སེང་བློན་
གླིང་ཆུང་རྒྱུད་ཆོས་ལ་འཕན་གྱི་སྲས་ཆུང་བ་དང་། ཕུ་ནུ་སུམ་ཅུའི་ཡ་གྱལ་ཏེ། གླིང་རྗེ་གེ་སར་རྒྱལ་པོའི་ཡབ་ཆེན་ཡིན་ལ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཡབ་གཅིག་ཡུམ་མ་གཅིག་པའི་སྤུན་མཆེད་ཀྱང་ཡིན། སྒྲུང་ཡིག་རྣམས་ལས་ཁོང་ལ་སེང་བློན་རྒྱལ་པོ་ཞེས་འབོད་ཅིང་། དབང་ཐང་ཅན་གྱི་གླིང་གི་ཚོ་དཔོན་ཞིག་ཀྱང་རེད།གླིང་དང་སྡེ་ཤོག་གཞན་དག་འཁྲུག་སྐབས་གཏང་མར་བླངས་པའི་བུད་མེད་སེང་བློན་གྱིས་ཁབ་ཏུ་བཞེས་པ་ཡིན། དཔེར་ན། འགོག་གླིང་འཁྲུག་སྐབས་འགོག་བཟའ་ཏེ་གེ་སར་གྱི་ཡུམ་འགོག་མོ་དང་། རོང་གླིང་འཁྲུག་སྐབས་རོང་བཟའ་ཤེལ་སྒྲོན་ཁབ་བཞེས། ཁོང་ནི་ཁྲ་མོ་གླིང་གི་མི་དཔོན་ཆེ་དགུའི་འདུ་འཛོམས་དང་རྒྱལ་སྲིད་ཀྱི་མཛད་སྒོ་སོགས་སུ་ཕེབས་བཞུགས་ཀྱི་སྐོར་ཙམ་ཞིག་གླེང་བ་ལས་སྒྲུང་ཡིག་ནང་དུ་མཛད་པ་དངོས་ཀྱི་རྣམ་ཐར་མི་གསལ། ཧོར་དམག་གླིང་ཡུལ་དུ་བཙན་འཛུལ་བྱས་རྗེས། ཁྲོ་ཐུང་གིས་གླིང་རུར་དབང་བསྒྱུར་སྐབས།སེང་བློན་གྱི་དབང་ཤུགས་ཉམས་དམའ་བར་གྱུར་ཏེ་བརྙས་བཅོས་མང་ཙམ་ཐེབས་པར་བཤད།