Jump to content

སེམས་བསྐྱེད་པ་

ཡོང་ཁུངས་Wikipedia

སེམས་བསྐྱེད་པ་ཞེས་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ཡིན་པ་སྟེ། གཞན་དོན་དུ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས་ཡིན་ནོ། །འདི་ནི་བྱམས་པ་དང་སྙིང་རྗེའི་རྩ་བ་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་ཞིང་བདེ་བ་ཐོབ་པར་བྱ་བའི་ཕྱིར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་འདོད་པའི་བསམ་པ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

སེམས་ཞེས་པ་ནི་སེམས་པ་སམ་ཡིད་ལ་བྱེད་པ་ལ་གོ་ལ། བསྐྱེད་པ་ཞེས་པ་ནི་སྐྱེད་པ་སམ་བྱུང་བ་ལ་གོ་བས། སེམས་བསྐྱེད་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སྐྱེད་པ་ལ་གོ

དབྱེ་བ།

[རྩོམ་སྒྲིག]

སྨོན་པ་དང་འཇུག་པའི་དབྱེ་བ། "བྱང་ཆུབ་ཀྱི་སེམས་དེ་མདོར་བསྡུས་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། སྡོང་པོ་བཀོད་པ་ལས། སེམས་ཅན་གང་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ཀྱང་དཀོན་ནོ། དེ་བས་ཀྱང་གང་བླ་ན་མེད་པའི་བྱང་ཆུབ་ཏུ་འཇུག་པ་དེ་དག་ཤིན་ཏུ་ཡང་དཀོན་ནོ། ཞེས་གསུངས་པ་ལྟར། བྱང་ཆུབ་སྨོན་པའི་སེམས་དང་ནི། བྱང་ཆུབ་འཇུག་པའི་སེམས་ཉིད་དོ། །"[]ཀུན་རྫོབ་དང་དོན་དམ་གྱི་དབྱེ་བ། "ཀུན་རྫོབ་སེམས་སྐྱེད་ཀྱང་དེ་ཉིད་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེས་སེམས་ཅན་མཐའ་དག་འཁོར་བ་ནས་འདོན་པར་དམ་བཅས་པའོ། ཞེས་སོ། དོན་དམ་སེམས་སྐྱེད་དེ་ནི་ཆོས་ཉིད་ཀྱིས་ཐོབ་པ་ས་དང་པོ་ཡན་ཆད་ན་ཡོད་པ་སྟེ། "[] ཞེས་ཀུན་རྫོབ་དང་དོན་དམ་གྱི་དབྱེ་བ་གསལ་བོར་བསྟན་ནོ། །

ཕན་ཡོན།

[རྩོམ་སྒྲིག]

མིང་དོན་གནས་འགྱུར་བའི་ཕན་ཡོན། "གང་ཟག་གང་ལ་བསམ་པ་ཁྱད་པར་དུ་འཕགས་པ་སྨོན་པ་དང་འཇུག་པའམ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བ་སྐྱེས་པར་གྱུར་ན་སྐྱེས་མ་ཐག་པ་དེའི་སྐད་ཅིག་གིས་ཏེ་སྐད་ཅིག་དེ་ཉིད་ནས་བཟུང། འཁོར་བའི་བཙོན་རར་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གི་འཆིང་བ་དམ་པོས་བརྣམས་པའམ་བཅིངས་ཤིང་དེའི་དབང་གིས་སྡུག་བསྔལ་རྣམ་པ་གསུམ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་ཞིང་ཉམ་ཐག་པའི་སེམས་ཅན་རྣམས་ཀྱང་མིང་གནས་གྱུར་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང༌། དེར་མ་ཟད་མིང་དེ་དང་མཚུངས་པའི་དོན་ཁྱད་པར་ཅན་འཇིག་རྟེན་པ་ལྷ་དང་མིར་བཅས་པ་སྟེ་ལྷ་མིན་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཀྱང་ཕྱག་བྱར་འགྱུར་ཞེས་ཏེ་ཐལ་མོ་སྦྱར་བ་དང་ཕྱག་མཆོད་བཀུར་སྟི་བྱ་བའི་གནས་སམ་འོས་སུ་གྱུར་པ་ཐོབ་པ་ཡིན་ནོ། །"[]འཇིགས་པ་ལས་སྐྱོབ་པ། "དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་པ་སྡིག་པ་ཤིན་ཏུ་མི་བཟད་པ་བྱས་ན་ཡང་། སྐྱེལ་མ་དཔའ་བོ་ལ་བརྟེན་ནས་དགྲའི་འཇིགས་པ་ཆེན་པོ་ལས་གྲོལ་བ་ལྟར་གང་ལ་བརྟེན་ནས་སྡིག་ཆེན་དེའི་རྣམ་སྨིན་ལས་ཡུད་ཙམ་གྱིས་དགྲོལ་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ལ་བག་ཡོད་པ་ཅན་རྣམས་ཀྱིས་ཅིས་མི་བསྟེན་ཏེ་བསྟེན་པར་རིགས་ཏེ། བློ་གྲོས་མི་ཟད་པས་བསྟན་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དཔའ་བོ་ལ་བརྟེན་པ་ནི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་པའོ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བསྟེན་པའི་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་པའོ། ཞེས་གསུངས་སོ། །"[]སྡིག་པ་འཇོམས་པ། "དུས་མཐའ་སྟེ་བསྐལ་པ་འཇིག་པའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་མ་ལུས་པར་སྲེག་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་དེས་ནི་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཆེན་པོ་རྣམས་སྐད་ཅིག་གཅིག་གིས་ངེས་པར་སྲེག་པ་སྟེ་རྩ་བ་ནས་འཇོམས་པར་བྱེད།"[]ཞེས་གསུངས།

སེམས་བསྐྱེད་པའི་རྒྱུ།

[རྩོམ་སྒྲིག]

"བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡང་རྒྱུ་བཞིས་སྐྱེ་བར་འགྱུར་ཏེ། དེ་ནི་འདི་ལྟར་ཆོས་བཅུ་པའི་མདོ་ལས་བསྟན་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པར་གྱུར་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ན་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་བསྐུལ་ཞིང་སྐྱོ་བར་བྱས། ཡང་དག་པར་འཛིན་དུ་བཅུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ། །"[]ཞེས་གསུངས།

སེམས་བསྐྱེད་པའི་གལ་ཆེ་བ།

[རྩོམ་སྒྲིག]

"འགྲོ་བ་རྣམས་གནས་སྐབས་བདེ་འགྲོ་དང་མཐར་ཐུག་གི་བདེ་བ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་ཕྱིར་བདག་ལྟ་བུའི་ལམ་གྱི་དཀའ་སྤྱད་ཀྱི་གནོད་པ་ཅིས་མི་བཟོད་དེ་ངེས་པར་བཟོད་དགོས་སོ། །"[]དེ་བཞིན་དུ། "སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་དང་ཐབས་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་ནོ། །"[]ཞེས་གསུངས་པ་ལྟར་སངས་རྒྱས་ཐོབ་པའི་ཐབས་མ་ནོར་བ་ཞིག་དགོས་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས་16
  2. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་གྲངས་44
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར། ཤོག་གྲངས་49
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས་13
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས་13-14
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས་67
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་གྲངས་227
  8. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་གྲངས་80