སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་

ཡོང་ཁུངས་Wikipedia

སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པའི་དེབ་འདི་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ཏུ་མིང་གི་ཟུར་ཙམ་ཡང་བཀོད་མེད་ཀྱང་།སིངྒལའི་དེང་རབས་ཀྱི་ལོ་རྒྱུས་ཁྲོད་ན་སྙན་གྲགས་ཧ་ཅང་ཆེ་བའི་བོད་པའི་དགེ་སློང་སྤེན་པ་དོན་གྲུབ་(1901-1951)མཆོག་གི་སྐུ་ཚེའི་མཛད་པ་བཀོད་པའི་དེབ་མཆོག་ཞིག་རེད།


དེབ་འདིའི་ནང་དུ། དུས་རབས་ཉི་ཤུའི་འགོ་སྟོད་དུ་བོད་འབྲས་མོ་ལྗོངས་སུ་འཁྲུངས་པའི་བོད་མི་སྤེན་པ་དོན་གྲུབ་ལགས་སིངྒལའི་གླིང་དུ་ཇི་ལྟར་ཕེབས་ཚུལ་ནས། དེར་ཆོས་པ་དང་སྲིད་དོན་པ། སྙན་ངག་པ་སོགས་ཀྱི་མཛད་པ་ཅི་བསྐྱངས་དང་།སྙན་གྲགས་ཇི་ལྟར་རྒྱས་པའི་མི་ཚེའི་ལོ་རྒྱུས་གཙོར་འདོན་བྱས་ཡོད་ལ། ཞོར་དུ་བོད་པའི་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཀྱིས་གླེང་མྱོང་མེད་པའི་བདག་ཅག་གི་སྟོན་པ་སིངྒལར་ཐེངས་ཅི་ཙམ་ཕེབས་པ་དང་། སིངྒལའི་གླིང་དུ་རྒྱལ་བསྟན་གྱི་འཕེལ་འགྲིབ་ལན་ཅི་ཙམ་བྱུང་བའི་ལོ་རྒྱུས། དེ་མིན་ཕྱི་ལོ་ ༡༩༤༣ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་སིངྒལའི་གླིང་དུ་ཕེབས་སྐབས་བོད་ཀྱི་དགེ་སློང་ཁོང་དང་ཐུག་འཕྲད་བྱུང་ཡོད་ན་ཡང་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དུ་དགེ་སློང་ཁོང་གླེང་སློང་བྱས་མེད་པའི་གནས་ཚུལ་ལ་དོགས་སློང་ཡང་བྱས་ཡོད།


རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ནས་ལོ་གཉིས་ཙམ་གྱི་རིང་ལ་སིངྒལར་ཐེངས་གཉིས་དང་། འབྲུག་ཡུལ་དང་འབྲས་ལྗོངས། ཀ་སྦུག་དང་ཀ་ལི་ཀ་ཏ་བཅས་འབྲེལ་ཡོད་ཀྱི་ས་གནས་ཁག་ལ་ཆེད་བསྐྱོད་ཀྱིས་དཔེ་དེབ་འདིའི་བརྗོད་གཞིར་གྱུར་བའི་སྐྱེས་ཆེན་དམ་པ་འདིའི་གནས་ཚུལ་འཚོལ་སྒྲུབ་བྱས་ཡོད། དེབ་འདིའི་ནང་དུ་རྩོམ་པ་པོས་སྐྱེས་ཆེན་འདིར་དོ་སྣང་ཇི་ལྟར་བྱས་ཚུལ་ནས་འགོ་བཟུང་སྟེ་ཁོང་གི་སྐུ་ཚེ་ཧྲིལ་བོའི་བྱུང་རིམ་རྣམས་ཉིན་ཐོའི་ཚུལ་དུ་བྲིས་ཤིང་། དཔྱད་གཞིའི་ཡིག་ཆར་མཚོན་ན། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ཡས་མས་སུ་སིངྒལའི་གཞུང་དང་འབྲས་ལྗོངས་ཆོས་རྒྱལ་བར་བྱུང་བའི་ཡིག་འབྲེལ་རྙིང་པ་ཁག་དང་། ཕྱི་ལོ་ ༡༩༥༡ ལོར་བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་སྐུ་མྱ་ངན་ལས་འདས་སྐབས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་སྤེལ་བའི་གསར་ཤོག་རྙིང་པ་ཁག་ཅིག་དང་།ཁོང་སྐུ་མྱ་ངན་ལས་འདས་རྗེས་མཁས་དབང་ཁག་གཅིག་མཉམ་སྦྲེལ་གྱིས་བྲིས་པའི་ཁོང་གི་སྐུ་ཚེའི་ལོ་རྒྱུས་སོགས་གཞིར་བཟུང་ཡོདལ། གཞན་ཡང་ཕྱི་ལོ་ ༡༩༡༤ ལོར་སྤེན་པ་དོན་གྲུབ་དང་ཁོང་གི་གཅེན་པོ་ཕུར་བུ་དོན་གྲུབ་གཉིས་སིངྒལའི་ཡུལ་དུ་མཉམ་ཁྲིད་གནང་མཁན་འཇར་མན་པ་ཛྙཱཏེལོཀ་ཡི་མི་ཚེའི་ལོ་རྒྱུས་ <<The Life of Nyanatiloka Thera >> ཞེས་པའི་དཔེ་དེབ་དང་། རཀ་ར་རིན་པོ་ཆེས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་ <<མཁས་དབང་དྷཱིཿ ཚ་ཨ་ལགས་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོལ་ >> ཞེས་པའི་དཔེ་དེབ་སོགས་ཁུངས་ལྡན་གྱི་ཡིག་ཆ་གང་མང་ལ་གཞི་བཅོལ་ཡོད། དཔེ་དེབ་འདི་ལ་ཤོག་གྲངས་ ༢༨༩ དང་ས་བཅད་ ༢༡། པར་རིས་ ༧༠ ལྷག དེ་ཁརཟུར་མཆན་ ༡༠༧། དེ་མིན་ཧ་ཅང་དཀོན་པའི་ཡིག་ཆ་རྙིང་པ་ཁག་ཅིག་གི་འདྲ་བཤུས་དང་བཅས་བ་དཔེ་དེབ་ཀྱི་མཇུག་ཏུ་བཀོད་ཡོད་པ་དེའོ།།