗེས་སུ་བལྟ་ན། དལ་འབྱོར་མི་ལུས་ཐོབ་ནས་དགེ་བ་སྤྱོད་པའི་གོ་སྐབས་ཐོབ་པ་ཞིག་ལ་སྐལ་ལྡན་ཞེས་འདོགས་པར་མཐོང་ངོ་། །"གང་གི་ཚེ་དགེ་བ་སྤྱད་པའི་སྐལ་བ་དང་ལྡན་ཡང་དུས་དེའི་ཚེ་དགེ་བ་བདག་གིས་འབད་པས་སྒྲུབ་པར་མ་བྱས་ན།"[] ཞེས་གསུངས་པ་ལྟར་དགེ་བ་སྤྱད་པའི་སྐལ་བ་ཞེས་པ་ནི་དལ་འབྱོར་མི་ལུས་ཐོབ་ནས་དགེ་བའི་ལས་ལ་བཀོལ་ནུས་པའི་གོ་སྐབས་ཐོབ་པ་ལ་གོ་དགོས་པར་འདུག

དབྱེ་བ།

[རྩོམ་སྒྲིག]

བྱང་ཆུབ་ཐོབ་པའི་སྐལ་བ་དང་ལྡན་པ། "དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག།"[] ཅེས་གསུངས་པ་ལྟར་བྱང་ཆུབ་ཆེན་པོ་ཐོབ་པའི་སྐལ་བ་དང་ལྡན་པ་ཞེས་པའི་རིགས་གཅིག་ཡོད་པར་མཐོང་ངོ་། །

ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་པ། "གང་གི་ཚེ་བྱ་བ་དང་བྱ་བ་མ་ཡིན་པའི་འདོར་ལེན་ལ་བློ་ལས་སུ་རུང་ཞིང་མཐུ་དང་ལྡན་པས་ཆོས་དགེ་བ་སྤྱད་པའམ་སྒྲུབ་པའི་ནུས་པ་ཡོད་ལ་སྐལ་བ་དང་ལྡན་ཡང་།"[] ཞེས་གསུངས་པ་ལྟར་ཆོས་དགེ་བ་སྤྱད་པའི་ནུས་པ་དང་སྐལ་བ་དང་ལྡན་པ་ཞེས་པའི་རིགས་གཅིག་ཀྱང་ཡོད་པར་མཐོང་ངོ་། །

དམ་པའི་ཆོས་ཀྱི་སྐལ་པ་དང་ལྡན་པ། "བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་སྐལ་པ་དང་ལྡན་པ་རྣམས་"[] ཞེས་གསུངས་པ་ལྟར་དམ་པའི་ཆོས་ཀྱི་སྐལ་པ་དང་ལྡན་པ་ཞེས་པའི་རིགས་ཀྱང་ཡོད་པར་མཐོང་ངོ་། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་།
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།