སེམས་པ་ཆེན་པོ་བློ་གྲོས་རྒྱལ་མཚན་
རྗེ་འདི་ཉིད་དབུས་ཡུལ་ཆུམས་གྲོང་གསར་དུ་རང་བྱུང་བདུན་པའི་ཆུ་སྤྲེལ་(༡༣༩༡)ལོར་སྐུ་འཁྲུངས་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དང་། པཎ་ཆེན་དགེ་འདུན་གྲུབ་། རྒྱལ་ཚབ་། མཁས་གྲུབ་རྗེ་། ཤར་པ་རིན་ཆེན་རྒྱལ་མཚན་། རྔོག་རིན་ཆེན་དཔའ་སོགས་སྐྱེ་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས་ན་ས་བྱང་ཆུབ་ལམ་རིམ་ཐུགས་ཉམས་སུ་བསྟར་བས་། ཕྱིའི་ཀུན་སྤྱོད་ཞི་ཞིང་དུལ་བས་འཕགས་པ་རྟ་ཐུལ་ལྟ་བུ་། ནང་གི་ཀུན་སྤྱོད་དཀར་སྡེར་འབའ་ཞིག་མཛད་པས་རྗེས་འབྲང་རྣམས་ཀྱང་དམར་ཟས་ཀྱི་དྲི་ཙམ་མི་མངའ་བས་སེམས་པ་ཆེན་པོ་ཞེས་གྲགས་། འདུལ་འཛིན་གྲགས་པ་རྒྱལ་མཚན་ལས་བསྙེན་པར་རྫོགས་། བོད་དུ་འགྱུར་རོ་ཅོག་གི་བཀའ་དང་བསྟན་བཅོས་གསན་། ཐང་སྐྱའི་མཆོད་ཁང་གསར་མ་དང་ལྕགས་ཟམ་བཙུགས་། ལྟ་སར་བྱམས་པ་ཁྲོམ་གཟིགས་བཞེངས་། ན་བཟང་ངུར་སེར་དང་སྔོ་དཀར་སོགས་ཕྱི་ནང་གི་དཔྱད་པ་གཙང་བ་དང་བཅས་ཏེ་རབ་བརྒྱད་ན་ཉི་སྡིངས་དགོན་དང་རི་ཞོལ་དུ་བདེ་མོ་ཐང་གི་ཆོས་སྡེ་བཏབ་པར་བྱངས་སེམས་བདེ་མོ་ཐང་པར་ཡང་གྲགས་། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་། དགུང་གྲངས་དོན་དགུ་ལ་ཕེབས་པ་རབ་བྱུང་བརྒྱབ་པའི་ལྕགས་སྟག་(༡༤༧༠)ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ལ་ཞི་བར་གཤེགས་། རྗེ་དེ་ལ་སློབ་མ་འཕགས་པ་ལྷ་། བྱང་སེམས་ཤ་མི་གསོལ་། རིན་པོ་ཆེ་སྨོན་ལམ་དཔའ་། རྒྱུད་པ་ཀུན་དགའ་དོན་གྲུབ་། པཎ་ཆེན་ཡེ་ཤེས་རྩེ་མོ་། གྲུ་དཀར་ཆོས་མཛད་། མཁན་རིན་ཆེན་ཆོས་བཟང་། མཁན་ཆེན་སངས་རྒྱས་བཟང་པོ་། གནས་བརྟན་ཆོས་སྐྱོང་བ་། ཆོས་རྗེ་བསོད་ནམས་བཀྲ་ཤིས་། དྲུང་གཞོན་ནུ་གྲགས་སོགས་མང་དུ་བྱུང་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།