Jump to content

སེམས་གསལ་

ཡོང་ཁུངས་Wikipedia

སེམས་གསལ་ཞེས་པ་ནི་སེམས་ཀྱི་ཡེ་ཤེས་གསལ་བ་སྟེ་མོག་མོག་པོ་ལྟ་བུ་མ་ཡིན་པར་རྨོངས་པ་དང་འཁྲུལ་པ་མེད་པའི་དྭངས་ཞིང་གསལ་བའི་སེམས་ཀྱི་རང་བཞིན་ལ་གོ། དེ་ཡང་སེམས་ཞེས་པ་ནི་ཡིད་ཀྱི་རང་བཞིན་ལ་གོ་ལ། གསལ་ཞེས་པ་ནི་ཁ་ན་མ་ཐོ་བ་དང་སྒྲིབ་པ་མེད་པར་དྭངས་ཤིང་གསལ་བ་ལ་གོ་བས། སེམས་གསལ་ཞེས་པ་ནི་སེམས་ཀྱི་རང་བཞིན་དྭངས་ཞིང་གསལ་བ་ལ་ཟེར།

ནང་དོན།

[རྩོམ་སྒྲིག]

བརྩོན་འགྲུས་ཀྱི་སྒོ་ནས་འགྲེལ་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཀྱི་སྟེང་ནས་འབྱུང་བ་ཡིན་ཏེ། "བརྩོན་འགྲུས་ཀྱང་གོམས་པ་མཐར་ཕྱིན་པ་སེམས་ལ་རག་ལས་ཏེ། བསམ་གཏན་དང་པོའི་སྙོམས་འཇུག་ལ་སོགས་པ་སྒོམ་པ་ལ་སྤྲོ་བའི་སེམས་གསལ་པོ་སྙོམས་འཇུག་གིས་བསྡུས་པ་ཅུང་ཟད་ཅིག་བསྐྱེད་པའི་འབྲས་བུ་ཡང་ཚངས་པ་ལ་སོགས་པའི་གནས་སུ་སྐྱེ་བ་ཡིན་པ་ལྟར།"[] ཞེས་གསུངས་པ་ལྟར་སེམས་གསལ་བ་གཅིག་པུས་ཀྱང་ཚངས་པའི་གནས་སུ་སྐྱེ་བའི་འབྲས་བུ་ཐོབ་ནུས་མོད། ལུས་ངག་གི་སྤྱོད་པ་ཞན་པས་སེམས་ཀྱི་སྟོབས་དང་མ་འབྲེལ་ན་དེ་ལྟར་འབྲས་བུ་མི་འབྱིན་ནོ། །

བྱམས་སྙིང་རྗེའི་སྒོ་ནས་འགྲེལ་པ། "བྱམས་པའམ་སྙིང་རྗེའི་སེམས་གསལ་བ་སྟེ་མོག་མོག་པོ་ལྟ་བུ་མ་ཡིན་པར་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུ་གཅིག་བསྐྱེད་ན་དེའི་འབྲས་བུ་གང་ཞིག། གཟུགས་ཁམས་སུ་ཚངས་པའི་འཇིག་རྟེན་ལ་སོགས་པ་རུ་སྐྱེས་ནས་བདེ་བ་ཁྱད་པར་ཅན་ཐོབ་པར་གྱུར་པ་ཡིན།"[] ཞེས་གསུངས་པ་ལྟར་སེམས་གསལ་བ་ནི་བྱམས་སྙིང་རྗེའི་དམིགས་པ་ལ་རྣམ་པར་དྭངས་ཤིང་གསལ་བའི་སེམས་ཤུགས་ལྡན་པ་ཞིག་ཡིན་ནོ། ། མྱང་འདས་ཀྱི་མདོར། "མ་སྨད་གཉིས་ཆུས་ཁྱེར་བ་ན་གཅིག་ལ་གཅིག་བྱམས་པ་དང་ལྡན་པས་དེ་མ་ཤི་ན་རུང་སྟེ་སྙམ་པའི་ངང་དུ་ཚེའི་དུས་བྱས་པས་གཉིས་ཀ་ཚངས་པར་སྐྱེས་པ་ལྟ་བུ་སྟེ། སེམས་གསལ་བ་སྐད་ཅིག་མ་གཅིག་གི་འབྲས་བུ་ཡང་དེ་ལྟ་བུ་ཡིན། ཞེས་གསུངས་པ་འདི་ནི་སེམས་གསལ་བའི་མཐུ་དཔག་ཏུ་མེད་པ་མཁྱེན་པར་བྱེད་པ་ཡིན་ནོ། །

