སད་ཀྱིས་བཅོམ་པའི་མེ་ཏོག
སད་ཀྱིས་བཅོམ་པའི་མེ་ཏོག དཔལ་དོན་གྲུབ་རྒྱལ། བུ་སམ་དཔལ་(བཅུ་ ཀ)
ཚེ་རིང་གི་སྐད་ཆ། ངས་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་ཚུལ་དེ་སེམས་ལ་དྲན་ཐེངས་རེར་དཔྲལ་བའི་མིག་གཉིས་ལས་མཆི་མའི་རྒྱུན་ནི་དབང་མེད་དུ་བཞུར་འོངས་ཏེ། གངས་དཀར་སེམས་ཀྱི་གཏིང་ལ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཞིག་འཁྱིལ་ཞིང་། བསམ་པའི་བརྩེ་དུངས་ཀྱི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་བཟོད་གླགས་མེད་པའི་རླབས་ཕྲེང་གི་ཟེགས་མ་མཁའ་ལ་འཐོར་གྱིན་འདུག མི་ལོ་ཉེར་བཞིའི་རིང་གི་འཇིག་རྟེན་གྱི་འཚོ་བ་ནི་སྐྱིད་སྡུག་འདྲེས་མའི་རྣམ་ཐར་ཞིག་རེད་ཨང་། ལྷ་སྐྱིད་དང་ངེད་གཉིས་ནི་ལྡུམ་ར་གཅིག་གི་ནང་དུ་སྐྱེས་པའི་མེ་ཏོག་གི་གང་བུ་ཆུང་ཆུང་གཉིས་ཡིན་ལ། འཇིག་རྟེན་གྱི་འཚོ་བ་དང་ཆུང་ངུའི་དུས་ཀྱི་མཛའ་མཐུན་གྱི་སྲད་བུས་ངེད་གཉིས་ཀྱི་སེམས་ཀྱི་རྩ་བ་གཞི་གཅིག་ཏུ་སྦྲེལ་བར་མ་ཟད། དུངས་པའི་འདབ་མ་ལྷན་ཅིག་ཏུ་རྒྱས་པ་དང་མཐུན་པའི་མེ་ཏོག་ཀྱང་ཆབས་ཅིག་ཏུ་བཞད་མོད། འོན་ཀྱང་སྙིང་རྗེ་མེད་པའི་གོམས་སྲོལ་གྱི་སད་ངན་ཞིག་གིས་འཚོ་བ་ལ་དགའ་ཞེན་དང་མ་འོངས་རེ་བས་འཁེངས་པའི་མེ་ཏོག་གཞོན་ནུ་མ་ཞིག་གི་ལང་ཚོའི་དཔལ་ཡོན་གློ་བུར་དུ་བཅོམ་པ་དང་། དེ་ལ་ཆགས་ཤིང་འཁོར་བའི་བུང་བ་གཞོན་ནུ་ཡང་སེམས་སྡུག་གི་རྒྱ་མཚོའི་ནང་དུ་ལྷུང་དགོས་བྱུང་། སྤྱིར་སེམས་སྐྱོ་བའི་གཏམ་རྒྱུད་འདི་ང་ལ་བཤད་འདོད་མེད་མོད། འོན་ཀྱང་ངའི་ཕུ་བོས་ང་ལ་ཡང་ཡང་སྐུལ་བར་བརྟེན། ངའི་སེམས་ལ་ཡིད་སྐྱོ་བའི་གཏམ་རྒྱུད་འདི་ལས་ང་ཚོའི་ཕ་མ་དང་རྒན་རབས་རྣམས་ཀྱི་བསམ་བློ་རྨོངས་པའི་རྒྱ་ལས་འགྲོལ་བར་རོགས་རམ་བྱ་ཐུབ་པ་དང་། མ་མཐའ་ཡང་ང་ཚོའི་མི་རབས་ཕྱི་མ་རྣམས་ལ་ལྷ་སྐྱིད་དང་ངེད་གཉིས་ཀྱི་སྡུག་བསྔལ་དེ་མི་འབྱུང་བའི་གསལ་འདེབས་ཤིག་བྱ་ཐུབ་པར་བསམས་ནས་གཏམ་རྒྱུད་འདིའི་མགོ་ངས་གླེང་བ་ཡིན། ལྷ་སྐྱིད་ངེད་གཉིས་ནི་ཁྱིམ་མཚེས་ཡིན་ལ། ཁྱིམ་གཉིས་ཀྱི་བར་ན་གྱང་ལག་གཅིག་མ་གཏོགས་མེད་པས་ཆུང་ངུའི་དུས་ནས་བཟུང་རྩེ་གྲོགས་འདང་ཅན་ཞིག་ཡིན། ང་ཚོས་མཉམ་གཅིག་ཏུ་རྡོ་ཡི་སྡེར་ཁ་བསྒྲིགས་ཏེ་ཕན་ཚུན་ལ་ལོ་གསར་གྱི་ལེགས་སྐྱེས་ཚུལ་དུ་ཕར་འབུལ་ཚུར་འབུལ་བྱས་མྱོང་བར་མ་ཟད་ས་དམར་གྱིས་རྟ་དང་བོང་བུ་སོགས་ལས་ནས་རིག་པ་སུ་རྣོ་བ་དང་ལག་པ་སུ་བདེ་བའི་འགྲན་བསྡུར་ཡང་བྱས་མྱོང་། སྐབས་རེར་ང་ཨ་ཕ་དང་མོ་ཨ་མའི་ཚུལ་བྱས་ནས་གཅིག་གཅིག་ལ་བྱམས་བྱམས་བྱས་པ་དང་། སྐབས་འགར་གཞའ་རེས་ཡིབ་རེས་དང་བདའ་མ་འདེད་རེས་བྱས་ཏེ་རྩེད་མོ་སྐྱིད་པོ་སྣ་ཚོགས་བརྩེས་མྱོང་། ཆུང་ངུའི་དུས་སུ། ལྷ་སྐྱིད་དང་ངེད་གཉིས་ནི་སྤུན་ཟླ་ལྟར་སྙིང་ཉེ་ཞིང་མིང་སྲིང་ལྟར་སེམས་བརྩེ་བ་ཞིག་ཡིན་མོད། འོན་ཀྱང་། ངའི་ཕུ་བོ་རིག་ཡག་དང་ལྷ་སྐྱིད་གཉིས་ནི་ཁྱི་དང་ར་འགྲོགས་པ་ལྟར་གཏན་ནས་མི་མཐུན། སྐབས་རེར་ངའི་ཕུ་བོས་ལྷ་སྐྱིད་ལ་ཐུབ་ཚོད་འདྲ་བྱས་པ་ཡིན་ན། ལྷ་སྐྱིད་ཀྱིས་ང་ལ་སྐྱབས་བཅོལ་བ་དང་། ངས་ཀྱང་མོའི་རྒྱབ་རྩ་མནན་ཏེ་ཕུ་བོར་འཁོན་ལན་བསློགས་པ་ཡིན། ངའི་ཕུ་བོ་ལ་ན་བསྲན་དེ་འདྲ་མེད་པས་ངས་རྒྱུན་པར་ཁོ་ལ་ཐུབ་ཚོད་བྱེད་པ་དང་། ད་དུང་བཙན་ཚུགས་ཀྱིས་ང་ལ་ཕུ་བོ་ཞེས་འབོད་དུ་བཅུག ཉིན་ཞིག་ལ་ཨ་མས་ང་ལ་ཁ་ཅི་ཡང་མི་གྲག་པར་མགོ་རྔ་མེད་པར་ཁུ་ཚུར་གྱི་བརྡུངས་པ་དང་། དེ་ནི་ངས་ཕུ་བོ་ལ་བརྙས་བཅོས་བྱས་པའི་སྐྱིན་པ་ཡིན་ཟེར། ལྷ་སྐྱིད་ཀྱིས་ང་ངུ་བ་མཐོང་ནས། ཨ་རྒྱ་ཚེ་རིང་། ཁྱོད་མ་ངུ་དང་། གལ་སྲིད་རིག་ཡག་གིས་ཁྱོད་ལ་ཕུ་བོ་ཞེས་མི་འབོད་ན། དེ་རིང་ནས་བཟུང་ངས་ཁྱོད་ལ་ཕུ་བོ་ཞེས་འབོད་ཆོག་ཟེར། དེ་ནས་བཟུང་མོས་ང་ལ་ཕུ་བོ་ཞེས་བོས་པ་དང་། ངས་ཀྱང་མོ་ལ་སྲིང་མོ་ཞིག་གི་འདང་བཟུང་བ་ཡིན། ཨེ་མ། ཆུང་དུས་ཀྱི་འཚོ་བའི་གནས་ཚུལ་དེ་ཚོ་ཕྱིར་དྲན་བྱས་ན་ངོ་མ་བློ་དགའ་ཞིང་སྣང་བ་སྐྱིད་པོ་ཞིག་རེད། བྱིས་བློའི་དྲི་མས་སྦགས་ཀྱང་ར་རིའི་སྙིགས་མ་མེད་པའི་བསམ་པ་ཆུང་ཆུང་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་གཞི་གཅིག་ཏུ་མཐུན་སོང་། ཡིན་ན་ཡང་། ལོ་ཟླའི་འཕེལ་འགྲོས་དང་བསྟུན་ནས་ལྷ་སྐྱིད་དང་ངེད་གཉིས་ཀྱི་ན་སོ་རིམ་གྱིས་སྨིན་ཏེ་ལང་ཚོའི་མེ་ཏོག་གི་འདབ་མའང་རྒྱས་པར་གྱུར་སྟབས། ལྷ་སྐྱིད་ཀྱིས་ང་ལ་ཕུ་བོ་ཞེས་འབོད་ཐེངས་རེར་མོའང་དོགས་མི་བདེ་བར་སྣང་ཞིང་། ངས་མོ་ལ་ཨ་ལན་སྟེར་སྐབས་ཀྱང་རང་བཞིན་གྱི་གནས་ཚུལ་ལས་འདའ་དགོས་བྱུང་། དུས་དེ་ནས་བཟུང་། ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་དེ་གོ་རིམ་གསར་བ་ཞིག་ལ་འགྱུར་འགོ་ཚུགས། སྐབས་དེར་ང་རང་སློབ་ཆུང་ནས་མཐར་ཕྱིན་ཏེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་སྤྲོད་པའི་གྲ་སྒྲིག་བྱེད་ཀྱིན་ཡོད། ངའི་ཨ་ཕས་ཀྱང་ང་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་དང་སློབ་སྦྱོང་ལ་འབད་པ་བྱས་ན་འབྱུང་འགྱུར་ལེགས་ཆ་དང་ཕན་པ་འདི་དང་དེ་ལྟ་བུ་ཡོད་ཟེར་ནས་མཛུབ་མོ་འགུག་ཅི་ཐུབ་ཀྱིས་ང་ལ་སློབ་གསོ་བཏང་། སྐབས་དེ་དུས་ཨ་ཕས་རང་ལ་ཤ་ཚ་བ་དང་སྙིང་ཉེ་བ་རེད་སྙམ་ནས་དགའ་ཚོར་ཆེན་པོ་བྱུང་ཡང་། ཕྱིས་སུ་ངས་ད་གཟོད་ཨ་ཕའི་གཏམ་དེ་དག་ལ་དམིགས་ཡུལ་གཞན་པ་ཞིག་ཡོད་པ་ཤེས་སོང་། ཡ། ད་ཁྱོད་སྤུན་གཉིས་ཀ་བློ་ཕ་ལ་འདྲི་མི་དགོས་པ་དང་བྲོ་མ་ལ་སློང་མི་དགོས་པའི་དུས་ལ་བསླེབས་འདུག