Jump to content

སེམས་གདུང་

ཡོང་ཁུངས་Wikipedia

སེམས་གདུང་ནི་འགྱོད་པ་དང་མྱ་ངན་གྱི་མེས་སེམས་ལ་བསྲེགས་ནས་སྡུག་བསྔལ་གྱི་གདུང་བ་དྲག་པོ་མྱོང་བ་ལ་གོ །དེ་ཡང་ཁྱད་པར་དུ་དལ་འབྱོར་གྱི་མི་ལུས་ཐོབ་བཞིན་དུ་དགེ་བའི་ཆོས་མ་བསྒྲུབས་པའམ་སྡིག་པའི་ལས་བྱས་པའི་འགྱོད་པ་ལས་བྱུང་བའི་སེམས་ཀྱི་གདུང་བ་ཡིན། འདི་ནི་ད་ལྟ་ཤི་ཁར་དང་ཕྱི་མ་ངན་འགྲོར་སྐྱེ་བའི་ཚེ་གཉིས་ཀར་མྱོང་བ་ཞིག་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

སེམས་ཞེས་པ་ནི་རྣམ་ཤེས་དང་ཡིད་ཀྱི་དོན་ཡིན་ལ། གདུང་བ་ཞེས་པ་ནི་སྡུག་བསྔལ་གྱིས་ཕྲེང་བ་དང་གནོད་པ་བྱེད་པ་ལ་གོ །

མཚན་ཉིད།'

[རྩོམ་སྒྲིག]

སེམས་གདུང་གི་མཚན་ཉིད་ནི་འགྱོད་པ་དང་མྱ་ངན་གྱི་མེས་སེམས་ལ་ཕྲེང་བ་སྟེ། "འགྱོད་པ་མི་བཟད་པའི་མེ་འབར་བས་རང་གི་སེམས་གདུང་བར་འགྱུར་བ་གདོན་མི་ཟ་"[]ཞེས་གསུངས་པ་ལྟར་རོ། །

དབྱེ་བ།

[རྩོམ་སྒྲིག]

ད་ལྟའི་སེམས་གདུང་། འདི་ནི་འཆི་བར་འགྱུར་བའི་དུས་སུ་དགེ་བ་མ་བསྒྲུབས་པའི་འགྱོད་པ་ལས་བྱུང་བའི་མྱ་ངན་ཆེན་པོ་ཡིན། "སྒྱིད་ལུག་ན་ངན་འགྲོར་འགྲོ་བར་ཤེས་ནས་འཆི་བར་འགྱུར་བའི་དུས་ཀྱི་ཚེ་མྱ་ངན་ཆེན་པོ་ལྡང་བར་འགྱུར་"[]ཞེས་གསུངས།

ཕྱི་མའི་སེམས་གདུང་། འདི་ནི་དམྱལ་བར་སྐྱེས་པའི་ཚེ་དམྱལ་མེས་ལུས་ལ་བསྲེགས་པའི་སྡུག་བསྔལ་མྱོང་ཞིང་། དམྱལ་སྲུང་རྣམས་ཀྱིས་སྔར་གྱི་སྡིག་ལས་སྐོར་གོ་བརྡ་སྤྲད་པ་ལ་བརྟེན་ནས་འགྱོད་པའི་མེས་སེམས་ལ་བསྲེགས་པའི་གདུང་བ་ཡིན། "འགྱོད་པ་མི་བཟད་པའི་མེ་འབར་བས་རང་གི་སེམས་བསྲེགས་ནས་གདུང་བར་འགྱུར་བ་གདོན་མི་ཟ་བར་འབྱུང་ངེས་"[]ཞེས་གསུངས།

སེམས་གདུང་གི་ཉེས་དམིགས།

[རྩོམ་སྒྲིག]

འགྱོད་པས་སེམས་གདུང་བ་ནི་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་ཡིན་ཏེ། "ནང་སེམས་ལ་འགྱོད་པ་མི་བཟད་པ་མེ་རབ་ཏུ་འབར་བ་དང་འདྲ་བ་སྐྱེ་བས་སེམས་ལ་སྡུག་བསྔལ་གྱི་གདུང་བ་དྲག་པོ་བཟོད་པར་དཀའ་བ་མྱོང་བར་འགྱུར་བར་གདོན་མི་ཟ་བ་"[]སྟེ་ཞེས་གསུངས། དེ་ཡང་འགྱོད་པའི་སེམས་ཀྱིས་སེམས་ལ་མེ་འབར་བ་བཞིན་སྡུག་བསྔལ་གྱི་གདུང་བ་དྲག་པོ་སྐྱེད་པར་གསུངས་པ་ཡིན།

སྤོང་ཐབས།

[རྩོམ་སྒྲིག]

དགེ་བའི་ལས་ལ་བརྩོན་པ། སེམས་གདུང་སྤོང་ཐབས་ནི་སྡིག་པ་མ་བྱེད་པར་དགེ་བ་སྒྲུབ་པ་ཡིན་ཏེ། "འདི་ལ་ཡང་མི་ལུས་ཐོབ་དུས་དགེ་བ་མ་བྱས་ན་རང་གི་རང་བསླུས་པར་བསྟན་པ་དང་། ཕྱི་དུས་སུ་འགྱོད་པ་དང་། དམྱལ་བར་སྐྱེས་པའི་ཚེ་འགྱོད་པ་"[]ཞེས་གསུངས་པ་ལྟར། དལ་འབྱོར་གྱི་མི་ལུས་ཐོབ་པའི་ཚེ་དགེ་བ་མ་སྒོམས་ན་རང་ཉིད་རང་གིས་བསླུས་པ་ཡིན་ལ། དེས་ན་ད་ལྟ་ནས་དགེ་བར་འབད་དགོས་པར་གསུངས་པ་ཡིན།

བསླབ་པ་ལ་འབད་པ། སེམས་གདུང་མ་སྐྱེ་བའི་དོན་དུ་བསླབ་པ་གསུམ་ལ་འབད་དགོས་ཏེ། "བསླབ་པ་ལ་མ་འབད་ན་འཆི་བར་གྱུར་པའི་དུས་ཀྱི་ཚེ་འགྱོད་ཅིང་མྱ་ངན་ཆེན་པོ་ལྡང་བར་འགྱུར་"[]ཞེས་གསུངས། དེ་ཡང་ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་པ་གསུམ་ལ་མ་སྦྱངས་ན་འཆི་ཀར་འགྱོད་པས་སེམས་གདུང་བར་གྱུར་པས། ད་ལྟ་ནས་བསླབ་པ་ལ་འབད་དགོས་པར་བསྟན་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

སེམས་གདུང་ནི་དགེ་བ་མ་བསྒྲུབས་པའམ་སྡིག་པ་བྱས་པའི་འགྱོད་པ་ལས་བྱུང་བའི་སེམས་ཀྱི་གདུང་བ་དྲག་པོ་ཡིན། འདི་ནི་ད་ལྟ་དང་ཕྱི་མ་གཉིས་ཀར་མྱོང་བ་ཞིག་ཡིན་ལ། ཏིང་ངེ་འཛིན་དང་དེ་ཁོ་ན་ཉིད་མཐོང་བ་ལ་ཡང་བགེགས་བྱེད། སྤོང་ཐབས་ནི་ད་ལྟ་ནས་དགེ་བའི་ཆོས་ལ་བརྩོན་ཅིང་ཉོན་མོངས་པ་སྤང་བ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་གྲངས།༧༡
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར་། ཤོག་གྲངས། ༧༡
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་གྲངས། ༣༡༡
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་གྲངས། ༢༡༧
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༣༣༨
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༥༦