བསམ་གཏན་གྱི་སྒོ་ནས་འགྲེལ་པ། "བསམ་གཏན་ཡང་སྤྱིར་སེམས་ཀྱི་བསྒོམ་པ་ཡིན་ཀྱང་བསམ་གཏན་དེ་རང་རྒྱུད་ལ་སྐྱེ་བའི་གྲོགས་སམ་ཐབས་ངག་གི་བཟླས་བརྗོད་དང་ནི་ལུས་ཀྱི་ཁ་ཟས་མེད། རྒྱབ་གོས་མེད་ལ་སོགས་པའི་དཀའ་ཐུབ་རྒྱ་ཆེན་པོ་ཀུན་ལ་ཡུན་རིང་པོའི་དུས་སུ་གོམས་ཤིང་སྤྱད་པར་བྱས་ཀྱང། སེམས་ན་འདོད་པའི་ཡུལ་སོགས་གཞན་ལ་གཡེངས་བས་ཤིང་ཁ་ཤོག་ལྕེ་ལྟ་བུ་ལ་སོགས་པས་བཟླས་བརྗོད་དང་དཀའ་ཐུབ་ལ་སོགས་པ་གང་བྱས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རིག་པའམ་མཁྱེན་པས་འདོད་པའི་དོན་གྲུབ་པ་མེད་པར་གསུངས།"[] ཞེས་གསུངས་པ་ལྟར་སེམས་གསལ་བ་མེད་ན་ལུས་ངག་གི་སྤྱོད་པ་འབད་རྩོལ་ཆེ་ཡང་དོན་མེད་དུ་འགྱུར་རོ། །

ཤེས་རབ་ཀྱི་སྒོ་ནས་འགྲེལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ལ་རག་ལས་ཏེ། "ཤེས་རབ་ཀྱང་གང་ཟག་གང་གིས་ཤེས་བྱའི་ཆོས་ཀྱི་དོན་ནམ་གཙོ་བོ་མཆོག་ཏུ་གྱུར་པ་སེམས་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པའི་འོད་གསལ་བ་འགྲོ་བ་ཀུན་ལ་ཡོད་ཀྱང་ཀུན་གྱིས་ཤེས་ཤིང་རྟོགས་པ་མིན་པས་གསང་བ་"[]ཞེས་གསུངས་པ་ལྟར་སེམས་གསལ་བ་འདི་ནི་སེམས་ཀྱི་གསང་བ་སྟེ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་ནོ། །"ཆོས་ཐམས་ཅད་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ཆོས་ཀྱི་གཙོ་བོའོ། །"[]ཞེས་གསུངས་པ་ལྟར་སེམས་གསལ་བ་འདི་མ་ཤེས་ན་བདེ་བ་ཐོབ་པར་འདོད་ཀྱང་དོན་མེད་དུ་འགྱུར་རོ། །

དཔལ་སྡོང་པོ་བཀོད་པའི་མདོ་ལས། "བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་དང་། གདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ། །"ཞེས་གསུངས་པ་འདི་ནི་སེམས་གསལ་བ་ཡེ་ཤེས་ཀྱི་གཙོ་བོ་ཡིན་པ་བསྟན་པ་ལགས་སོ། །

གལ་ཆེའི་དོན།

[རྩོམ་སྒྲིག]

སེམས་གསལ་ཞེས་པ་འདི་ནི་ཕར་ཕྱིན་དྲུག་གི་རྒྱབ་རྟེན་གཙོ་བོ་ཡིན་ལ། དེ་ཡང་ལུས་ངག་གི་སྤྱོད་པ་ཙམ་གྱིས་མི་ཆོག་པར་སེམས་ཀྱི་སྟོབས་དང་ལྡན་དགོས་པ་གསལ་པོར་བསྟན་ཞིང་། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་ཀྱང་དེ་ལྟར་གསུངས་པ་ལགས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།