ཆུང་མ་ལེན་རན་པས་མ་ཚད་འཕྱིས་ཀྱང་འདུག ཅེས་ཉིན་ཞིག་གི་དགོང་ཇ་འཐུང་རྗེས། ངེད་ཕ་བུ་གསུམ་གྱིས་འོ་ཇ་འཐུང་གིན་སྡོད་དུས་ཨ་ཕས་དེ་ལྟར་བཤད། ཡིན་ན་ཡང་། ཁྱེད་སྤུན་གཉིས་ཀྱི་ཆེ་འགོ་རིག་ཡག་རེད། ཕ་གཞིས་བུ་ཆེ་མགོས་སྐྱོང་བ་ནི་འུ་ཅག་བོད་ཀྱི་བཔེ་རེད། ཚེ་རིང་ཨ་ཕས་ང་ལ་མེ་མདའ་ཞིག་འཕངས་ཏེ་མུ་མཐུད་ནས་བཤད་རྒྱུར། ཁྱོད་སྤུན་གཉིས་ཀྱི་ནང་ནས་རིག་རྒོད་པོ་ཁྱེད་རེད། སློབ་གྲྭ་ཞིག་ལ་འགྲོ་ཐུབ་ན་རབ་ཡིན། འགྲོ་མ་ཐུབ་ན་མག་པ་ཞིག་བྱ་དགོས་རྒྱུ་རེད། ཨིན- ཨ་ཕ་འདང་རྒྱག་གི་ནང་དུ་ལྷུང་སོང་། ཕུ་བོའི་གདོང་ལ་རྒྱལ་ཁའི་འཛུམ་མདངས་ཤིག་ཤར་འདུག ང་རང་ནི་ལོ་བཅོ་ལྔ་སོན་མ་ཐག་ཡིན་པས་ཨ་ཕའི་གཏམ་དེ་ཚོ་རྒོད་བྲོ་བ་དགོད་ཞིག་རེད་སྙམ་ནས་ཁོང་དགོད་ཤོར་སོང་། ཨ་ཕས་ང་ཁོང་བྱེད་པ་མཐོང་ནས་ངའི་གཉའ་ལ་ཐལ་ལྕག་ཡ་མོར་རྡེབ་བཞིན། ད་ཁྱོད་གླག་ཕྲུག་དང་འདྲ་ན་གཤོག་རྩལ་རྒྱས་ཟིན། ཉ་ཕྲུག་དང་འདྲ་ན་རྐྱལ་རྩལ་རྒྱས་འདུག ད་སོང་སོང་སོང་། གླག་ཕྲུག་ནམ་འཕང་བསྟོད་རན་རེད། ཉ་ཕྲུག་ཁྱོད་མཚོ་ལ་རྐྱལ་རན་རེད།ཡོན་ཏན་སྦྱོངས་དང་དེ་ལས་ལྷགས་པ་མེད་ཟེར།
ང་རང་སློབ་ཆུང་ན་ཡོད་དུས་སྦྱངས་འབྲས་ཤིན་ཏུ་ལེགས་པས་རྒྱུགས་འཕྲོད་པའི་གདེང་ཚོད་ཤིན་ཏུ་ཆེ་བའི་ཁར། རྒྱུགས་གཞི་རྣམས་ཀྱང་ཅུང་ཟད་སླ་བས་བདེ་བླག་ངང་ནས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་སྤྲད་ནས་འཕྲོས་སོང་། སློབ་གྲྭར་འགྲོ་ཁར། སྡེ་པའི་མི་ཕོ་མོ་རྒན་གཞོན་ཐམས་ཅད་ང་ལ་སྐྱེལ་མ་བྱེད་དུ་འོངས་ཤིང་། མི་ཚོགས་ཀྱི་ཁྲོད་དུ་བུ་མོ་གཞོན་ནུ་མ་ཞིག་གི་མིག་མཐར་མཆི་མ་ཤ་ལེར་མིག་ཧྲིག་ཧྲིག་ཏུ་ལྟ་བཞིན་འདུག བུ་མོ་དེ་སུ་ཡིན་པ་ངས་མ་བཤད་ནའང་ཁྱོད་ཚོའི་སེམས་ན་ཁྲིག་ཁྲིག་རེད། ང་རང་ཡང་མོ་དང་འབྲལ་མི་ཐུབ་པ་ལྟ་བུའི་ཞེ་འདང་ཡོད་མོད། འོན་ཀྱང་། རིག་གནས་སྦྱོང་བའི་འདུན་པ་དེས་ངའི་སེམས་ལ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པས་བདག་ཀྱང་སེམས་རྨོངས་པས་ཁེངས་ཤིང་སོ་མ་ཁར་བཅངས་ནས་ས་རེབ་ཀོང་གསེར་མོ་ལྗོངས་ལ་འགྲོ་སའི་ལམ་ལ་ཆས་པ་ཡིན།
རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནི་རྨ་ལྷོ་ཀྲིག་ཐོག་ན་ཡོད་པ་དང་། སློབ་གྲྭའི་སྒོ་རའི་ནང་དུ་འཛུལ་མ་ཐག་མེ་ཏོག་ཨ་ག་རུའི་དྲི་མ་ཞིམ་པོ་སྣ་ལམ་དུ་མནམས་འོངས་ལ། ལག་པ་གཡས་གཡོན་གྱི་ཕྱོགས་གཉིས་ནི་འབྲས་ལྡན་ལྗོན་ཤིང་གི་ར་བ་ཉམས་དགའ་བ་ཞིག་ཡིན་པ་དང་། ར་བ་གཡས་གཡོན་གཉིས་ཀྱི་མཐའ་བཞི་ལ་གྲལ་འགྲིག་ཅིང་དྲང་བོར་སྐྱེས་པའི་མ་གལ་གྱི་ལྗོན་ཤིང་གིས་འཁེངས་ཡོད་ཅིང་། རྒྱང་ཐག་རིང་ས་ནས་བལྟས་ན་གོས་ལྭ་ལྗང་སེར་གྱོན་པའི་རྐང་དམག་གི་གཟབ་སྦྲེངས་རུ་ཁག་ཅིག་ཀྲོང་ངེར་འགྱིང་བ་དང་མཚུངས། ལྗོན་ཤིང་གི་ར་བའི་ནང་དུ་སེལ་ལི་འབྱམས་དང་། ཆུང་བ་ལི་སོགས་ཀྱི་སྡོང་བོ་མང་པོ་མཆིས་ལ། སྡོང་བོ་དེ་དག་གི་རྩེ་མོར་འབྲས་བུའི་ཁུར་གྱིས་ལྕི་ཞིང་། བསིལ་ཞིང་འཇམ་པའི་སྟོན་ཁའི་རླུང་གིས་དལ་བུར་བསྐྱོད་པ་ན་དེ་དག་གི་མགོ་བོ་ཡང་ཡང་དུད་དེ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སློབ་མ་གསར་བ་རྣམས་ལ་དགའ་བསུ་བྱེད་པ་དང་འདྲ་ཞིང་། མེ་ཏོག་ཨ་གར་དང་། པདྨ་། རྩྭ་པདྨ་། གྲེས་མ་ལ་སོགས་པའི་ས་མོས་ཆེ་ཆུང་རྣམས་རང་རང་གི་དཀར་སེར་སྔོ་དམར་གྱི་བཞིན་རས་ངོམ་བཞིན་བུ་མོ་གཞོན་ནུ་མ་རྣམས་ཀྱིས་མོ་སྒོའི་མཛེས་ཁྱད་འགྲན་པ་ལྟར་གཅིག་ལས་གཅིག་འཕྱོར་ཞིང་འདི་ལས་དེ་སྒེག་པའི་ཟོལ་གྱིས་བཞད་འདུག དེ་ལྟར་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པའི་སློབ་གྲྭ་དེར་ཞུགས་ཏེ་སྐོམ་པས་ཆུ་དང་ལྟོགས་པས་ཟས་འདོད་པ་ལྟར་སློབ་དུས་གཅིག་ལ་འབད་པ་ཆུ་བོའི་རྒྱུན་བཞིན་བྱས་མཐར་སྦྱངས་འབྲས་བཟང་པོ་ཐོབ་པར་གྱུར། ཡིན་ན་ཡང་། སྟབས་མི་ལེགས་པ་ཞིག་ལ་ཕྱི་ལོའི་དབྱར་གནང་གི་སྐབས་སུ་ང་ལ་ནད་ལྕི་མོ་ཞིག་བྱུང་བ་དང་། ང་རང་གི་ཕ་ཡུལ་ནས་ཟླ་བ་གསུམ་ལྷག་ལ་ཉལ་སར་ལྷུང་སྟབས། ཕ་མ་གཉིས་ཀྱིས་ད་ནི་འཆི་བ་བརྒྱ་ལས་གསོན་རེ་གཅིག་མི་འདུག་སྙམ་ནས་སེམས་སྡུག་ཚད་མེད་བྱས་པ་དང་། ངས་ཀྱང་སེམས་ལ་ཚེ་འདིར་སློབ་གྲྭར་འགྲོ་བའི་བསོད་ནམས་མི་འདུག རང་ཉིད་ནི་མི་ལས་ངན་ཞིག་རེད་བསམས་བྱུང་། སྟབས་ལེགས་ནས་འཚོ་བྱེད་སྨན་བཅུད་ཀྱིས་ངའི་ན་ཚ་སོས་སུ་བཅུག་ན་ཡང་། ལུས་ཁམས་དེ་འདྲ་མི་དྭངས་པ་དང་། གཟུགས་གཞིའང་ད་དུང་ཐང་དྲག་ཆོད་མེད་པས་ངས་ཁྱིམ་ན་མུ་མཐུད་དུ་ངལ་གསོ་མི་བྱེད་ཀ་མེད་བྱུང་། དེ་ལྟར་སྔ་གཞུག་ལ་ལོ་ཕྱེད་ལྷག་འདས་པས་སློབ་གྲྭའི་འགོ་ཁྲིད་ཀྱིས་ང་རང་འགུལ་གྱིས་སློབ་གྲྭ་ནས་ཕྱིར་བུད་པར་བརྩིས་ཏེ། ངའི་ཐེམ་ཐོ་ལ་སོགས་པའང་ཀུང་ཧྲེའི་ནང་དུ་བསྐུར་ཡོད། ད་ནི་སླེ་བོ་འཁུར་བའི་ངལ་རྩོལ་པ་ཞིག་བྱ་རྒྱུ་ལས་སྨྱུ་གུ་འཛིན་པའི་ཡོན་ཏན་པ་ཞིག་བྱ་རྒྱུའི་ལས་ཟད་སོང་། དེ་དུས་ངའི་སེམས་ལ་སྡུག་བསྔལ་ཤིན་ཏུ་ཆེ་ན་ཡང་། ཐབས་ཅི་ཞིག་ཡོད། དེ་ནས་ངས་རང་སེམས་རང་གིས་གསོ་བཞིན་སོ་མ་ཁར་བཅངས་ནས་སྡེ་བའི་ངལ་རྩོལ་གྱི་གྲས་སུ་ཞུགས་པ་ཡིན།
