Jump to content

སེམས་ཙམ་པ་

ཡོང་ཁུངས་Wikipedia

ནང་པའི་གྲུབ་མཐའ་སྨྲམབ་བཞིའི་ཡ་གྱལ་ཞིག་སྟེ། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་ལས་དེ་ལས་གཞན་པའི་ཕྱི་དོན་མེད་པར་སྟོན་པས་ན་སེམས་ཙམ་པ་ཞེས་བརྫོད། མིང་གི་རྣམ་གྲངས་ལ་རྣམ་རིག་པ་དང་རྣལ་འབྱོར་སྤྱོད་པ་བ་ཞེས་ཀྱང་ཟེར། བརྒྱད་སྟོང་པ་ལས། ཀྱེ་རྒྱལ་བའི་སྲས་དག ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པའི་ལུང་ལ་བརྟེན་ནས། ཆོས་ཐམས་ཅད་སེམས་སམ་རྣམ་པར་རིག་པ་ཙམ་ལས་གཞན་པའི་ཕྱི་རོལ་གྱི་དོན་ཅུང་ཟད་གྲུབ་པ་མེད་ཀྱང་གཟུགས་སོགས་སེམས་ལ་སྣང་བ་ནི་རྨི་ལམ་གྱི་སྣང་བ་དང་། སྐྲ་ཤད་འཛག་སྣང་། ཟླ་བ་གཉིས་སྣང་ལྟར་སེམས་སྣང་འབའ་ཞིག་ཡིན་པ་དང་། གཞན་ཡང་ལས་ཀྱི་དབང་གིས་ཆུ་ཕོར་གང་ལ་ལྷ་ལ་བདུད་རྩི། མི་ལ་ཆུ། ཡི་དྭགས་ལ་རྣག་ཁྲག་ཚ་དམྱལ་བས་ཁྲོ་ཆུར་མཐོང་བ་སོགས་རིགས་དྲུག་གི་སྣང་བ་འཕྲག་གྱི་འཁྲུལ་རྒྱས་མ་བསླད་པ་ལའང་སོ་སོ་ཐ་དད་པ་སྣང་བ་བཞིན་སྐྱེས་བུ་གཅིག་གི་ལུས་ལ་དགྲ་གཉེན་བར་མ་གསུམ་སྣང་བ་སོགས་ཡོད་པའི་ཕྱིར་ན་ཐམས་ཅན་སེམས་ཀྱི་སྣང་བ་ཙམ་ལས་ཤེས་པ་ལས་གཞན་པའི་ཕྱི་རོལ་གྱི་དོན་མ་གྲུབ་པར་འདོད་དེ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། ལྷ་རྣམས་ཇི་ལྟར་རིགས་རིགས་སུ། དངོས་གཅིག་ཡིད་ནི་ཐ་དད་པས། དོན་མ་གྲུབ་པར་འདོད་པ་ཡིན། ཞེས་སོ། དེས་ན་ཕྱི་དོན་ཁས་མི་ལེན་ཞིང་རྣམ་ཤེས་བདེན་པར་སྨྲ་བའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་སེམས་ཙམ་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ལུང་གི་རྫེས་འབྲངས་དང་རིགས་པའི་རྫེས་འབྲངས་ཀྱི་སེམས་ཙམ་པ་གཉིས་སུ་དབྱེ་བ་དང་། རྣམ་པའི་འདོད་ཚུལ་གྱི་སྒོ་ནས་དབྱེ་ན་སེམས་ཙམ་རྣམས་བདེན་པ་དང་རྣམ་རྫུན་པ་གཉིས་སུ་དབྱེ་བ་སོགས་ཡོད། ལུགས་འདི་ནི་འཕགས་པ་ཐོགས་མེད་ཀྱིས་འཛམ་བུ་གླིང་གི་ཆོས་སྐལ་དུ་དགའ་ལྡན་ཡིད་དགའ་ཆོས་འཛིན་ནས་བྱམས་ཆོས་སྡེ་ལྔ་གདན་དྲངས། ཐོགས་མེད་རང་གིས་ས་སྡེ་ལྔ་གསར་དུ་བརྩམས་ཏེ་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ཅིང་། དེའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་ལ་སེམས་ཙམ་པ་ཞེས་ཟེར་རོ།
དུང་དཀར་ཚིག་མཛོད་ཆེན་མོ་ ༽ལས་བཏུས།