Jump to content

སེམས་གསང་

ཡོང་ཁུངས་Wikipedia

སེམས་གསང་ཞེས་པ་ནི་སེམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་སྟེ། བྱིས་པ་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་དང་། སྣོད་མིན་ལ་མི་བསྟན་པའི་ཕྱིར་གསང་བ་ཞེས་བྱ་བའོ། །དེ་ཡང་སེམས་ནི་སེམས་ཙམ་མ་ཡིན་གྱི་སེམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ལ་གོ་ལ། གསང་ནི་བྱིས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བ་ཞེས་བྱ་བའོ། །

འགྲེལ་བཤད།

[རྩོམ་སྒྲིག]

གསང་བའི་རྒྱུ་མཚན། སེམས་གསང་གི་རྒྱུ་མཚན་ཁག་གསུམ་ཡོད་དེ། དང་པོ། འགྲེལ་ཆེན་ལས། "བྱིས་པའི་སྤྱོད་ཡུལ་མ་ཡིན་པས་གསང་"ཞེས་གསུངས་པ་ལྟར་འཇིག་ཚུགས་པའི་གང་ཟག་རྣམས་ཀྱིས་ཤེས་མི་ཐུབ་པའི་ཕྱིར་རོ། །
གཉིས་པ། "སྣོད་མིན་ལ་མི་བསྟན་པས་ན་སེམས་ཀྱི་གསང་"[]ཞེས་གསུངས་པ་ལྟར་ལྷག་པའི་བསམ་པ་སྐྱེ་བ་ལ་སོགས་པའི་སྣོད་དུ་མ་གྱུར་པའི་གང་ཟག་ལ་སེམས་ཀྱི་དེ་ཁོ་ན་ཉིད་འདི་མི་སྟོན་པའི་ཕྱིར་རོ། །
གསུམ་པ། "ཀུན་གྱིས་ཤེས་ཤིང་རྟོགས་པ་མིན་པས་གསང་བ་སྟེ།"[] ཞེས་གསུངས་པ་ལྟར་འགྲོ་བ་ཀུན་གྱིས་ཐུབ་པ་མ་ཡིན་པའི་ཕྱིར་རོ། །

སེམས་ཀྱི་གནས་ལུགས་ལ་གསང་བ་ཞེས་འདོགས་པ། "སེམས་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པའི་འོད་གསལ་བ་འགྲོ་བ་ཀུན་ལ་ཡོད་ཀྱང་ཀུན་གྱིས་ཤེས་ཤིང་རྟོགས་པ་མིན་པས་གསང་བ་སྟེ་"[]ཞེས་གསུངས་པ་ལྟར་སེམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་འདི་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡོད་ཀྱང་། དེ་ཡང་ཕལ་པ་རྣམས་ཀྱིས་ཤེས་རྟོགས་བྱེད་ཐུབ་པ་མ་ཡིན་པའི་ཕྱིར་སེམས་གསང་ཞེས་བརྗོད་པ་ཡིན་ནོ། །

ཆོས་ཀྱི་གཙོ་བོ་ཡིན་པ། "གང་གིས་ཆོས་ཀྱི་དོན་པོ་སྟེ་གཙོ་བོ་མཆོག་སེམས་ཀྱི་གསང་སྟེ་"[]ཞེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོ་མཆོག་ནི་སེམས་གསང་ཡིན་པར་བཤད་དོ། །དེ་ཡང་"ཤེས་རབ་ནི་རྩོད་པ་མེད་པར་སེམས་ཉིད་ཡིན་པས་"[] ཅེས་གསུངས་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་སེམས་ཉིད་ཡིན་ནོ། །

མ་ཤེས་ན་འདོད་དོན་མི་འགྲུབ་པ། "འདི་མ་ཤེས་ན་བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་དེ་དག་འདོད་པ་དོན་མེད་པར་གྱི་ནར་འཁོར་བར་འཁྱམས་ཏེ་"[]ཞེས་གསུངས་པ་ལྟར་སེམས་ཀྱི་དེ་ཁོ་ན་ཉིད་འདི་མ་རྟོགས་ན་ཞི་བའི་བདེ་བ་ཐོབ་པ་དང་འཁོར་བའི་སྡུག་བསྔལ་སེལ་བར་འདོད་ཀྱང་དེ་དག་འགྲུབ་པར་མི་འགྱུར་རོ། །

སྡོང་པོ་བཀོད་པ་ལས། "བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་དང་། གདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ། །"ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རང་གི་སེམས་ལ་རག་ལས་པ་ཡིན་ནོ། །

ཡུམ་ལས། "སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །"ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་གཙོ་བོ་འོད་གསལ་བ་ཡིན་པར་འགྲེལ་ཡོད་དོ། །

མཐའ་བསྡུས།

[རྩོམ་སྒྲིག]

སེམས་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་འོད་གསལ་བ་འདི་ནི་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡོད་ཀྱང་ཕལ་པ་རྣམས་ཀྱིས་རྟོགས་ཐུབ་པ་མ་ཡིན་པས་སེམས་གསང་ཞེས་བརྗོད། འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོ་མཆོག་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཉིད་ཡིན་པར་གསུངས་ཤིང་སེམས་ཀྱི་དེ་ཁོ་ན་ཉིད་འདི་མ་རྟོགས་ན་ཞི་བའི་བདེ་བ་ཐོབ་པ་དང་འཁོར་བའི་སྡུག་བསྔལ་སེལ་བ་ཡང་མི་འགྲུབ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རང་གི་སེམས་ལ་རག་ལས་པ་ཡིན། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པར་འདུས་ཤིང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།