སྐད་སྒྲའི་རོལ་མོ

ཡོང་ཁུངས་Wikipedia

སྐད་སྒྲའི་རོལ་མོ་ཞེས་པ་ནི་མིས་ལེན་པ་གཙོ་བོ་བྱས་པའི་རོལ་མོའི་རྣམ་པ་ལ་ཟེར། དེ་ཉིད་ལེན་སྟངས་ཀྱི་སྒོ་ནས་དབྱེ་ན་རིགས་བཞི་ཡོད་པ་དང་། སྐད་སྒྲའི་རོལ་མོ་ཉིད་ལེན་སྲོལ་གྱི་སྒོ་ནས་དབྱེ་ན་རིགས་གསུམ་ཡོད་པ་རེད།

ངོ་སྤྲོད། སྐད་སྒྲའི་རོལ་མོ་ཞེས་པ་ནི་མིས་ལེན་པ་གཙོ་བོ་བྱས་པའི་རོལ་མོའི་རྣམ་པ་ལ་ཟེར། དེ་ཉིད་ལེན་སྟངས་ཀྱི་སྒོ་ནས་དབྱེ་ན་གཤམ་གསལ་གྱི་རིགས་འགའ་ཡོད་དེ། ①མཉམ་ལེན། དེའི་ནང་གསེས་ལ་ཡང་སྐད་མཉམ་ལེན་ཆེན་པོ་དང་། རམ་འདེགས་མེད་པའི་མཉམ་ལེན། བུད་མེད་ཀྱི་མཉམ་ལེན་ཆུང་བ། སྐྱེས་པའི་མཉམ་ལེན་ཆུང་བ། བྱིས་པའི་མཉམ་ལེན་སོགས་ཡོད། ②ཚོགས་ལེན། རྒྱུན་དུ་མཐོང་རྒྱུ་ཡོད་པ་ལ་སྐྱེས་པའི་ཚོགས་ལེན་དང་བུད་མེད་ཀྱི་ཚོགས་ལེན་ཡོད། ③བསྡེབས་ལེན། སྐྱེས་པའི་བསྡེབས་ལེན་བཞི་ལྡན་དང་། བུད་མེད་ཀྱི་བསྡེབས་ལེན། ཕོ་མོའི་བསྡེབས་ལེན་ཟུང་ལྡན་སོགས་ཡོད། ④རྐྱང་ལེན། སྐྱེས་པའི་རྐྱང་ལེན་དང་། བུད་མེད་ཀྱི་རྐྱང་ལེན། བྱིས་པའི་རྐྱང་ལེན་སོགས་ཡོད། སྐད་སྒྲའི་རོལ་མོ་ཉིད་ལེན་སྲོལ་གྱི་སྒོ་ནས་དབྱེ་ན་གཤམ་གསལ་ཏེ། ①ཨེ་ཐ་ལིའི་ལེན་སྟབས། ཨེ་ཐ་ལིའི་དམངས་གླུའི་ལེན་སྟངས་གཞི་བྱས་ཏེ་བྱུང་བའི་ཚན་རིག་དང་མཐུན་པའི་ལེན་སྟབས་ཤིག་སྟེ། སྐད་གསེང་མཐོ་མཐར་ཕྱིན་པའི་ཁྱད་ཆོས་ལྡན་པ་ཡིན། དེ་ནི་གཟབ་བརླིང་ཆེ་ལ་ཟློས་གར་གྱི་ཤས་ལྡན་ཞིང་རྒྱ་ཆེ་བའི་བརྗོད་གཞི་སྟོན་པར་འཕྲོད་པ་རེད། ②མི་རིགས་ཀྱི་ལེན་སྟངས། མི་རིགས་རང་གི་སྲོལ་རྒྱུན་གྱི་དམངས་ཁྲོད་ལེན་སྟངས་གཞི་བྱས་ཏེ་བྱུང་བའི་ལེན་སྟངས་ཡིན། ③ཀུན་ཁྱབ་ལེན་སྟངས། གང་དགའ་གང་བདེར་ལེན་པའི་རང་མོས་ཀྱི་ལེན་སྟངས་ཡིན་ལ། ལེན་སྲོལ་ལ་བརྩེ་དུང་མཚོན་པའི་སྲོལ་དང་། དམངས་གླུའི་སྲོལ། གྲོང་གསེབ་རོལ་མོའི་སྲོལ། རབ་ཁོལ་རོལ་མོའི་སྲོལ་སོགས་ཡོད།