སུམ་པ་
སྐ་ཞབས་ཧྥན་ལྦེན་ལན་(范文澜)གྱིས་བརྩམས་པའི་《ཀྲུང་གོའི་ལོ་རྒྱུས་དེབ་ཐེར་》《中国通史》ཞེས་པའི་ནང་གསལ་བར་སུམ་པ་ཡང་འཇང་རིགས་ཀྱི་ཚོ་པ་ཁག་གཅིག་ཡིན་ལ་ཐོག་མར་རྨ་ཆུ་འབབ་ཡུལ་དུ་གནས་ཤིང་། ཕྱིས་བོད་ལྗོངས་སུ་གནས་སྤོས་བྱས་རྗེས་སྐྱིད་ཤོད་ལྷ་ས་རྒྱུད་ལྟེ་བ་བྱས་ཏེ་གཞིས་ཆགས་པ་དང་། ས་རྒྱ་ཆེན་པོ་བཟུང་ཡོད་། སུས་རྒྱལ་རབས་ཀྱི་གོང་མ་སུས་ལྦེན་ངྷིས་ཀྱི་ཁེ་ཧོང་ཁྲི་ལོགདྲུག་པ་སྤྱི་ལོ་༥༨༦ལོ་ལ་ཕོ་ཉ་བ་མངགས་ཏེ་སྐྱེས་འབུལ་བྱས་། སུས་རྒྱལ་རབས་ཀྱི་དིབ་ཐེར་ནུབ་ཕྱོགས་ཀྱི་ལྗོངས་ཞེས་པའི་ནང་དུ་སུམ་པ་ལ་རྒྱལ་མོའི་ཁབ་ཅེས་བྲིས་ཡོད་པདེ་ནི་སུམ་པའི་རྒྱལ་པོ་་བུད་མེད་ཡིན་པའི་རྐྱེན་གྱིས་ཡིན་། སུམ་པའི་ལུགས་ལ་བུད་མེད་རྣམས་མཆོག་ཏུ་འཛིན་ཅིང་ཕོ་རྣམས་དམན་པར་ལྟ་། རྒྱལ་སྲིད་རྒྱལ་མོ་དང་རྒྱལ་མོ་ཆུང་བ་གཉིས་ཀྱིས་འཛིན་པ་ལ་། རྒྱལ་མོ་ཤི་རྫེས་རྗེ་རིགས་ཀྱི་ནང་ནས་བུད་མེད་མཛངས་མ་གཉིས་འདམས་ཏེ་གཅིག་གིས་རྒྱལ་མོ་དང་། གཅིགགིས་རྒྱལ་མོ་ཆུང་བ་བྱེད་། སྐྱེས་པ་ཕོ་རྣམས་ཀྱིས་གཡུལ་གྱི་བྱ་བ་ཁོ་ན་ལས་སྲིད་དོན་ལ་མི་ཞུགས་། རྒྱལ་མོའི་ཁྱོ་བོ་ལ་ཅིན་ཅུས་ཞེས་ཟེར་ཞིང་། ཁོ་ཡང་སྲིད་ཀྱི་བྱ་བ་ལ་མི་ཞུགས་། འདི་ནི་མ་རྒྱུད་རུས་རྒྱུད་ཀུང་ཧྲེའི་ལྷག་འཕྲོ་ཡིན་ཞིང་། སྤྱི་ཚོགས་གོང་དུ་འཕེལ་བ་དང་བསྟུན་ནས་ལམ་ལུགས་དེ་ཡང་འཐོར་ངེས་རེད་ཅེས་གསལ་། འོན་ཀྱང་སུམ་པའི་ཡུལ་འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་བར་སྐབས་ལོ་རྒྱུས་སྨྲ་བའི་མཁས་པ་ཚོའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་། ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོས་མཛད་པའི་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་》ནང་སྨར་ཁམས་ཀྱི་ཡུལ་འདི་ཡིན་ཞེས་གསུངས་པ་དེ་《ཆོས་འབྲུང་མཁས་པའི་དགའ་སྟོན་》ནང་དུ་གསལ་བའི་རྒོད་ཚང་སྟོད་སྨད་གཉིས་དང་། ནགས་ཤོད་བཅས་དེང་སང་གི་ས་མིང་་དཀར་ཆག་ནང་བར་ཁམས་རྒྱུད་ཀྱི་ས་ཆའི་གྲས་སུ་གསར་པོར་འཁོད་པ་རྣམས་ཡོངས་སུ་མཐུན་པར་འདུག་པས་མདོ་སྟོད་ཀྱི་ས་གནས་རྣམས་སུམ་པའི་ཡུལ་ལ་ངོས་འཛིན་བྱེད་ཆོག་པ་འདུན་སྙམ་། སུམ་པ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་ནས་བོད་ཀྱི་མངས་འོག་ཏུ་བསྡུས་ཟིན་པ་དང་། སྲོང་བཙན་སྐུ་གཞོན་ནུའི་སྐབས་སུམ་པས་ངོ་ལོག་བྱས་པ་མྱང་མང་པོ་རྗེ་ཞང་སྣང་གིས་དམག་དྲངས་མི་དགོས་པར་གཡོ་ཐབས་ཀྱི་སྒོ་ནས་མངས་འོག་ཏུ་བསྡུས་པ་དང་སུམ་པའི་ཤོ་ཚུགས་དང་ལས་དོན་དོ་དམ་བྱེད་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་ཚིགས་གནད་བསྡུས་ནང་གསལ་བས་། 《ཐང་ཡིག་གསར་མའི་》ནང་བཤད་པའི་སུ་བི་དང་གཅིག་ཡིན་པའི་བཤད་ཚུལ་དེ་ལ་དོགས་པ་ཆེན་པོ་འདུག་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།