ལོ་མང་བོར་ངལ་རྩོལ་དེ་འདྲ་མ་བྱས་སྟབས། དང་ཐོག་གི་ཉིན་ཉི་ཤུ་ལྷག་ལ་ངའི་ལུས་སྟོབས་གཟེར་བ་དང་རྐང་ལག་ན་བ་སོགས་སྡུག་མི་ཉུང་བ་ཞིག་མྱངས། ནང་སྒོས་སུ་ང་ཚོའི་སྡེ་བ་འདིར་ཁ་ལ་ཐུར་མང་བས་རི་ལ་ཡར་འགོ་མར་འབབ་བྱས་ན་ངོ་མ་དཀའ། སྐབས་དེ་དག་ཏུ་ལྷ་སྐྱིད་ཀྱིས་ང་ལ་སེམས་ཁུར་ཚད་མེད་བྱས་པ་དང་། ལས་ཀར་ཕར་འགྲོ་དུས་དང་ལས་མཚམས་བཞག་སྟེ་ཕྱིར་ལོག་སྐབས་ངའི་སླེ་བོ་དང་ལྕགས་ཁེམ་སོགས་མོས་ཁུར་ཏེ་ང་ལ་སྟབས་ཅི་བདེ་བྱས། ཡིན་ན་ཡང་། མོ་ནི་ང་ཚོའི་སྡེ་བ་འདིའི་ནང་གི་བུ་མོ་རྣམས་ཀྱི་གཙུག་རྒྱན་ལྟ་བུ་ཡིན་པས། ཕོ་གསར་རྣམས་མེ་ཏོག་གི་སྟེང་ལ་འཁོར་བའི་སྦྲང་མ་ཇི་བཞིན་མོའི་ཉེ་འགྲམ་དུ་འདུས་ཏེ་འདུ་འཛི་ལང་ལོང་བྱེད་པ་དང་། མོ་དང་ལུས་དང་གྲིབ་མ་བཞིན་སྐད་ཅིག་ཙམ་ལའང་འབྲལ་བར་མི་ཕོད་པས། ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་དེ་རིམ་བཞིན་རྒྱང་ཐག་ཇེ་རིང་ཇེ་རིང་དུ་གྱུར་སོང་།
ཉིན་ཞིག་ལ། ལས་མཚམས་གྲོལ་ནས་ཕྱིར་ལོག་དུས། ང་ཐང་ཆད་དེ་ཕ་བོང་ཆུང་ཆུང་ཞིག་གི་སྟེང་དུ་ཙོག་པུར་བསྡད་དེ་ངལ་གསོ་ཞིང་གནས་པ་ལ། ངའི་རྒྱབ་ཕྱོགས་ནས་ལག་པ་རྩུབ་པ་གཉིས་བརྐྱངས་འོངས་ཏེ་དཔྲལ་བའི་མིག་གཉིས་ཡོངས་སུ་ཟུམ་པར་བྱས། ངའི་སེམས་ཀྱི་ཚོར་བའི་མཐུ་ལས་དེ་ནི་བུ་མོ་གཞོན་ནུ་མ་ཞིག་གི་ལག་པ་ཡིན་པ་ཤེས་པ་དང་། ལས་ལ་བརྩོན་པའི་ལག་པ་གཉིས་ཀར་ལྦ་བ་ཆགས་པ་ལས་མོ་ནི་བུད་མེད་འཇོན་ཐང་ཅན་ཞིག་ཡིན་པའང་ཤེས་སོང་། ཡུད་ཙམ་ནས་མོའི་ལག་པ་གཉིས་ཕྱིར་བསྐུམས་པ་དང་། ངའི་མིག་ལམ་དུ་དཀར་གསལ་ལེར་གྱུར་སོང་། དེ་ནི་མུན་ནག་གི་དོང་ལས་དཀར་སར་འོངས་པ་དང་འདྲ། ངས་ཁ་ཕྱིར་འཁོར་ནས་བལྟས་པ་ན་མོ་ནི་ལྷ་སྐྱིད་རེད། དཔྲལ་བའི་དབྱེས་ནི་ཚེས་གསུམ་གྱི་ཟླ་བ་དང་འདྲ་ལ། ཐང་དཀར་རྒོད་ཀྱི་གཤོག་ཟུང་རྣམ་པར་བརྐྱངས་པ་ལྟ་བུའི་སྨིན་མའི་འོག་ཏུ་རྣམ་རིག་གྲུང་ཞིང་ཆུ་ཡི་འོད་གོར་འཁྱིལ་བའི་ཁྲ་ཆུང་རི་དྭགས་ཀྱི་མིག་ལྟ་བུ་གཉིས་ཁྲ་རིལ་བྱེད་པ་དང་། དེས་ནི་ཕ་རོལ་པོའི་ཡིད་ཀྱི་གསང་བ་ཐམས་ཅད་སྐད་ཅིག་ལ་བརྟོལ་བའི་མཐུ་ནུས་དང་ལྡན་པའི་ཡོན་ཏན་ངོམ་པ་དང་། གཞོན་ཤ་ཆགས་ཤིང་དཀར་ལ་དམར་མདངས་བཀྲ་བའི་འགྲམ་པའི་འཁུར་ཚོས་ཟུང་ནི་ཤིན་ཏུ་སྨིན་པའི་སིལ་ཏོག་ཀུ་ཤུ་ལྟར་མཛེས་ཤིང་ཡིད་དུ་འོང་ལ། རས་ལྭ་ཐགས་ལ་བབས་པ་ཕྲུག་ཁྲའི་འདབས་ཤམ་ཅན་གྱི་སྣེ་མོ་ཅུང་ཟད་རལ་ཧྲུལ་དུ་གྱུར་པ་དེ་སེར་བརྟོལ་བྱས་པ་ལས་མ་བཅོས་རང་བཞིན་གྱིས་མཛེས་པའི་སྒེག་ཆོས་ཤིག་མངོན་སུམ་དུ་མཐོང་ཐུབ་ཅིང་། དེས་ནི་མི་ཡག་པ་གོས་ཀྱིས་བརྒྱན་ཞེས་པའི་སྲིད་པ་རྒན་པོའི་གཏམ་དཔེ་དེ་ཡང་རྫུན་གྱི་ཟླ་ལ་བསྒྱུར་འདུག བུ་འདྲ་མེད་ཟེར་བ་ཁྱོད་ལྟ་བུ་རེད། རྗེས་སུ་ཆུང་མ་བླངས་ན་ཆུང་མའི་སྔུན་ནས་ངོ་རེ་ཚ། མོས་ང་ལ་ཀུ་རེའི་ཚུལ་གྱིས་དེ་ལྟར་སྨྲས།དེ་ཁྱོད་ལ་བབས་མེད། དོན་མེད་ཀྱི་སེམས་ཁྲལ་བྱེད་དོན་མི་འདུག དེ་བས་ཕོ་གསར་ཚོའི་རྗེས་སུ་སོང་དང་། ཁྱོད་ཀྱི་བསམ་བྱ་འགྲུབ་ངེས་རེད། ངས་ཅུང་ཟད་མ་རངས་པའི་ཚུལ་གྱིས་དེ་ལྟར་ལབ།ཕྲག་དོག་གི་རྒྱ་མཚོའི་ཁ་ནས་གསེར་ཉ་འཛིན་ག་ལ་ཐུབ། སྡེ་མགོ་སྐྱོང་ན་ཁོག་པ་ཡངས་དགོས། རྒོད་པོ་འཁྲིད་ན་མཐུར་མདའ་རིང་དགོས་ཟེར་བ་མ་ཐོས་སམ།ང་སྡེ་མགོ་སྐྱོང་བའི་དཔོན་པོ་ནི་མིན། རྒོད་པོ་འཁྲིད་པའི་གཡོག་པོའང་མིན། ཁོག་པ་མ་ཡངས་རུང་། མཐུར་མདའ་མ་རིང་རུང་ཁྱོད་ལ་འབྲེལ་བ་ཅི་ཞིག་ཡོད།
སྟག་དམར་ཡག་ནགས་ལ་མཆོངས་ཀྱང་ཉལ་ས་ཚང་དང་། བྱ་རྒོད་པོས་ནམ་འཕང་བསྟོད་ཀྱང་འབབ་ས་བྲག་རེད། ཁྱོད་ལ་ཉལ་སའི་ཚང་དང་འབབ་སའི་བྲག་ཅིག་མི་དགོས་སམ།ཨ། ཚིག་གི་ནང་ན་ཚིག་དང་། རུས་པའི་ནང་ན་རྐང་ཟེར་བ་དེ་ཅིས་མ་བདེན། ང་ལའང་ལན་གདབ་རྒྱུ་མེད་པར་གྱུར་སོང་། སྔོན་ཆད་ཀྱང་མོ་ནི་ཕོ་གསར་མང་པོས་ཕྱི་བསྐོར་ནང་བསྐོར་བྱས་ཡོད་ནའང་། གོ་སྐབས་ཙམ་བྱུང་ན་ལྷ་སྐྱིད་ཀྱིས་ང་ལ་ཡང་ན་ཚིག་གི་རྦབ་རྡོ་བསྒྲིལ་བ་དང་། མིན་ན་མུན་ནག་ལྐོག་མདའ་འཕངས་མྱོང་། ཨེ། བུ་མོའི་སེམས་ཀྱི་གསང་བ་ནི་སྙིགས་རོས་སྦགས་པའི་འདམ་གྱི་རྫིང་བུ་དང་ཨ་ན་མ་ན་རེད། གལ་སྲིད་ང་རང་ཆུ་དྭངས་ནོར་བུ་ཞིག་ཡིན་རྒྱུ་ན་ལྗན་ལྗིན་དྲི་མ་ཐམས་ཅད་བགྲུང་བར་ནུས་ཀྱང་། ང་རང་ཀེ་ཏ་ཀ་ནི་མིན། གང་ལྟར་ཀྱང་། ངའི་བརྩེ་དུངས་ཀྱི་ལྕགས་ཀྱུའི་རྩེ་ལ་མཛའ་མཐུན་གྱི་ཉ་མོ་ཞིག་འཁོར་གྱིན་འདུག འདི་ནི་བཀྲ་ཤིས་པའི་མཚན་མ་ཞིག་ཡིན་ནམ་ཡང་ན་དོན་མི་འགྲུབ་པའི་སྔ་ལྟས་ཤིག་ཡིན། རྙི་ལ་ཐེབས་པའི་རི་དྭགས་ནི་འཆོར་ས་མེད་ལ། དོལ་ལ་ཟིན་པའི་ཉ་མོའང་འཛུལ་ས་ཡོད་རྒྱུ་མ་རེད།
ཡིན་ན་ཡང་། སྡེ་བའི་ཕོ་གསར་རྣམས་ནི་སྔར་བཞིན་རྔོན་པའི་རྗེས་ཀྱི་ཁྭ་སྐྱག་ལྟར་ལྷ་སྐྱིད་ཀྱི་ཉེ་འདབས་སུ་ལང་ལོང་དུ་འཁོར་བ་དང་། ལྷག་པར་དུ་ལྷུན་གྲུབ་ནི་ཡག་ཕོ་སྒོ་འཛོམས་ལ་ཁྱིམ་ཚང་ཡང་རྒྱུ་སྟོབས་ཅན་ཞིག་ཡིན་པས། གོ་སྐབས་ཡོད་ཚད་བཙལ་ནས་ལྷ་སྐྱིད་ལ་ཀུ་རེ་རྩེ་བའམ། ཡང་ན་མོ་ལ་རོགས་རམ་བྱེད་ཅི་ཐུབ་ཀྱིས་བསླུ་བྲིད་གཏོང་བཞིན་མཆིས་པས། གནས་ཚུལ་དེ་དག་ངས་ཁྲ་ཆུང་མིག་གིས་མཐོང་ཐེངས་རེ་དང་དར་ལུང་རྣ་བས་ཐོས་ཐེངས་རེར་ཡི་མི་བདེ་བའི་སྣང་བ་བཅོས་མིན་དུ་སྐྱེས་འོངས། ངོ་མ་བཤད་ན། ལྷུན་གྲུབ་དང་ངེད་གཉིས་ཀྱི་འབྲེལ་ཐག་ཆད་དོན་ཡང་དེ་ལ་ཐུག་པ་ཡིན། སྔོན་ཆད་ལྷུན་གྲུབ་ངེད་གཉིས་ནི་གྲོགས་པོ་བཟང་བོ་ཡིན་མོད། འོན་ཀྱང་། ད་ལྟ་ལམ་ནས་འཕྲད་ཀྱང་ངོ་མི་ཤེས་པ་ལྟར་གཡོལ་ནས་འགྲོ་བཞིན་ཡོད། གང་ལྟར་ཀྱང་། ང་ལ་རྩོད་ཟླ་དེ་ལྟ་བུ་ཞིག་བྱུང་བ་དང་། ཁོའི་ཆ་རྐྱེན་ནི་བདག་ལས་ལྡབ་འགྱུར་གྱིས་བཟང་བས་ལྷ་སྐྱིད་ངེད་གཉིས་ཀྱི