Jump to content

སུ་པོ་ཥྱོ་མེ་བྷ་ཝ།

ཡོང་ཁུངས་Wikipedia

སུ་པོ་ཥྱོ་མེ་བྷ་ཝ་ནི་རྡོ་རྗེ་སེམས་དཔའ་ཡི་ཡི་གེ་བརྒྱ་པ་ཞེས་གྲགས་པའི་གསང་སྔགས་ཀྱི་ནང་གི་སྔགས་ཚིག་གལ་ཆེན་ཞིག་སྟེ། བོད་སྐད་དུ། བདག་ལ་ཤིནཏུ་རྒྱས་པའི་རང་བཞིན་དུ་མཛོད།[] ཅེས་པའི་དོན་ནོ། །

ཚིགའགྲེལ།

[རྩོམ་སྒྲིག]

སུ་པོ་ཥྱོ་མེ་བྷ་ཝ་ཞེས་པའི་འབྲུ་འགྲེལ་ལ། "སུ་ནི་ལེགས་པར། པོ་ཥྱོ་ནི་རྒྱས་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག། དེ་བསྡོམས་ན། ལེགས་པར་རྒྱས་པར་བདག་མཛོད་ཅིག" [] ཅེས་དང་། ཡང་"སུ་པོ་ཥྱཿཤིན་ཏུ་རྒྱས་པའམ་ལེགས་པར་རྒྱས་པ། མེ་བྷ་ཝ་སྔ་མ་རྣམས་དང་འདྲ་བ་སྟེ་བསྡོམས་པས་སུ་པོ་ཥྱོ་མེ་བྷ་ཝ་ཞེས་སོ།"[] "སུ་པོཥྱོ་མེ་བྷ་ཝ་བདག་ལ་ཤིནཏུ་རྒྱས་པའི་རང་བཞིན་དུམཛོད།" [] "སུ་པོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པའི་རང་བཞིན་དུ་མཛོད།"[]

ཀློག་ཚུལ།

[རྩོམ་སྒྲིག]

སུ་པོ་ཥྱོ་མེ་བྷ་ཝ་ཞེས་པའི་"ཀློག་ཚུལ་ལ་འགའ་ཞིག་གིས་ཏོས་ཡོ་ཞེས་དང་། འགའ་ཞིག་གིས་ཏོ་ཥ་ཡོ་ཞེས་ཀློག་པ་ནི་ནམ་ཡང་མི་འཐད་དེ། སྔ་མས་ཥ྄འི་སྒྲ་ཟུར་མ་ཐོན་པའི་ཕྱིར་དང་། ཕྱི་མས་ཥ྄་ཡིག་སྲོག་ཅན་དུ་བཀླགས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན་ཥ྄་ཡིག་གི་ཟུར་ཐོན་ཙམ་གྱིས་ཏོ་ལ་ཡར་སྦྱར་ཏེ་ཀློག་པ་ཡིན་ཞིང་འཆད་འགྱུར་པོཥྱོ་ལའང་འགྲེའོ།"[]

དོན་འགྲེལ།

[རྩོམ་སྒྲིག]

སུ་པོ་ཥྱོ་མེ་བྷ་ཝ་ཞེས་པའི་དོན་ནི། "དེའང་བདག་ཤིན་ཏུ་རྒྱས་པར་མཛོད་ཅེས་པ་སྟེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པར་མཛོད་ཅིག་པའི་དོན་ནོ།"[] ཞེས་གསུངས་ཡོད།

ཡང་ཐེག་པ་སོ་སོར་སྦྱར་ན། "སྟོན་པ་མཚུངས་པ་མེད་པའི་གསུང་གི་བདུད་རྩིའི་སྙིང་པོ་ཉན་རང་དགྲ་བཅོམ་རྣམས་ཆོས་དང་གང་ཟག་གི་བདག་མེད་ཕྱེད་གཉིས་སྤངས་དང་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་སེམས་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། གསང་སྔགས་ཕྱི་རྒྱུད་པ་རྣམས་ཀྱི་དོན་དམ་མཚན་མ་མེད་པའི་དབྱིངས་ལས་ཀུན་རྫོབ་རིགས་གསུམ་རྡོ་རྗེ་འཛིན་པའི་སྤངས་རྟོགས་དང་། ནང་རྒྱུད་བསྐྱེད་པ་མ་ཧཱ་ཡོ་གའི་དག་མཉམ་བདེན་པ་དབྱེར་མེད་རྟོགས་པའི་ལྟ་སྒོམ་སྤྱོད་འབྲས་དང་། ལུང་ཆེན་ཨ་ནུ་ཡོ་གའི་ནང་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་དཀྱིལ་འཁོར་གསུམ་གྱི་བྱང་ཆུབ་པའི་ལྟ་སྒོམ་སྤྱོད་འབྲས་དང་། རྫོགས་ཆེན་ཨ་ཏི་ཡོ་གའི་རང་རིག་གདོད་ནས་སྐུ་གསུམ་ངོ་བོར་རྟོགས་པའི་རིག་སྟོང་ཟུང་འཇུག་ཐིག་ལེ་ཉག་གཅིག་རང་རིག་རྡོ་རྗེ་སེམས་དཔའི་ཀློང་དུ་ལ་བཟླ་བའི་མན་ངག།"[] ཞེས་གསུངས་སོ། །

སྒོམ་སྒྲུབ་ཀྱི་དབང་དུ་བྱས་ན། "སྔོན་འགྲོ་འཁོར་འདས་རུ་ཤན་ཕྱེས། ལུས་ངག་ཡིད་གསུམ་སྦྱོང་སྟེ་སོར་གཞུག་དང་རྣལ་དུ་དབབ། དངོས་གཞི་ཀ་དག་ཁྲེགས་གཅོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ལམ་མཆོག་བསྒོམ་ནས་ཚེ་གཅིག་ལུས་གཅིག་རང་རིག་གདོད་མའི་རྒྱལ་སར་འགོད་པའི་འོད་གསལ་སྣང་བཞིའི་ལམ་མཆོག་མཐར་ཕྱིན་ཏེ་ལེགས་པར་རྒྱས་པར་བདག་མཛོད་ཅིག་ཅེས་པའོ།"[] ཞེས་པ་དང་། "བདག་གི་ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པར་མཛོད། བྱང་ཆུབ་མ་ཐོབ་བར་བདག་རྗེས་སུ་ཆགས་པའམ་བརྩེ་བས་མ་འདོར་ཞིང་།"[༡༠] ཞེས་པའང་འགྲེལ་ཚུལ་འདུག

ལུང་ཁུངས།

[རྩོམ་སྒྲིག]
  1. རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཨ་ཁུ་ཤེས་རབ་རྒྱ་མཚོ།
  2. མཁན་པོ་དཔལ་ལྡན་ཤེས་རབ། གསང་སྔགས་ཡིག་བརྒྱའི་འགྲེལ་པ། །
  3. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་བའི་དོན་ཉུང་ངུ་།
  4. རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཨ་ཁུ་ཤེས་རབ་རྒྱ་མཚོ།
  5. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ། པཎ་ཆེན་བློ་བཟང་ཆོས་རྒྱན།
  6. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་དོན་ཉུང་ངུ།
  7. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་དོན་ཉུང་ངུ་།
  8. ཡི་གེ་བརྒྱ་པའི་ཚིག་འགྲེལ། མཁན་པོ་དཔལ་ལྡན་ཤེས་རབ།
  9. མཁན་པོ་དཔལ་ལྡན་ཤེས་རབ། ཡི་གེ་བརྒྱ་པའི་ཚིག་འགྲེལ།
  10. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།