སོ་ནམ་ལས་ཁུངས་
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ་། མི་སོའི་ལས་ཁུངས་(མི་རྩ་དང་སོ་ནམ་སྐོར་དོ་དམ་བྱེད་པའི་བསྡུས་མིང་)ཡང་ཟེར་ཞིང་། རབ་བྱུང་བཅོ་ལྔ་པའི་མེ་ལུག་(༡༩༠༧)ལོ་ཆིང་གོང་མའི་བཀས་བཀས་མངགས་བོད་དོན་ཞིབ་དཔྱོན་བློན་ཆེན་ཀྲང་དབྱིང་ཐང་གིས་སྲིད་སྐྱོང་དགའ་ལྡན་ཁྲི་ཟུང་བློ་བཟང་རྒྱལ་མཚན་དང་བཀའ་ཤག་ལ་གོ་བསྡུར་དང་འབྲེལ་བོད་ལྗོངས་བསྟན་སྲིད་འཕེལ་ཐབས་སུ་སློབ་གསོ་དང་། སྦྱོང་བརྡར་། བཟོ་ཚོང་། འབྲེལ་གཏུགས་། ལམ་བཟོ་ནགས་ལས་། སོ་ནམ་། བདེ་སྲུང་། དངུལ་ཁང་། ཇ་ཚྭ་བཅས་ལས་ཁུངས་ཁག་དགུ་གསར་འཛུགས་བྱ་རྩིས་བྱས་རུང་སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་སོག་ཡུལ་གྲུར་ཆིབས་སྒྱུར་བསྐྱངས་པས་ལས་ཁུངས་དེ་དག་དངོས་སུ་ཚུགས་ཐུབ་མེད་ཀྱང་རྫེས་སུ་ཆུ་གླང་(༡༩༡༣)ལོར་གོང་གསལ་ལས་ཁུངས་དགུའི་གྲས་ནས་ལས་ཁངས་འདི་དང་། ཇ་ཚྭ་། དངུལ་ཁང་བཅས་གསར་འཛུགས་བྱས་ཤིང་། ལས་ཁུངས་འདི་བར་སྐོར་ལྷོའི་སྒ་རུ་ཤར་ནང་ཚུགས་། དོ་དམ་མཁན་རིམ་ལས་ཚན་སེར་སྐྱ་བཞི་དང་། ལས་བྱེད་དྲུང་ཡིག་གཉིས་ཡོད་། འདིས་རྒྱ་ཁྱབ་རྫོང་གཞིས་ཁག་ཏུ་ས་སྟོང་ཇི་ཡོད་དོ་དམ་གྱིས་གསར་སྦོལ་མིར་ཆོག་མཆན་སྤྲད་ཐོག་ས་བོགས་བཅུ་ཟུར་རྒྱས་བཅད་བསྡུ་ལེན་དང་། སྒེར་ཆོས་ཁོངས་མིན་པའི་རྨར་མཛོ་ས་(རྨར་ཁམས་། མཛོ་སྒང་། ས་ངན་།)བཅས་ས་ཁུལ་གསུམ་སོགས་ནས་ཡུལ་འཁྱར་གྱིས་ས་ཁུལ་ཁག་ལ་གཏན་སྡོད་བྱེད་མཁན་མི་རྩ་ཇི་ཡོད་སོ་ནམ་ལས་ཁུངས་ཀྱི་མི་རྩར་བཅུག་སྟེ་མི་བོགས་བསྡུ་བ་། གྲོང་ཁྱེར་ནང་ཁང་ཁུངས་གསར་རྒྱག་གིས་ཁང་གླ་བསྡུ་བ་བཅས་བྱེད་ཅིང་། མི་བོགས་ཀྱི་དངུལ་འབབ་རྣམས་ལོ་ལྟར་རྩེ་རྣམ་གན་དུ་ཊཾ་དཀར་བཀར་འཇུག་རྒྱག་པ་བཅས་ཀྱི་འོས་འགན་སྒྲབ་པ་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།