་འབྲེལ་བ་དེ་མུ་མཐུད་ནས་གནས་པ་ལ་འཇིགས་སྣང་ཧ་ཅང་ཆེ། སྐབས་སྐབས་སུ་ངའི་སེམས་ན་སྡེ་བའི་ནང་དུ་བུ་མོ་གཞོན་ནུ་མ་ད་དུང་མང་བས་ལྷ་སྐྱིད་ཁོ་ནར་ཞེན་ཆགས་པས་ཅི་བྱ། མོའི་རྣམ་པ་མཛེས་ནའང་མཆོད་རྫས་སུ་བཤམས་སྤྱད་ནི་མིན། ལོ་ནམ་ཟླས་དེད་ན་མི་སྡུག་གཉེར་མ་གོན་ངེས་ཡིན་ལ། ཕྱི་མི་སྒོ་ལེགས་ཀྱང་སེམས་བསམ་པ་ཅི་འདྲ་ཡིན་པ་སུས་ཤེས། སྤྱིར་ཡང་སྨན་མཛེས་མའི་སེམས་ཀྱི་འགྱུར་ལྡོག་ནི་དབྱར་གསུམ་གྱི་གནམ་ངོ་དང་འདྲ། ཉི་མ་ཤར་ཤར་ལ་ཆར་བ་འབབ་པ་དང་། ཆར་བ་འབབ་འབབ་ལ་འཇའ་ཤར་ཞིང་། འཇའ་ཚོན་ཤར་ཤར་ལ་ཐོག་ལྡིར་བ། ཐག་སྒྲ་ཡལ་མ་ཐག་གློག་ཞགས་འཁྱུག་པའང་ཡོད། དེ་བས་རང་ཉིད་དང་བློ་སེམས་མཐུན་པའི་གྲོགས་མོ་ཞིག་བཙལ་བས་དགའ་སྙམ། འོན་ཀྱང་། ངའི་བསམ་པའི་བརྩེ་དུང་གི་བུང་བ་ནི་རང་དབང་མེད་པར་ལྷ་སྐྱིད་ཀྱི་མེ་ཏོག་འདབ་མའི་སྟེང་དུ་ཞོགས་སོང་། ད་ནི་རང་སེམས་རང་ལ་མི་དབང་བས་ང་རང་ཅི་བྱ་གཏོལ་མེད་དུ་གྱུར། དབྱར་གཞུང་དུ། ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ལ་ཉེ་སྐབས། ཕུ་བོས་ང་ལ་དངུལ་གྱི་མཛུབ་དཀྲིས་ཤིག་བསྟན་ཏེ། ཚེ་རིང་ཁྱོད་སྡོད་དང་། དེ་རིང་ངས་ཁྱོད་ལ་འཚམས་རྟགས་ཤིག་སྟེར། ཟེར་བ་དང་། ཁོས་འཚམས་རྟགས་ཞེས་པའི་ཡིག་འབྲུ་གཉིས་ཀ་ནན་གྱིས་བཤད་ཚུལ་ལ་བལྟས་ན་དོན་དག་གལ་ཆེན་ཞིག་ཡོད་ཚུལ་གསལ་བོར་ཤེས་ཐུབ།
སུའི་མཛུབ་དཀྲིས་རེད། ངའི་སེམས་ལ་ཕལ་ཆེར་ལྷ་སྐྱིད་ཀྱིས་བསྐུར་ལས་ཆེ་སྙམ་ན་ཡང་། ཁ་ནས་དེ་ལྟར་དྲིས། ཕུ་བོ་ཧེ་ཧེ་ཞེས་བགད་མོ་དགོད་བཞིན། སུའི་ཡིན་པ་ཁྱོད་ཀྱི་སེམས་ན་ཁྲིག་ཁྲིག་རེད། འདིར་ཤོག་ཅེས་ངའི་སྲིན་མཛུབ་ཕར་འཐེན་ནས་དངུལ་གྱི་མཛུབ་དཀྲིས་དེ་བཙན་ཚུགས་ཀྱིས་བསྐོན་ཏེ། ཚད་དང་རན་པ་ཞིག་རེད་ཟེར།
ཀྱེ། འདི་ནི་དངུལ་གྱི་མཛུབ་དཀྲིས་ཁོ་ན་མ་ཡིན་ཏེ། གཞོན་ནུ་མ་ཞིག་གི་བརྩེ་དུངས་ཀྱི་མདུད་པ་དུས་ནམ་ཡང་མི་བཤིག་པའི་འཚམས་རྟགས་ཤིག་རེད། འཇིག་རྟེན་གྱི་འཚོ་བ། བདེ་སྐྱིད་ཀྱི་སྣང་བ། བརྩེ་དུངས་ཀྱི་འདུན་པ་བཅས་ནི་བྱི་ལས་ཙི་གུར་འཇབ་པ་དང་རྔོན་པས་རི་དྭགས་ལ་སྒུག་པ་ལྟར་རྐང་འཇབ་ལག་འཇབ་ཀྱིས་ངའི་བསམ་པའི་ཁང་བཟང་ནང་དུ་འཛུལ་འོངས་པ་དང་། ཕོ་མོའི་བརྩེ་དུངས་ཀྱི་བསམ་བློའི་མྱུ་གུ་དེ་ཚེ་གང་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་རེ་འདུན་གྱི་ལུད་བཅུད་བཟང་པོ་དང་མཛའ་ཞིང་མཐུན་པའི་ཉི་འོད་ཀྱིས་བསྐྱངས་ཏེ་ཐོག་དང་པོར་ངའི་གངས་དཀར་སེམས་ཀྱི་ས་ཞིང་གཤིན་པོའི་ཐོག་ཏུ་འདབ་མ་རྒྱས་པ་དང་མེ་ཏོག་བཞད་འགོ་ཚུགས་སོང་།ཡིན་ན་ཡང་། ཕུ་བོས་མཛུབ་དཀྲིས་དེ་ནི་ལྷ་མོས་ང་ལ་བསྐུར་བ་རེད་ཟེར་བས། ངའི་སེམས་ནི་གྲང་ཤུར་ཤུར་དུ་གྱུར་པ་དང་། ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་བརྗེད་པ་ལྟ་བུར་གྱུར་སོང་། ལྷ་སྐྱིད་དང་ལྷ་མོ་ནི་མ་སྤུན་གྱི་མཆེད་ཟླ་ཡིན་མོད། འོན་ཀྱང་ངའི་བློ་མོས་ཕྱོགས་དང་སེམས་པ་ཤོར་ཕྱོགས་ནི་ལྷ་སྐྱིད་ཡིན་པ་ལས་ལྷ་མོ་ག་ལ་ཡིན། གང་ལྟར་ཀྱང་། མཛུབ་དཀྲིས་དེ་ལྷ་མོ་ལ་ཕྱིར་སྤྲོད་ཐབས་ཤིག་བྱ་དགོས་སྙམ་ནའང་། གོ་སྐབས་མ་འགྲིག་པར་ལུས་སོང་། ཉིན་ཞིག་གི་དགོང་མོར། ཕུ་བོ་ངེད་གཉིས་ཤིང་ཁང་ཆུང་ཆུང་ཞིག་ཏུ་ཉལ་ཁར། ཕུ་བོས་ང་ལ་གཏམ་གློ་བུར་བ་ཞིག་བཤད་བྱུང་། ཡིན་རྒྱུ་ནི་ཉིན་དེར་ལྷུན་གྲུབ་དང་ལྷ་སྐྱིད་གཉིས་བར་ལ་ཚིག་རྩོད་དྲག་པོ་བྱུང་བ་དང་། རྩོད་གཞི་ཅི་ཞིག་ཡིན་པ་ཕུ་བོས་ཀྱང་གསལ་པོར་ཤེས་མེད་མོད། འོན་ཀྱང་ལྷ་སྐྱིད་ཀྱིས་ལྷུན་གྲུབ་ལ་ངོ་ཚ་རྒྱུ་མི་འདུག་ཅེས་སྡིགས་མོ་བྱས་པ་དང་། ལྷུན་གྲུབ་ཀྱིས་མོ་ལ། ང་ཚེ་གང་བོར་མི་རྐྱང་ལ་འདུག་དགོས་ཀྱང་ཁྱོད་ལྟ་བུ་ཆུང་མར་མི་ལེན་ཟེར་སྲོལ་ལ་བལྟས་ན། ཁ་གཉིས་ཀྱི་རྩོད་གཞིའང་ཕལ་ཆེར་ཤེས་ཐུབ། དེ་དུས་ང་རང་བློ་ཅུང་ཟད་བདེ་བ་ཞིག་བྱུང་ན་ཡང་། ལྷ་མོའི་མཛུབ་དཀྲིས་དེ་ད་དུང་ངའི་ལག་ཏུ་ཉར་ཡོད་པས་ཞག་གང་བོར་གཉིད་ཀྱང་ཁུག་མ་ཐུབ། རྗེས་སུ་ངས་ལྷ་མོ་ལ་མཛུབ་དཀྲིས་དེ་ཕྱིར་སྟེར་སྐབས། རྒྱུ་མཚན་མཐའ་དག་གཞི་ན་ཧ་གོ་སོང་། གང་ལྟར་ཀྱང་ལྷ་སྐྱིད་དང་ངེད་གཉིས་ཀྱི་བསམ་ཚུལ་ནི་གཅིག་པ་གཅིག་རྐྱང་རེད། ཡིན་ན་ཡང་། ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་དེ་ལྷ་མོ་མ་གཏོགས་སུས་ཀྱང་མི་ཤེས་ལ། ཐ་ན་ངའི་ཕུ་བོ་ལའང་རྒྱུ་མཚན་གཅིག་ཀྱང་བཤད་མ་མྱོང་། སྐབས་དེར་ཀུང་ཧྲེའི་ཧྲུའུ་ཅི་བཀྲ་ཤིས་ཡོང་ནས་ང་ལ་བརྡ་སྦྱོར་བྱ་རྒྱུར། སང་ཉིན་ནས་བཟུང་། ང་རང་ཀུན་ཧྲེའི་ལས་བྱེད་པའི་གྲས་སུ་ཡར་འཐེན་བྱ་རྒྱུ་ཡིན། ཁོས་ང་རང་ཡིག་རྩ་བཟང་ཞིང་རྒྱ་ཡིག་ཅུང་ཟད་ཤེས་པས་ཀུང་ཧྲེའི་ཕྱུགས་ནད་སྨན་པ་བྱེད་དགོས་ཟེར། ང་ལ་ཕྱུགས་ནད་སྨན་བཅོས་ཀྱི་ཤེས་བྱ་མེད་ཅེས་བཤད་པ་ལ། ཁོ་ན་རེ། དེ་ལ་སྐྱོན་མི་འདུག ང་ཚོས་ཁྱོད་སྟོང་འཁོར་ཕྱུགས་ལས་སློབ་གྲྭའི་ནང་དུ་ཟབ་སྦྱོང་བྱེད་དུ་མངགས་ཆོག ང་ཚོའི་ཀུང་ཧྲེ་ནི་རོང་མ་འབྲོག་གི་ས་ཆ་ཡིན་པ་དང་། ཧྲེ་ཡོངས་ཀྱི་རུ་ཁག་མང་ཆེ་བ་ནི་ཕྱུགས་ལས་གཙོ་བོ་ཡིན་པས། ལིས་སྨན་པ་གཅིག་པུས་མི་ཆོག