Jump to content

སིདྒྷའི་གླིང་

ཡོང་ཁུངས་Wikipedia

རྒྱ་གར་སྐད་དུ་ཤྲི་ལངྐ་ཟེར་བའི་སྒྲ་ཟུར་ཆག་པ་སྟེ་བོད་སྐད་དུ་སིངྐ་ལ་ཟེར་བའི་ཡུལ་དེ་ཡིན་། འདིའི་ལོ་རྒྱུས་བོད་ཡིག་ཐོག་བྲིས་པའི་ནང་སྔར་ཡུལ་དེ་སྲིན་པོ་མི་ཤ་ཟ་བའི་རྒྱལ་ཁམས་ཡིན་པ་ལ་། སྤྱན་རས་གཟིགས་ཀྱིས་དེ་འདུས་བའི་ཆེད་དུ་ཚོང་དཔོན་ཆེན་པོ་སེང་གེ་བྱ་བར་སྐྱེ་བ་བཞེས་ནས་ཡུལ་དེའི་སྲིན་པོ་རྣམས་ཚར་བཅད་དེ་རིམ་གྱིས་མི་ཡུལ་གྱི་གྲོང་ཁྱེར་ཞིག་ཏུ་་གྱུར་པ་དེ་ལ་རྫེས་དྲན་ཞུ་བའི་ཆེད་དུ་ཡུལ་གྱི་མིང་སིངྐ་ལ་ཞེས་འབོད་པ་ཡིན་ཟེར་སྲོལ་འདུག་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་ 《རྒྱ་གར་གནས་ཆེན་ཁག་གི་ལམ་ཡིག་》ལས་། རྒྱ་གར་ལྷོ་ཕྱོགས་ར་མེ་ཤྭ་ར་ནས་མཚོ་ཐོག་ཏུ་ཅུང་ཟད་སོང་ན་སིངྐ་ལའི་གླིང་དུ་སླེབས་ཤིང་། ཡུལ་དེར་བྱེ་བྲག་སྨྲ་བའི་དགེ་འདུན་གྲངས་མེད་པ་བཞུགས་པ་དང་། སྟེ་པ་བཅོ་བརྒྱད་ཀྱི་ནང་ཚན་འཇིགས་མེད་རི་དང་། གཙུག་གམ་ཁང་ཆེན་པོ་ལ་གནས་པ་གསུམ་ཀའི་རྩགབའི་གནས་གཞི་ཡང་གླིང་དེར་ཡོད་། སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཙམ་གྱི་དུས་རྒྱལ་པོ་མྱ་ངན་མེད་ཀྱི་སྲས་གནས་བརྟན་དབང་ཆེན་སྡེ་དང་། དེའི་སྲིང་མོ་འཕགས་མ་དགེ་འདུན་རྩ་ལག་མ་གཉིས་ཀྱིས་གནས་འདིར་སངས་རྒྱས་ཀྱི་ཆོས་ལུགས་ཐོག་མར་སྤེལ་། དི་ནས་བཟུང་ལོ་ཉིས་སྟོང་ལྷག་ཙམ་གྱི་རིང་ལ་སངས་རྒྱས་ཆོས་ལུགས་མ་ཉམས་པར་གནས་པས་ནང་པ་སངས་རྒྱས་པའི་ཆོས་མ་ཉམས་པར་གནས་པའི་ཡུལ་ཀུན་གྱི་ནང་ནས་རྒན་ཤོས་ལྟ་བུ་ཡིན་། གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་ཀྱི་བཀའ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོལ་མང་པོ་ཡོད་། ཡུལ་དེའི་རྟེན་གྱི་གཙོ་བོ་ནི་ཀན་ངྷི་ན་ཀ་ལིངྷའི་རྒྱལ་པོའི་གདུང་སྐལ་སངས་རྒྱས་ཀྱི་མཚེ་བ་དང་། ཨ་ནུ་ར་བྷ་ར་ན་རྒྱལ་པོ་མྱ་ངན་མེད་ཀྱིས་སྐྱེས་སུ་བསྐུར་བའི་བྱང་ཆུབ་ཀྱི་ཤིང་། རི་བོ་ཤྲི་པ་དཱའི་རྩེར་སངས་རྒྱས་ཀྱི་ཞབས་རྗེས་བཅས་ཡོད་ཅིང་། ལོ་རེ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མོ་སངས་རྒྱས་ལ་རྫེས་དྲན་ཞུ་བའི་དུས་སྟོན་ཆེན་པོ་བྱེད་ཀྱི་ཡོད་པ་སོགས་གསུངས་འདུག་། ཞིབ་པར་ཁོང་གིས་མཛད་པའི་《སིངྐ་ལའི་གནས་ཡིག་》ཅིས་པའི་དཔི་དིབ་ཅིག་ང་རང་ལོ་ན་ཆུང་དུས་སུ་མཐོང་མྱོང་བ་དི་ཡི་ནང་སྐབས་དེར་དངོས་སུ་གཟིགས་པའི་གནས་ཚུལ་མང་པོ་ཞིག་གསལ་པོར་གསུངས་འདུག་པས་རྗེས་སུ་འཚོལ་དགོས་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།