སེ་ར་ཕུར་མཇལ
དེ་ཡང་ཕུར་པ་འདི་ཉིད་ནི་སྐྱེ་འགྲོ་ཡོངས་ལ་ལྷ་སྲིན་སྡེ་བརྒྱད་དང་ས་བདག་ཀླུ་གཉན་སོགས་ཀྱི་གནོད་པ་འཇོམས་ནུས་པའི་ཡིི་དམ་ཁྱད་པར་ཅན་ཞིག་ཡིན། སྔོན་ཆོས་སྐུ་ཀུན་ཏུ་བཟང་པོས་ཆོས་སྐོར་རྣམས་བཀའ་བསྩལ་པ་དང་དེའི་སྐབས་སུ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ནས་ཕུར་པ་ཟབ་ཆོས་དང་བཅས་པ་རྒྱ་གར་བསིལ་བ་ཚལ་དུ་གཏེར་དུ་སྦས་པ་དང་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གཏེར་ནས་བཞེས་ཏེ་ཕུར་ལུགས་བོད་ཁམས་ཡུལ་དུ་སྤེལ་བ་དང་དུས་རབས་བརྒྱད་པར་སློབ་དཔོན་གྱིས་སླར་ཡང་བྲག་ཡེར་པའི་འདབས་རོལ་དུ་གཏེར་དུ་སྦས། དུས་རབས་༡༣ནང་གྲུབ་ཐོབ་དར་འཕྱར་བས་གཏེར་ནས་བཞེས་ཏེ་རྒྱུད་པ་བར་མི་ཆད་པ་བྱུང་། སྐབས་དེ་དུས་གྲུབ་ཐོབ་དར་འཕྱར་བས་ཕུར་པའི་ནུས་པ་ལ་བརྟེན་ནས་མུ་སྟེགས་པའི་རྫུ་འཕྲུལ་ཕམ་པར་མཛད་པ་དང་དང་ས་པན་ཀུན་དགའ་རྒྱལ་མཚན་གྱིས་ཆོས་རྩོད་ཀྱིས་མུ་སྟེགས་པ་ཕམ་ཚུལ་གྱི་ལོ་རྒྱུས་སོགས་བྱུང་བ་ཡིན། དུས་་རབས་༡༥ནང་སེར་བྱེས་གྲྭ་ཚང་ཕྱག་འདེབས་མཁན་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་ཕ་མེས་ཀྱི་ཐུགས་དམ་གྱི་རྟེན་དེ་ཉིད་གྲྭ་ཚང་དེར་བཞག་གནང་མཛད། དུས་རབས་༡༧ནང་རྒྱལ་བ་ལྔ་པ་ཆེན་པོས་ཕུར་པ་དེ་སེར་དགོན་ནས་གཡར་གནང་མཛད་དེ་རྒྱ་ཆེའི་མང་ཚོགས་ལ་མཇལ་ཁ་གནང་བས་དེ་ནས་བཟུང་ཕུར་མཇལ་གནང་བའི་སྲོལ་དར། ལོ་ལྟར་བོད་ཟླ་༡༢ཚེས་༢༧ཉིན་སེར་བྱེས་མཁན་པོས་ཕུར་མཇལ་གནང་གི་ཡོད།