རྒྱུ་མཚན་ཞིབ་མོ་སང་ཉིན་ཀུང་ཧྲེའི་ནང་དུ་ཤོག་དང་། ལིས་སྨན་པས་ཁྱོད་ལ་ངོ་སྤྲོད་བྱས་ཆོག་ཟེར། གནས་ཚུལ་དེ་བཀྲ་ཤིས་པའི་འཕྲིན་བཟང་ཞིག་དང་འདྲ་བར་སྡེ་བ་ཡོངས་ལ་ཁྱབ་སོང་། ཕྱི་ཉིན་ང་རང་ཀུང་ཧྲེའི་ནང་དུ་འགྲོ་སྐབས། ལྷ་སྐྱིད་ཀྱང་ངའི་རྗེས་དེད་ནས་ལམ་ཐག་རིང་བོར་འོངས། ངས་མོ་ལ་ང་སྐྱེལ་མ་བྱེད་དུ་འོངས་པ་རེད་བསམས་ནས་ཕྱིར་ལོག་པའི་ཁ་ཏ་བྱས་པ་ན། མོས་ང་དང་ལྷན་དུ་ཀུང་ཧྲེའི་ནང་ལ་གཉེན་སྒྲིག་ཡི་གེ་ལེན་དུ་འགྲོ་རྒྱུ་ཡིན་ཟེར། ངས་ང་རང་ད་ལྟ་ལས་བྱེད་པ་བྱས་མ་ཐག་ཡིན་པ་དང་། ད་དུང་སྟོང་འཁོར་ལ་སློབ་སྦྱོང་བྱེད་དུ་འགྲོ་དགོས་པས་གཉེན་སྒྲིག་ཡི་གེ་བླངས་ན་མི་ལེགས་ཚུལ་བཤད་པ་ན། མོས་མིག་མཐར་མཆི་མ་འཁེངས་ཏེ། ད་ཁྱོད་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཉན་སོང་བས། ང་ལྟ་བུ་མིག་འོག་ལ་ཐོགས་རྒྱུ་མ་རེད་ཟེར་ནས་ང་སྔགས་བྱས་བྱུང་། ངས་དེ་ལྟར་མིན་ཚུལ་གྱི་གནས་ལུགས་མང་པོ་བཤད་པ་དང་། གནས་ཚུལ་ཅི་འདྲ་ཞིག་བྱུང་ན་ཡང་བློ་གཏན་ནས་མི་འགྱུར་ཞེས་ཚིག་རྔ་མནའ་ཡིས་བསྒགས་པ་ན། མོ་ད་གཟོད་ཡིད་ཆེས་ལ་མ་ཆེས་པའི་ངང་ནས་ཕྱིར་མིག་ཡང་ཡང་ལྟ་བཞིན་ལོག་སོང་། ངས་སྟོང་འཁོར་ཕྱུགས་ལས་སློབ་གྲྭའི་ནང་ལོ་གཉིས་ལ་སློབ་སྦྱོང་བྱས་ནས་ཕྱིར་ལོག་སྐབས། ཡིད་སྐྱོ་བའི་གནས་ཚུལ་དེ་བྱུང་ཚར་འདུག ཨ་ཁ། གནས་ཚུལ་དེ་ཚོ་ངས་ཁྱོད་ཚོར་བཤད་རྒྱུ་ལྟ་ཅི། ངའི་སེམས་ལ་དྲན་པ་ཙམ་གྱིས་ཀྱང་སྡུག་བསྔལ་བཟོད་གླགས་མེད་པས། ཀློག་མཁན་རྣམས་ཀྱིས་བཟོད་སྒོམ་གནང་བར་མཁྱེན།
ལྷ་མོའི་སེམས་གཏམ། ངའི་མིང་ལ་ལྷ་མོ་ཟེར། ལྷ་སྐྱིད་དང་ང་གཉིས་མ་སྤུན་ཡིན་པར་མ་ཟད། ཆུང་དུས་ནས་བཟུང་རྩེ་ཞོར་དགོད་ཞོར་དུ་ཆེར་སྐྱེས་པའི་རྩེ་རོགས་ཀྱང་ཡིན། གནའ་མིའི་བོད་ཀྱི་གཏམ་དཔེ་ལ། ཕོ་སྟག་ལོ་པ་དཀོན། མ་འབྲུག་ལོ་མ་དཀའ་ཟེར་བ་ལྟར། ལྷ་སྐྱིད་ཀྱི་ལོ་སྙིང་འབྲུག་ཡིན་པ་དང་། ཡག་མོ་སྒོ་དང་སེམས་པ་གང་གི་ཐད་ནས་བཤད་ནའང་ཁོ་མོ་ནི་ང་ཚོའི་སྡེ་བའིཕ་བུ་མོ་རྣམས་ཀྱི་གཙུགས་རྒྱན་ཡིན་པས། ཕོ་གསར་མོ་གསར་ཚོས་ཁོ་མོ་ལ༼སེང་ལྕམ་འབྲུག་མོ༽ཞེས་པའི་མཚན་སྙན་ཞིག་བཏགས་ཡོད་པ་དང་། འགའ་ཞིག་གིས༼ཡིད་འཕྲོག་ལྷ་མོ༽ཞེས་ཀྱང་འབོད། ཁོ་མོ་ལོ་བཅོ་ལྔར་སོན་པའི་དུས་ནས་བཟུང་། གཉེན་སློང་མཁན་དང་འབྲེལ་འཛིན་མཁན་རྒྱུན་ཆད་མ་མྱོང་། ཡིན་ན་ཡང་། ལྷ་སྐྱིད་ཀྱི་ཨ་ཕ་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་པ་དང་། ཁ་ནས་ཚིག་ཤོར་ན་ཕྱིས་སུ་ནོར་བ་ཤེས་ན་ཡང་ཡོ་བསྲང་མི་བྱེད་པར་ནོར་བ་རྒྱུན་འབྱམས་སུ་གཏོང་མཁན་ཞིག་ཡིན་ཞིང་། ༼ཕོ་རབ་ཚིག་ཐོག་དང་། འཕར་བ་རྗེས་ཐོག༽ཟེར་བ་ནི་ཁོའི་མན་ངག་ཡིན་པ་དང་ལ། ༼ཁྱིམ་མི་བཟའ་ལྕགས་དང་། མིས་མི་བཟའ་མནའ་ཡིན།༽ཟེར་བ་ནི་ཁོའི་གཏན་ཚིགས་རེད། དེའི་ཁར་ལྷ་སྐྱིད་ད་དུང་ཨ་མའི་མངལ་ན་མཆིས་པའི་ཚེ། ཨ་ཁུ་ཉི་མ་དང་ཁོ་གཉིས་ཀྱིས་གསང་གྲོས་ཤིག་བྱས་ཡོད་པས། ལྷ་སྐྱིད་གནས་ལ་མ་བྱིན། ཡིན་ན་ཡང་། ལྷ་སྐྱིད་ཀྱི་སེམས་ནང་སྔ་མོ་ནས་བཟུང་སྙིང་ཉེ་བའི་གྲོགས་པོ་དང་བློ་གཏད་སའི་དགའ་རོགས་ཤིག་ཡོད་པ་དང་། ཁོ་མོའི་སེམས་ནང་ཡོད་པའི་མི་དེ་ང་ལའང་གསང་བ་བྱས་ཏེ་ཡུན་རིང་བོ་ཞིག་ལ་བཤད་ཁ་མ་ཉན། སྔོན་ཆད་ངའི་སེམས་ལ། ལྷ་སྐྱིད་ཕལ་ཆེར་ལྷུན་གྲུབ་ཀྱི་ཆུང་མ་བྱ་རྒྱུ་རེད་སྙམ་ན་ཡང་། ཁོ་གཉིས་ཀྱི་ཚིག་རྩོད་དྲག་པོ་བྱས་རྗེས་ངའི་བསམ་ཚུལ་དེ་ཡོངས་སུ་ནོར་འདུག་པ་ཤེས་སོང་།
ང་ལ་ལྷ་སྐྱིད་ལྟ་བུའི་སྒོ་མེད་ལ་སེམས་བསམ་པའང་དེ་འདྲ་དྲང་རྒྱུ་མེད་པས། རང་དང་ལོ་ན་མཉམ་པའི་ཕོ་གསར་ཚོས་གཉེན་སློང་བ་མེད་ལ། ཐ་ན་ཀུ་རེ་རྩེད་མོ་ཙམ་རྩེ་མཁན་ཡང་ཧ་ཅང་ཉུང་། ཡིན་ན་ཡང་། ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་བཟང་བས་ཕོ་གསར་ལ་ལས་ཀྱང་དམིགས་ཡུལ་གཞན་པ་བཅངས་ནས་ང་ལ་ཁ་ཡག་ངོ་དགའ་བྱས་པ་དང་། ངས་ལྷ་སྐྱིད་ཀྱི་ཁོག་ལོན་པ་དང་བསྟུན་ནས་ང་ལ་ཁ་ཡག་ངོ་དགའ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། ངས་ཕོ་གསར་རྣམས་ཀྱི་རེ་བ་དེ་དག་ལྷ་སྐྱིད་ལ་གསང་སྟབས་ཀྱིས་བཤད་ཐེངས་རེ་རེར། ཁོ་མོའི་གདོང་ལ་ཁོང་འཛུམ་ཞིག་ལངས་ཏེ་མགོ་བོ་གཡུག་གཡུག་བྱེད་པ་ལས་ཁ་ཅི་ཡང་མི་གྲགས་མོད། འོན་ཀྱང་། མགོ་བོ་གཡུག་པ་དེས་ཕོ་གསར་རྣམས་ཀྱི་སེམས་ལ་ཆུ་འཁྱག་བླུགས་པ་རེད། ངོ་མ་ཕོ་གསར་ཁ་ཤས་ལ་ལ་རྒྱ་ཟེར་བ་དེ་གཏན་ནས་མི་འདུག ལ་ལས་སྒོ་ཁྱིས་བདག་པོ་མཐོང་བ་ན་མགོ་སྒུར་ཞིང་རྔ་མ་གཡུག་པའི་ཚུལ་ལྟར་ཚུལ་ལྟར་ཞུ་བ་བྱས་པ་དང་། ཞུ་བ་བྱས་ཀྱང་མ་ཕན་ན་འཇིགས་སྣང་བསྐུལ་བའང་ཡོད། འཇམ་རྩུབ་ཀྱི་ཐབས་ཤེས་ཅི་འདྲ་བཀོལ་ཡང་རུང་། ལྷ་སྐྱིད་ཀྱི་བསམ་པ་ནི་རི་རྒྱལ་ལྷུན་པོ་ལྟར་གཡོ་བ་མེད་པ་དང་རྡོ་རྗེ་བྲག་རི་ལྟར་འགྱུར་བ་མ་བྱུང་། སྐབས་དེར་ངའི་བློ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་བ་དང་། དོན་དག་དེས་ངས་རང་གི་གྲོགས་མོའམ་སྤུན་མཆེད་ལ་མགོ་སྐོར་མི་གཏོང་ཀ་མེད་འབྱུང་དུ་བཅུག
ཉིན་ཞིག་ལ། ཨ་རྒྱ་རིག་ཡག་གིས་ལག་ཕྱིས་མེ་ཏོག་ཅན་ཞིག་གི་ནང་དུ་ཀ་ར་རྒྱ་མ་གང་གཅུད་ནས་ང་ལ་ཁ་རིག་ཏུ་བྱིན་ནས་ལྷ་སྐྱིད་ལ་སྟེར་ཐབས་བྱོས་ཟེར། ངས་ཁོ་ལ་སྟེར་མི་ཐུབ་ཅེས་བཤད་ཀྱང་ཁོས་ང་ལ་ཞུ་བ་ནན་གྱིས་བྱས་སྟབས། གཅིག་ན་ཁོ་མི་དྲང་མོ་ཞིག་ཡིན་པ་དང་། གཉིས་སུ་ཁོའི་ཚུགས་ཀར་བལྟས་ན་སྙིང་རྗེ་བ་ཞིག་འདུག་པས་ངས་ཀྱང་ཁོའི་རེ་བ་བསྐང་རྒྱུའི་ཁས་བླངས་པ་ཡིན། ཁོའི་གདོང་ལ་འཛུམ་གྱིས་ཁེངས་ཏེ་ཁ་ཕྱིར་འཁོར་ནས་འགྲོ་སྐབས། ངའི་སེམས་ལ་ཨ་རྒྱ་རིག་ཡག་གིས་ལྷ་སྐྱིད་ལ་རེ་བ་བྱེད་པ་ནི་སྦལ་པ་ནག་ཁུང་ནང་བསྡད་དེ་བསམ་པ་གླིང་དཀར་སྟོད་ལ་སོང་ཟེར་བའི་ཟླ་ལ་གྱུར་འདུག་སྙམ། ཉིན་དེའི་དགོངས་མོར། ངས་རིག་ཡག་གི༼འཚམས་རྟགས༽དེ་འཁྱེར་ནས་ལྷ་སྐྱིད་ཚང་ལ་སོང་བ་དང་། དོན་དག་གཞན་པ་ཞིག་ལ་ཁ་གཡར་ནས་ཁོ་མོ་སྒོ་ཁར་བོས་ཏེ།
