Jump to content

སེམས་ཙམ་རྣམ་བདེན་རྫུན་གཉིས་ཀྱི་ཁྱད་པར་

ཡོང་ཁུངས་Wikipedia

སེམས་ཙམ་སྨྲ་བ་ལ་གྲུབ་མཐའི་གཙོ་བོ་རྣམ་བདེན་རྫུན་གྱི་འདོད་ཚུལ་གཉིས་སུ་ཡོད་པ་ལས། དེ་གཉིས་ཀྱི་རྩོད་པའི་གཞི་ནི། སེམས་ཙམ་པའི་ལུགས་ལ་ཆོས་ཐམས་ཅན་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་དུ་འདུས་པ་ལས། ཀུན་བཏགས་ཀྱི་ཕྱོགས་རྣམས་ནི་རྣམ་བདེན་རྫུན་རྩོད་པའི་གཞིར་མི་རུང་སྟེ། རྣམ་བདེན་རྫུན་གཉིས་ཀས་དེ་སྣང་དུ་མ་གྲུབ་པར་འདོད་པའི་ཕྱིར། ཡོངས་གྲུབ་ཀྱང་རྩོད་གཞིར་མི་རུང་སྟེ། རྣམ་བདེན་རྫུན་གཉིས་ཀས་དེ་སྣང་བ་ལྟར་དུ་བདེན་པར་འདོད་པའི་ཕྱིར་ཏེ། རྣམ་བདེན་རྫུན་གཉིས་ཀས་དེ་མངོན་སུམ་དུ་རྟོགས་པའི་བློ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པར་འདོད་པའི་ཕྱིར་རོ། གཞན་དབང་ལ་ཤེས་པ་དང་བཟུང་བར་སྣང་བ་གཉིས་ལས། ཤེས་པ་ནི་རྩོད་གཞིའི་རྣམ་པར་མི་རུང་སྟེ། རྣམ་བདེན་རྫུན་གཉིས་ཀས་དེ་སྣང་བ་ལྟར་དུ་བདེན་པར་འདོད་པའི་ཕྱིར་ཏེ། ཤེས་པ་མ་འཁྲུལ་བིའ་སྣང་ཡུལ་དུ་ཡོད་པའི་ཕྱིར་ཏེ། རང་རིག་མངོན་སུམ་གྱི་སྣང་ཡུལ་དུ་འདོད་པའི་ཕྱིར་ཏེ། དེས་ན་དབང་ཤེས་ལ་རབས་པར་སྣང་བ་འདི་རྣམ་བདེན་རྫུན་རྩོད་པའི་རྩོད་གཞིའི་རྣམ་བ་ཡིན་ནོ། དབང་ཤེས་ལ་རབས་པར་སྣང་བ་དེ་རྣམ་བདེན་རྫུན་གཉིས་ཀས་དོན་བྱེད་ནུས་པར་འདོད་ཀྱང་། དེ་སྣང་བ་ལྟར་དུ་གྲུབ་མ་གྲུབ་ལ་རྩོད་པ་ཡིན་ཏེ། རྣམ་བདེན་པས་དབང་པོའི་མངོན་སུམ་ལ་གཟུང་འཛིན་རྒྱང་ཆད་དུ་སྣང་བ་དང་། སྔོ་སོགས་ཕྱི་རོལ་དོན་དུ་སྣང་བ་སོགས་ལ་མ་རིག་པའི་བསླད་པ་ཞུགས་ཀྱང་སྔོ་སོགས་དེ་ལྟ་བུའི་རགས་པར་སྣང་བའི་ཆ་དང་། སྔོན་པོ་སྔོན་པོར་སྣང་བའི་ཆ་ལ་མ་རིག་པའི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་ཏེ། རགས་པར་སྣང་བ་དང་སྔོན་པོར་སྣང་བ་དེ་སྣང་བ་ལྟར་དུ་གྲུབ་པའི་ཕྱིར་དང་། སྔོན་པོ་ཡིན་པ་ལ་ཡིན་པར་རྟོགས་པའི་ཤིས་པ་ཡིན་པའི་ཕྱིར་ཞེས་འདོད་ལ། རྣམ་རྫུན་པས་སོ་སྐྱེའི་རྒྱུད་ལ་རང་རིག་མངོན་སུམ་མ་གཏོགས་མ་རིག་པའི་བསླད་པ་མ་ཞུགས་པའི་ཤིས་པ་མེད་པར་འདོད་པས། སྔོ་སོགས་དེ་ལྟ་བུའི་རགས་པར་སྣང་བིའ་ཆ་དང་། སྔོན་པོ་སྔོན་པོར་སྣང་བའི་ཆ་ལ་ཡང་འཁྲུལ་བའི་བསླད་པ་མ་ཞུགས་པས་དེ་གཉིས་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པས་ཤེས་པ་མ་འཁྲུལ་བའི་སྣང་ཡུལ་དང་། ཤེས་པ་འཁྲུལ་བའི་སྣང་ཡུལ་ལ་བདེན་རྫུན་འབྱེད་པ་ཡིན། དེས་ནས་སེམས་ཙམ་པ་གང་ཞིག་དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་འདོད་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། སེམས་ཙམ་པ་གང་ཞིག། དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པ་དེ། སེམས་ཙམ་རྣམ་བརྫུན་པའི་མཚན་ཉིད་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།