སརྦ་སིདྡྷི་མྨེ་པྲ་ཡཙྪ་
སརྦ་སིདྡྷི་མྨེ་པྲ་ཡཙྪ་ ཞེས་པ་ནི་བོད་སྐད་དུ་ "དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་" ཞེས་པའི་དོན་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པ་ཡི་སྔགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། སྔགས་འདི་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གསོལ་བ་འདེབས་པའི་སྔགས་ཚིག་ཡིན་ལ། རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་འགྲོ་བའི་གདུང་ཤུགས་དང་དད་པའི་རྣམ་པ་མཚོན་པར་བྱེད།
ངེས་ཚིག
[རྩོམ་སྒྲིག]སརྦ་སིདྡྷི་མྨེ་པྲ་ཡཙྪ་ཞེས་པའི་སྔགས་ཚིག་འདི་ལ་ཡིག་ཆ་རྣམས་སུ་ཅུང་ཟད་མི་འདྲ་བ་འབྱུང་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ།"[༡] ཞེས་འགྲེལ་བཤད་མཛད་ཡོད།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "སརྦ་ནི་ཐམས་ཅད་དང་། སིདྡྷི་ནི་དངོས་གྲུབ་དང་། སྨེ་ནི་བདག་ལ་དང་། པྲ་ཡཙྪ་ནི་སྩོལ་ཅིག་ཅེས་པའོ། དེ་བསྡོམས་ན། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ།"[༢] ཞེས་གསལ་བར་བཤད་ཡོད།
དངོས་གྲུབ་ཀྱི་དབྱེ་བ
[རྩོམ་སྒྲིག]སྔགས་འདིས་གསོལ་བ་འདེབས་པའི་དངོས་གྲུབ་ལ་གཉིས་ཏེ་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་བོ།
མཆོག་གི་དངོས་གྲུབ
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "རང་དོན་དུ་སྤངས་རྟོགས་མཐར་ཕྱིན་པ་དང་། གཞན་དོན་མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་ནས་འཁོར་བ་མ་སྟོང་གི་བར་ཕྲིན་ལས་འབད་མེད་ལྷུན་གྲུབ་རྟག་ཁྱབ་འགྱེད་པའི་རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་པ་ནི་མཆོག་གི་དངོས་གྲུབ་ཡིན་ནོ།"[༣] ཞེས་གསུངས།
ཐུན་མོང་གི་དངོས་གྲུབ
[རྩོམ་སྒྲིག]ཐུན་མོང་གི་དངོས་གྲུབ་ལ་རྒྱུད་རྡོ་རྗེ་གུར་ལས་གསུངས་པའི་གྲུབ་པ་བརྒྱད་དང་། "ནད་དང་མུ་གེ་མེ་ཆུ་དམག་མཚོན། རྒྱལ་པོས་ཆད་པ། དུས་མིན་འཆི་བ་སོགས་འཇིགས་པ་བརྒྱད་ཞི་བ་དང་། ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་རྣམས་རྒྱས་པ་"[༤] སོགས་འདུས།
སྔགས་ཀྱི་ཚིག་དོན་རྒྱས་བཤད
[རྩོམ་སྒྲིག]ཨ་ཁུ་ཤེས་རབ་རྒྱ་མཚོས་ "སརྦ་སི་དྷི་མྨེ་པྲ་ཡ་ཙྪ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ།"[༥] ཞེས་གསུངས།
སྔགས་འདི་བཟླས་པའི་ཕན་ཡོན
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ། སརྦ་ཀརྨ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་སྩལ་དུ་གསོལ།"[༦] ཞེས་གསུངས་པ་ལྟར་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད།
ཨ་ཁུ་ཤེས་རབ་རྒྱ་མཚོས་ "དངོས་གྲུབ་དང་དཔལ་གང་ཞེ་ན། ཧ་བཞི་དང་ཉོ་སྟེ་ཡེ་ཤེས་ལྔ་དང་། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཐུགས་རྡོ་རྗེ་བདེ་སྟོང་དབྱེར་མེད་གྱི་ས་བོན་བྷཱུཾ་མོ།"[༧] ཞེས་གསུངས།
དངོས་གྲུབ་ཀྱི་མཚན་ཉིད
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "མདོར་ན་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་ཕྲིན་ལས་བཞིའི་དངོས་གྲུབ་འབད་མེད་དུ་སྩོལ་ཅིག་ཅེས་པའོ།"[༨] ཞེས་གསུངས་པ་ལྟར་དངོས་གྲུབ་ནི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་མཚན་ཉིད་ཅན་ནོ།
འབྲེལ་ཡོད་ཤོག་ངོས།
[རྩོམ་སྒྲིག]ལུང་ཁུངས།
[རྩོམ་སྒྲིག]- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༣
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༣ ། ༡༤
- ↑ ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། མཁན་པོ་དཔལ་ལྡན་ཤེས་རབ། ཤོག་གྲངས་༡༤
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༤
དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]- པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
- སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
- ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
- མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ༡༩༨༧