༼ལྷ་སྐྱིད། དེ་རིང་ཡང་འཚམས་རྟགས་ཤིག་འདུག མོ་སྒོ་ཡག་ན་ཡོང་སྒོ་མང་ཟེར་བ་དེ་ངོ་མ་རེད༽ཅེས་བཤད་པ་ལ། ཁོ་མོ་ཅུང་ཟད་ཁྲོ་ལངས་པའི་ངང་ནས། ༼མ་བཅོལ་བའི་ལས་ཀ་དེ་ཚོ་ཁྱོད་ཀྱིས་ལས་མི་དགོས། མི་གཙང་བའི་ཡོང་སྒོ་དེ་ཚོ་ང་ལ་མི་དགོས། དགོས་ན་ཁྱོད་རང་གིས་ཁྱེར༽ཟེར། ༼མ་དགོས་ན་རྒྱ་སྒོ། མ་བྱིན་ན་མྱི་ཁ། ཕྱིན་ཆད་འགྱོད་པ་མ་སྐྱེས་ཨང་།༽ ༼འེ། ཅུང་ཞིག་སྒུག་དང་། འདི་སུའི་རེད།༽ ༼ཁྱོད་ལ་མི་དགོས་ན་སུའི་ཡིན་ཡང་ཡིན་དུ་བཅུག༽ང་ཕྱིར་འགྲོ་རྩིས་བྱས་པ་ལ། ཁོ་མོས་ངའི་སྐྲ་ལན་བུ་ནས་འཇུས་ཏེ། ༼ཨ་ཆེ་ལོ་ལོ། དྲང་མོར་ཤོད། དྲང་མོར་བཤད་ན་ངས་ཁྱོད་ལ་གླ་སྟེར༽ཟེར། ༼གླ་ཅི་ཞིག་སྟེར་རྒྱུ༽ ༼འདི།༽ལྷ་སྐྱིད་ཀྱིས་ལག་ཕྱིས་ནང་གི་ཀ་ར་ཚང་མ་ངའི་རུམ་ལ་བླུགས། ༼ཁྱོད་ལ་བྱིན་པའི་ཀ་ར་ཚང་མ་ངས་ཟོས་ན་གནད་ལུགས་དང་མི་མཐུན་ལ། གཞན་ན་སྙིང་ན་མཁན་ཡང་ཡོད་རྒྱུ་རེད། དེར་མ་ཟད། ཁྱོད་ཀྱང་འགྱོད་པ་སྐྱེ་ངེས་རེ།༽ ༼མི་ཡི་སེམས་ལ་མ་དྲང་ན་གོང་དུ་འདྲེ་ཡི་ཁོག་ལ་འཆར་བ་ཟེར་བ་ངོ་མ་རེད། དྲང་མོར་ཤོད། ང་འགྱོད་པ་མི་སྐྱེ།༽ ༼ཁྱོད་ཀྱི་ཁྱིམ་མཚེས་ཚང་གི་མི་ཞིག་རེད༽ ༼ཚེ་རིང་ཨེ། རེད་ཨེ། ཨ་ཆེ་ལོ་ལོ་གཞན་ལ་མ་བཤད།༽ ངས་ཀ་ར་ཚང་མ་མོ་ལ་ཕྱིར་བྱིན་པ་ཡིན།
ཕྱི་ཉིན་ཞོགས་པར། ངེད་གཉིས་མཉམ་དུ་ཆུ་ལེན་དུ་འགྲོ་སྐབས། ལྷ་སྐྱིད་ཀྱིས་རིག་ཡག་གིས་བྱིན་པའི་ལག་ཕྱིས་དེ་མགོ་ལ་དཀྲིས་ཡོད་པས། ཁོ་མོ་ངའི་མགོ་སྐོར་འོག་ཏུ་ཐེབས་པ་ངས་ཤེས་ན་ཡང་། ངས་ལག་ཕྱིས་དེ་ཚེ་རིང་གིས་བྱིན་པ་ལྟར་བྱས་ནས་གསང་བ་དེའི་མཐིལ་མ་བརྟོལ་ལ་བརྟོལ་ཡང་ཕོད་པ་མིན་འདུག གང་ལྟར་ཚེ་རིང་དང་རིག་ཡག་གཉིས་སྤུན་ཟླ་ཡིན་པས། སྤུན་ཟླ་གཉིས་ལ་ཁྱད་ཅི་ཡོད་སྙམ་སྟེ་ཁ་རོག་ལ་བསྡད་པ་ཡིན། ཁོ་མོ་ང་ལ་ཀ་ར་སྤར་མོ་གང་བྱིན་ནས་༿ཁྱོད་ངེས་གཉིས་བར་གྱི་ཟམ་པ་དང་བར་པ་ཡིན་པས། འདི་ཁྱོད་ཀྱི་སྐལ་ཡིན་༾ཟེར། ལམ་ཁར་ཁོ་མོས་ཚེ་རིང་བཟང་ཚུལ་བརྒྱན་ཚུལ་གྱི་གཏམ་མང་པོ་མང་བོ་བ་ལ་བཤད་པ་དང་། སྐབས་རེར་མགོ་ཡི་ལག་ཕྱིས་བླངས་ནས་ཕུར་ཕུར་བྱས་པ་དང་། སྐབས་རེར་ལག་ཕྱིས་རུམ་ལ་བཅུག་ནས་བྲང་ལ་དམ་པོར་སྦྱོར་ཞིང་། ཚུལ་དེ་ནི་བྱིས་པ་ཆུང་ཆུང་ཞིག་ལ་རྩེད་སྤྱད་ཡག་པོ་ཞིག་ཐོབ་པའི་ངང་ཚུལ་དང་ཨ་ན་མ་ན་རེད།
༼ཨ་ཆེ། ཁྱོད་ཀྱིས་བལྟས་ན་ཚེ་རིང་ཅི་འདྲ་རེད༽ངེད་གཉིས་ཀྱིས་ཆུ་ཁུར་ནས་ཕྱིར་ལོག་སྐབས་ཁོ་མོས་གློ་བུར་དུ་ང་ལ་དེ་ལྟར་དྲིས། ༼ཚེ་རིང་ཨེ། སུ་ཚང་གི་ཚེ་རིང་། ༽ངས་ཁོ་མོའི་ཚིག་དོན་གོ་ཡང་མ་གོ་ཁུལ་བྱས་ནས་དེ་ལྟར་དྲིས། ༼ཚེ་རིང་གཅིག་མ་གཏོགས་གཉིད་གང་ན་ཡོད། ཁྱམ་མེ་ཁྱོམ་མེ་མ་བྱེད།༽ ༼འོ། ཚེ་རིང་ཨེ། བཤད་རྒྱུ་མིན་འདུག བློ་རིག་པ་དེ་རྣོ། ཡག་ཕོ་སྒོ་དེར་ཡོད། དེ་མི་བཟང་ན་སུ་བཟང་རྒྱུ།༽
དབྱར་གཞུང་གི་ཞོགས་པའི་མཁའ་དབུགས་གྲང་མོ་ཡིན་ན་ཡང་། ལྷ་སྐྱིད་ཀྱི་གདོང་ལ་དམར་མདངས་རྒྱས་ཤིང་སེམས་ལ་དྲོད་རྒྱུན་ཞིག་གིས་ཁྱབ་འདུག ཁོ་མོས་སེམས་ཀྱི་དགའ་སྣང་གནན་མ་ཐུབ་པར། ང་ལ་ཁུ་ཚུར་གྱིས་གཞུ་ཅི་ཐུབ་བྱས་སྟབས། ངའི་ལུས་ལ་ན་ཟུག་ཕྲ་མོ་བར་མེད་དུ་སྐྱེས་སུ་བཅུག ཁོ་མོས་ང་ལ་ཁུ་ཚུར་གཞུ་སྐབས་ཤེད་ཤུགས་ཆེ་དྲགས་པས་རྒྱབ་ཀྱི་ཟོ་བའི་ནང་གི་ཆུ་འཁྱོམས་ཏེ་ཁོ་མོའི་གཉའ་བ་རློན་པར་སྦངས་པ་དང་། ལུས་ལ་དྲོད་རྒྱས་ཡོད་སྟབས་ལྷ་སྐྱིད་ཀྱི་གཉའ་བའི་ལྟག་ཀ་ནས་རླངས་པ་ཐུལ་གྱིན་འདུག སྡེ་འདབས་སུ་བསླེབས་པ་ན། ཁོ་མོས་དངུལ་གྱི་མཛུབ་དཀྲིས་ཤིག་བླངས་ཏེ་ང་ལ་བྱིན་པ་དང་། གདོང་ལ་སྐྱེངས་པའི་ཉམས་དང་བཅས་ཏེ།
༼འདི་ངའི་ལན་ཡིན། གཞོན་ནུ་མ་ཞིག་གི་བསམ་པའི་བརྩེ་དུངས་འདི་ལ་བཅོལ་ཡོད་པས། ཨ་ཆེ་ཁྱོད་ཀྱིས་མི་མ་ནོར་བ་སྟེར་རོགས་གྱིས༽ཟེར།
དེ་དུས་ཚེ་རིང་གི་ནད་སངས་དྲགས་བྱུང་ནས་ངལ་རྩོལ་བྱེད་ཀྱིན་ཡོད་པས། ངས་ཉིན་དཀར་ལས་ཀ་ལས་སྐབས་གོ་སྐབས་འོས་འཚམ་ཞིག་བཙལ་ནས་མཛུབ་དཀྲིས་དེ་ཁོ་ལ་སྟེར་ཐབས་བྱ་དགོས་སྙམ། ཡིན་ན་ཡང་། དེ་དུས་སྐྱེས་མ་ཚོས་ཡུར་མ་ཡུར་དགོས་པ་དང་། སྐྱེས་པ་ལ་ལས་ཞིང་ལ་ཆུ་གཏོང་གི་ཡོད་ཀྱང་། ཚེ་རིང་ནི་ངལ་རྩོལ་གྱི་གྲས་སུ་ཞུགས་མ་ཐག་ཡིན་པས་ཆུ་གཏོང་མཁན་གྱི་གྲས་ན་མི་འདུག་པས་ངསཉིན་འགའ་ཞིག་གི་རིང་ལ་མཛུབ་དཀྲིས་དེ་སྟེར་ཐབས་མ་རྙེད། རིག་ཡག་ནི་ཆུ་གཏོང་མཁན་ཡིན་པས་ཁོས་ལྷ་སྐྱིད་མགོ་ཡི་ལག་ཕྱིས་མེ་ཏོག་ཅན་དེ་རིག་སྐབས། གདོང་ལ་འཛུམ་ཞིག་ལངས་ཡོད་པ་དང་། གོ་སྐབས་ཡོད་ཚད་བཙལ་ནས་ལྷ་སྐྱིད་ལ་ཁ་བརྡ་བྱེད་པ་དང་། སྐབས་རེར་ལྷ་སྐྱིད་ལ་རོགས་བྱས་ཏེ་ཡུར་མ་ཡུར་བ་དང་། དགོང་མོ་ལས་མཚམས་གྲོལ་ནས་ཕྱིར་ལོག་ཁར། ཁོ་རང་འགུལ་གྱིས་སོང་ནས་ལྷ་སྐྱིད་ལ་ལྡུམ་བུ་སླེ་བོ་ནང་ལ་འཇུག་རོགས་བྱེད་པ་སོགས་རོགས་བྱེད་ས་རྙེད་ཚད་ལ་རོགས་བྱེད་ཀྱིན་འདུག དེར་ངའི་ཁོག་ནས་དགོད་ཁ་ཤོར་ན་ཡང་མི་ཤེས་ཁུལ་བྱས་ནས་བསྡད་པ་ཡིན། ལྷ་སྐྱིད་ཀྱིས་མཛུབ་དཀྲིས་སྟེར་ཐུབ་མིན་སྐོར་ཡང་ཡང་དྲས་པས་ང་ཡང་བྲེལ་བ་ཆེན་པོ་ལངས་བྱུང་། ད་ནི་ཉིས་ཡུར་གྱི་མགོ་བརྩམས་པ་ཐག་ཡིན་པས། ཉུང་ཐར་ཡང་ཟླ་བ་གཅིག་ཙམ་ལ་ཚེ་རིང་དང་འཕྲད་པའི་གོ་སྐབས་མི་འདུག ད་ཅི་བྱ་སྙམ་ཞིང་ཡོད་ཙ་ན། ངའི་ཁོག་ལ་བློ་གསར་པ་ཞིག་སྐྱེས་བྱུང་། ཉིན་ཞིག་གི་སྔ་དྲོར། རིག་ཡག་གཅིག་པུས་ཞིང་གྲུ་བཞི་རིང་བོ་ཞིག་ལ་ཆུ་གཏོང་བཞིན་ཡོད་པས། ང་སྒོར་འབུད་ཁུལ་གྱིས་རིག་ཡག་གི་གམ་ལ་སོང་ནས། ༼ཨ་རྒྱ་རིག་ཡག ཁྱོད་འདིར་ཤོག་དང་། ང་ལ་དོན་ཆེན་གལ་ཆེན་ཞིག་ཡོད༽ཅེས་གཞན་གྱིས་མི་རིག་པའི་ཞིང་གཉའ་ལ་སྐད་བཏང་བ་ཡིན། དེར་ངས་ཁོ་ལ་སྔོན་ཆད་ངས་ཁོ་ལ་རོགས་བྱས་ཚུལ་དང་། ད་ལྟ་ཁྱོད་ཀྱིས་ང་ལ་རོགས་བྱ་དགོས་ཞེས་བཤད་པས། ཁ་རང་གི་དགའ་སྤྲོའི་ངང་ནས༼ལོས་བྱེད་ལོས་བྱེད། མྱུར་མོར་ཤོད༽ཟེར། ༼འདི་ཚེ་རིང་ལ་སྟེར་ཐབས་བྱོས།༽ངས་མཛུབ་དཀྲིས་དེ་ངའི་ཡིན་པའི་ཁུལ་གྱིས་ཅུང་ཟད་ངོ་ཚ་བའི་རྣམ་འགྱུར་དང་བཅས་ཏེ་ཁོ་ལ་བྱིན་པ་ལ། ཁོས་ང་ལ་ཐེ་ཚོམ་གྱི་ངང་ནས་མིག་ཧྲིལ་གེར་ལྟ་བཞིན། ༼ངས་བྱིན་ཆོག་ཀྱང་། ཚེ་རིང་གིས་ལེན་མིན་མི་ཤེས། ལེན་ཁ་མ་ཉན་ན་ང་ལ་ལེ་མ་འདེད་ཨང༽ཟེར། ༼ཡིན་གཅིག་མིན་གཉིས་ལེན་དུ་འཇུག་དགོས། གལ་ཏེ་ཁོ་ལ་གྱོན་འདོད་མེད་ན་ང་ལ་ཕྱིར་བྱིན་པས་ཆོག འོན་ཀྱང་ཁྱོད་ཀྱིས་ཕྱིར་ཁྱེར་ཡོང་ན་མི་ཆོག ཁོ་རང་ལ་ཕྱིར་སྤྲོད་དུ་ཆུག་ཨེ་གོ་ཐལ།༽
རིག་ཡག་ཁོང་དགོད་བཞིན་མཛུབ་དཀྲིས་དེ་ཨམ་ཕྲག་ནང་ལ་བཅུག་པ་དང་། ༼དེ་ལས་སླ་མོ་ཞིག་རེད༽ཟེར།
ཡུར་མ་ཡུར་ཚར་སོང་། སྔོ་ལྗང་ལྗང་དུ་སྐྱེས་པའི་ལོ་ཏོག་རྣམས་འཇམ་ཞིང་བསིལ་བའི་རླུང་གི་ཁྲོད་ན་ཕར་ཡོ་ཚུར་ཡོ་བྱེད་པ་དང་། ཞིང་ཚིགས་སུ་སྐྱེས་པའི་ཡུལ་སིལ་ཁམ་བུ་སྡོང་བོའི་མགོ་ལ་སིལ་ཏོག་སྐྱ་རྡོ༼མ་སྨིན་པའི་སིལ་ཏོག༽རྣམས་མདུད་ལོག་བརྒྱབ་ནས་ཐོགས་འདུག མི་འགྱངས་པར་སྔོ་ཞིང་ལྗང་བའི་ལོ་ཏོག་རྣམས་ཀྱིས་གསེར་ལྟར་སེར་བའི་ཕྱི་གོས་གྱོན་ངེས་ཡིན་ལ། སྟོན་གསུམ་གྱི་དུས་ཚིགས་དེ་བསླེབ་ན། སྟོན་ཏོག་བརྔ་བ་དང་གཡུལ་གཅོག་པ། འབྲུ་རིགས་མཛོད་དུ་བསྡུ་བ་སོགས་ལས་ཀ་བྲེལ་བ་ཆེ་བས། ལོ་རྒྱུན་གྱི་ལུགས་སྲོལ་ཡུར་མ་ཡུར་ཚར་རྗེས་ཉིན་གསུམ་ལ་ངལ་གསོ་བྱེད་པ་དང་། ངལ་གསོ་བྱེད་སྐབས་ལུགས་རེ་བཤས་ནས་འཚོ་བ་ལེགས་བཅོས་བྱེད་པ་ཡིན། ཉིན་དེར། ང་ཤ་བཙོ་མཁན་ཡིན་པ་དང་། ཚེ་རིང་ནི་ནང་ཁྲོལ་འཁྲུད་མཁན་རེད། ནང་ཁྲོལ་མ་བཀྲུས་གོང་ལ་ཤ་བཙོ་རྒྱུ་ཅང་མེད་པས། ང་ཚོས་ཀྱང་རྒྱུ་མ་འཁྲུད་རགས་བྱས་པ་ཡིན། ངས་ཆུ་དྲོད་འཇམ་ཟངས་དེམ་གང་ཁྱེར་ནས་བསམ་བཞིན་དུ་ཚེ་རིང་ཡོད་སར་སོང་བ་ལ། ཁོས་ང་ལ་འཛུམ་ཞིག་བསྟན་ནས༼ཁྱོད་ཀྱིས་ང་ལ་རོགས་བྱ་རྒྱུ་ཡིན་ནམ༽ཟེར།
དེར་ཁོས་ཁྲག་རྒྱུ་རིང་བོ་ཞིག་བཟུང་ནས། ༼འོ་ན་ཆོག་གི འགྲོ་ཕ་གིར་འགྲོ༽ཟེར། མི་མེད་སའི་ཕ་བོང་ཆུང་ཆུང་ཞིག་གི་རྩ་ལ་བསླེབས་རྗེས། ཁོས་ཁྲག་རྒྱུའི་ནང་གི་བཙོག་པ་རྣམས་ལག་པས་འདེད་ཞོར་དུ། ༼མདང་ཕྱིས་ཉིན་འགའི་སྔོན་གྱི་འཛུབ་དཀྲིས་དེ་ཁྱོད་ཀྱིས་ང་ལ་བྱིན་པ་ཡིན་ནམ༽ཟེར།
ངས་ཁོ་ལ་ཉམས་སད་ཅིག་བྱ་དགོས་སྙམ་ནས་ཡིན་པའི་བརྡ་ལ་མགོ་བོ་གུག་ཙམ་བྱས་པ་ཡིན།
༼ཁྱོད་ཀྱིས་ང་ལ་དེ་འདྲའི་བརྩེ་དུངས་བཅངས་པ་ངོ་མ་བཀའ་དྲིན་ཆེ།༽ ཁོས་ངའི་གདོང་ལ་མིག་ཞགས་ཤིག་འཕངས་པ་དང་། ང་རང་དོགས་མི་བདེ་བའི་སྣང་བ་ཅི་ཡང་མེད་པ་རིག་ནས། མུ་མཐུད་ནས་རྒྱུ་མ་འདེད་ཞོར་དུ།
༼ཡིན་ན་ཡང་། ཧེ། ༽ཁོ་གད་མོ་ཞིག་བགད་པ་དང་། ཚུགས་ཀ་ལ་བལྟས་ན་ངའི་ངོ་ཆོད་ཀྱི་མེད་པ་འདྲ། ༼ངོ་མ་བཤད་ན། ང་ལ་དགའ་རོགས་ཡོད།༽ ༼འོ། ཁྱོད་ཀྱི་དགའ་རོགས་སུ་ཡིན་ནམ།༽ངས་བསམ་བཞིན་དུ་དེ་ལྟར་དྲིས།
༼ད་དུང་མི་གཅིག་ལའང་བཤད་མི་ཉན། རྗེས་སོར་ངས་མ་བཤད་ནའང་ཁྱོད་ཀྱིས་ཤེས་ངེས་རེད།༽
ངས་སེམས་སྡུག་པའི་རྣམ་འགྱུར་ཞིག་བསྟན་ནས་ཁ་རོག་ལ་བསྡད་པ་ཡིན། ཚེ་རིང་ལ་ཡང་བཤད་རྒྱུ་ཅི་ཡང་མེད་པར་རེ་ཞིག་ལུས་པ་དང་། དེ་ནས་ཁོས་ཨམ་ཕྲག་བསྔོགས་ནས་མཛུབ་དཀྲིས་དེ་ཕྱིར་བླངས་ཡོང་ཞིང་། མགོ་སྒུར་ནས་མཛུབ་དཀྲིས་དེ་ལག་ན་གཡོན་པས་ངའི་མདུན་དུ་བསྲིངས་ནས་ཡོང་། ང་དགོད་རྒྱུ་ཡོང་ནས་བསྲན་མི་ཐུབ་ཀྱང་ཨུ་ཚུགས་ཀྱིས་བསྲན་ནས་གད་མོ་མ་བགད་ལ། མཛུབ་དཀྲིས་ཀྱང་མ་བླངས། སྐབས་དེར་ཁོས་གློ་བུར་དུ་མགོ་ཡར་བཀྱགས་ནས། ༼མ། ཁྱོད་ཀྱི་མཛུབ་དཀྲིས་རང་གིས་ཕྱིར་ཁྱེར་ལ་སོང་༽ཟེར། ༼དངུལ་གྱི་མཛུབ་དཀྲིས་བྱིན་ཀྱང་གོན་འདོད་མེད་ན་སྡུག་གྱོང་རེད། ཕྱིན་ཆད་འགྱོད་པ་མ་སྐྱེས་ཨ།༽
ཁོས་སླར་ཡང་ངའི་གདོང་ལ་གཅིག་བལྟས་པ་དང་། ད་ཐེངས་མིག་གི་མདངས་ལས་ཅུང་ཟད་མ་དགའ་བའི་ཉམས་ཤིག་དང་སུན་སྣང་སྐྱེས་པའི་ཉམས་ཤིག་ཤར་འདུག ༼མཛུབ་དཀྲིས་དེ་ང་ལ་འབྲེལ་བ་ཅི་ཡང་མེད། གོན་འདོད་མེད་ན་རང་གིས་ལྷ་སྐྱིད་ལ་བྱིན། ཁྱོད་གཉིས་ཀྱི་མཛུབ་དཀྲིས་དེ་ང་ལ་བྱིན་ནས་ཅི་བྱེད།༽ ཁོས་བློ་སེམས་ཉིས་འགལ་དུ་བཟུང་ནས། ང་ལ་མིག་ཅེར་རེར་བལྟ་བ་དང་ངའི་གདོང་གི་རྣམ་འགྱུར་དང་བསྟུན་ནས་ཚུར་བརྐྱངས་པའི་ལག་པ་དེ་རིམ་གྱིས་ཕར་བསྐུམས་ཤིང་། དངུལ་གྱི་མཛུབ་དཀྲིས་དེ་ལ་ཞིབ་ལྟ་ཞིག་བྱས་རྗེས། སླར་ཡང་ཨམ་ཕྲག་ནང་ལ་བཅུག་པ་དང་། ང་ལ་མཛུམ་ཞིག་བསྟན་ནས་༼ཁྱོད་ཁོང་ཁྲོ་མ་ལང་༽ཟེར། ༼ཧིན། ཁོང་ཁྲོ་ལོས་ལང་། ཇ་ལན་དུ་གཅིན་བླུད་ན་ང་ད་དུང་གད་མོ་དགོད་དགོས་པ་ཨེ་རེད། ཕྱིན་ཆད་མི་ཁྱོད་ལྟ་བུ་ལ་བཟང་མི་བཅའ་ཁོ་ཐག་ཡིན།༽ ༼དེ་འདྲ་མ་བྱེད། ཕྱིན་ཆད་ངའི་སེམས་གཏམ་ཚང་མ་ཁྱོད་ལ་བཤད།༽ སྐབས་དེར། ངས་མིག་གིས་ལྟ་ཕྱོགས་ཀྱིས་རིག་ཡག་ཚུར་འོངས་པ་མཐོང་བ་དང་། ཚེ་རིང་དང་ངེས་གཉིས་ཀྱིས་ཁ་བརྡ་བྱེད་བཞིན་པ་མཐོང་ནས་མྱུར་མོར་ཁ་ཕྱིར་འཁོར་ནས་བུད་སོང་། དེ་ནས་བཟུང་། རིག་ཡག་གིས་ང་མཐོང་མ་ཐག་ཚེ་རིང་གི་རྒྱུ་མཚན་རྣམས་བཤད་པ་དང་། བཤད་ཚར་རྗེས་ང་ལ་ལྷ་སྐྱིད་ཀྱི་གནས་ཚུལ་འདྲི་ཅི་ཐུབ་བྱེད། སྐབས་དེ་དག་ཏུ་ངས་རི་ཡག་ལ་སེམས་བསམ་པའི་གཏིང་ནས་སྙིང་རྗེ་ཞིག་སྐྱེས་པ་དང་། དངོས་ཡོད་དང་མི་མཐུན་པའི་ཁོའི་བྱིས་བློའི་རེ་སྟོང་དེ་ལ་རྒོད་བྲོ་བའི་སྣང་བ་ཞིག་སྐྱེས་སྟབས། ངས་ལན་གཅིག་མིན་པར་སྐད་ཆ་དྲང་མོར་བཤད་དགོས་བསམ་ཀྱང་། ཁོས་ལྷ་སྐྱིད་ལ་བཅངས་པའི་བརྩེ་དུངས་ནི་ལྷག་བསམ་རྣམ་དག་ཅིག་ཡིན་པ་དང་། ལྷ་སྐྱིད་འདོད་པའི་བསམ་ཚུལ་ནི་དེ་ལྟར་ལྷང་ལ་བུད་ཡོད་པས། མེ་འབར་བའི་སེམས་ལ་ཆུ་འཁྱག་པ་ལྟ་བུའི་ཚིག་བཤད་འདོད་ང་ལའང་མི་འདུག་ཅིང་། གཞན་དུ་ན་ཁོ་ལ་འཕྲུལ་སྣང་དེ་འདྲ་ཞིག་སྟེར་མཁན་ནི་ང་རང་ཉིད་ཀྱིས་ལན་པ་ཡིན་པས། ངའི་སེམས་ལ་ནོངས་འགྱོད་ཚད་མེད་པ་ཞིག་སྐྱེས་འོངས། གང་ལྟར་ཡང་། ངས་ད་ལྟ་རིག་ཡག་ལ་བཟུང་བའི་རྣམ་འགྱུར་ནི་སྔར་དང་མི་མཚུངས་པ་དང་། ཉིན་གཅིག་ལ་ཁོ་མ་རིག་ནའང་སེམས་སྟོང་པ་ཡིན་པའི་ཚོར་སྣང་སྐྱེས་ཀྱིན་འདུག གལ་སྲིད་ངའི་བཅོས་མ་མིན་པའི་བརྩེ་དུངས་འདིས་ཁོ་ལ་མགོ་སྐོར་བཏང་བའི་ཉེས་པ་དེ་འདག་པར་བྱ་ཐུབ་རྒྱུ་ན། ངས་ཚེ་གང་བོར་ཁོ་ལ་ཞབས་གཡོག་བྱས་ཀྱང་མི་རུང་བ་ཅང་མེད། ཡིན་ནའང་། རིག་ཡག་གི་རིག་པ་ཡོངས་སུ་བརྡིབས་ཏེ་ཟིན་དུ་མེད་པའི་འཇའ་རིས་གོས་སུ་གྱོན་འདོད་པ་དང་། སེམས་བསམ་པ་ཐམས་ཅད་ལྷ་སྐྱིད་ཀྱི་ཐོག་ལ་ཁོར་འདུག་པས། ང་ལ་ཁོའི་རྣམ་ཤེས་འགུག་སྤྱད་ཀྱི་ལྕགས་ཀྱུ་ནི་མེད། ད་ཅི་བྱུང་ན་ཡང་། ངས་ལག་པ་ཕུ་ཐུང་ནང་ལ་བཅུག་སྟེ་ལྟད་མོ་བལྟ་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མི་འདུག
ཉིན་ཞིག་གོ་སྐབས་ཧ་ཅང་བཟང་བས་ངས་རིག་ཡག་ལ་ཁོའི་སེམས་ལ་དྲན་པ་རྣམས་ནི་སྟོང་བསམ་ཁོ་ན་ཡིན་ཚུལ་དང་། ནམ་མཁའི་འཇའ་ཚོན་མཛེས་ཀྱང་གོས་སུ་མི་རུང་ལ། ནགས་ཀྱི་སྟག་མོ་ངར་ཡང་སྒོ་ཁྱིར་མི་འོས་ཞེས་གསང་བརྡ་བཏང་ན་ཡང་། ཁོས་ང་ལ།
༼གངས་དཀར་སེམས་ལ་རྟ་མེད་ན། ཕུ་ཐུང་ནང་ལ་སྲབ་མི་འཛིན༽ཟེར། ༼རུས་སྦལ་གྱི་སྤུ་དང་མོ་གཤམ་གྱི་བུ་ཟེར་བ་དེ་ཨེ་གོ ཁྱོད་ཀྱི་སེམས་ནང་ཡོད་པའི་རྟ་དེ་ཡང་དཔེ་དེ་དང་མཚུངས།༽
ངས་ཐབས་ཅི་ཡོད་བཏོན་ནས་རིག་ཡག་གི་བློ་སྒོ་ཕྱེ་ན་ཡང་། ཁོའི་རིག་པའི་སྒོ་མོ་ནི་འབྱེད་དུ་མེད་པའི་སྒོ་ལྕགས་ལ་གསང་རྒྱ་བཏབ་པ་དང་འདྲ་བར་བཙའ་དང་གཡའ་ཡིས་ཟོས་ཏེ་འབྱེད་མི་ཐུབ་པར་གདའ། རིག་ཡག་ལ་ཚིག་བཟང་པོ་བཤད་པ་ནི་སྤྱང་ཀའི་རྣ་ལ་ཆོས་བཤད་པ་དང་འདྲ་བས་གཡོ་ཐབས་ཤིག་མ་བཀོལ་ན་རྨོངས་གཉིད་ལས་སད་ཐུབ་རྒྱུ་མ་རེད། དེ་ནས་ངས་ཨ་ཕས་རང་ལ་ཉོས་པའི་ལག་ཕྱིས་སོ་མཞིག་ཡོད་པ་དེ་ཚེ་རིང་གིས་བྱིན་པའི་ཁུལ་གྱིས་ལྷ་སྐྱིད་ཀྱི་ལག་ཕྱིས་རྙིང་བ་དེ་དང་བརྗེ་སྤོར་བྱས་པ་དང་། ལག་ཕྱིས་རྙིང་པ་དེ་ང་རང་གིས་དཀྲིས་པ་ཡིན། ད་ཐེངས་རིག་ཡག་གི་རིག་པ་ངོ་མ་རྣོན་པ་རེད། ཁོས་ལྷ་སྐྱིད་ལ་བྱིན་པའི་ལག་ཕྱིས་དེ་ངས་དཀྲིས་ཡོད་པ་མཐོང་མ་ཐག་དེའི་རྒྱུ་མཚན་གཏིང་འདྲི་ཡང་འདྲི་བྱས་བྱུང་། གཏིང་འདྲི་ཡང་འདྲི་བྱས་ནས་དགོས་པ་ཅི་ཡོད། ལྷ་སྐྱིད་ཀྱི་མགོ་ན་ལག་ཕྱིས་གསར་པ་ཞིག་ཡོད་པ་མ་མཐོང་ངམ། གཡག་ལ་ཆུ་འཐུང་འདོད་མེད་ན་གཉའ་ནས་མནོན་པ་ནི་ཐབས་རྡུགས་རེད། ང་ལ་ལག་ཕྱིས་སོ་མ་ཞིག་མ་དགོས་རྙིང་བ་ཞིག་ཀྱང་མེད་པས། ལག་ཕྱི་འདི་ངས་བདག་པོ་བྱས་པ་ཡིན། དེ་ལ་ཡ་མཚན་རྒྱུ་ཅི་ཡོད། གལ་ཏེ་ཁྱོད་ཀྱིས་བློས་མི་ཐོངས་ན། མ་རང་གིས་ཕྱིར་ཁྱེར་ལ་སོང་།
རིག་ཡག་གིས་ངའི་ཚིག་འདི་ཐོས་མ་ཐག་སྣ་ཕུ་ཞིག་བརྒྱབ་སྟེ་འཚུབ་ཉིལ་ལེར་ལོག་སོང་།
ངའི་སེམས་ལ་ད་རེབ་ཀྱི་བཀོད་པ་འདི་འགྲིག་སོང་སྙམ་པ་དང་། ད་ནི་ལྷ་སྐྱིད་དང་ཚེ་རིང་གཉིས་ཀྱི་བར་ལ་མུན་ནག་ལྐོག་མདའ་འཕེན་མཁན་དང་བར་ཆད་གཏོང་མཁན་མེད་པས། སྔ་མོ་ནས་བརྩེ་དུངས་ཀྱི་མདུད་རྒྱས་བཅིངས་པའི་མཛའ་མཐུན་གྱི་སེམས་དཀར་དེ་གཉིས་སྐད་ཅིག་ཙམ་ལའང་འབྲལ་བ་མེད་པར་གཞི་གཅིག་ཏུ་མཐུན་པར་བྱས་ཆོག་སྙམ། ཡིན་ན་ཡང་། རྗེས་སུ་ངས་རང་གི་བཀོད་པ་དེ་ནི་གླེན་རྟགས་ཤིག་ཡིན་པ་ཤེས་སོང་། ཚེ་རིང་སྟོང་འཁོར་ལ་སློབ་སྦྱོང་བྱེད་དུ་སོང་རྗེས། ལྷ་སྐྱིད་ནི་ཉིན་མོར་ཟས་ཟ་འདོད་མེད་ལ་མཚན་མོར་གཉིད་ཀྱང་ཁུག་འདོད་མེད་པར་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བས། གདོང་མདོག་སེར་ཞིང་སྐྱ་ལ་ལུས་ཀྱི་ཤ་ཡང་རིད་པར་གྱུར་ཏེ། མཆིན་ནད་བྱུང་ནས་ཟླ་འགར་ཉལ་སར་ལྷུང་བའི་ནད་པ་ཞིག་དང་འདྲ། ཚེ་རིང་དང་ཁ་བྲལ་བ་དེས་ཁོ་མོའི་སེམས་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་དུ་བཅུག སྙིང་ལངས་པ་ཞིག་ལ། སྐབས་དེར་སྡེ་བའི་ནང་གཏམ་འདྲ་མི་འདྲ་མང་བོ་གླེང་གིན་འདུག གཏམ་དེ་དག་ལ་རུ་རྟ་དང་སྙིང་པོ་ཅི་ཡང་མི་འདུག་ཀྱང་། གལ་སྲིད་ལྷ་སྐྱིད་ཀྱི་རྣ་བར་ལྷུང་ན་བཟོད་སྒོམ་བྱེད་མི་ཐུབ་ཐག་ཆོད་རེད།
སྙིང་བོ་མེད་པའི་གཏམ་གྱི་དུག་མདའ་དེ་དག་གིས་ངའི་ཐོས་འཛིན་རྣ་བའི་བུ་ག་ལན་གཅིག་མིན་པར་ཕུག་པ་དང་། ངས་ཐབས་ཅི་ཡོད་ཀྱིས་ལྷ་སྐྱིད་ལ་གསང་བྱས་ན་ཡང་། ཤོག་བུའི་ནང་ལ་མེ་མི་ཐུམས་པའི་དཔེ་ལྟར་ཉན་པ་ཙམ་གྱིས་རྣར་གཟོན་པའི་གཏམ་དེ་དག་ལྷ་སྐྱིད་ཀྱིས་ཀྱང་ཐོས་འདུག ཨ་ཆེ། ང་རིག་ཡག་གི་ཆུང་མ་བྱེད་པ་ལས་ད་ལྟ་ཉིད་དུ་འཆི་བ་དགའ། ལྷ་སྐྱིད། ཁོ་ཚོའི་ཁ་ནི་མེ་འབར་བ་དང་མཚུངས། རང་སེམསན་ཉེས་པ་མེད་ན་གཤིན་རྗེ་ལ་འཇིགས་རྒྱུ་ཅི་ཡོད། ལྕེ་འབལ་རྒྱུ་དེ་ཚོ། ཅི་བཤད་ནའང་བཤད་དུ་ཆུག དེ་ཚོ་ལ་ཁ་ཡ་བྱེད་མི་དགོས། ཨ་ཆེ། ལག་ཕྱིས་དེ་་་་་་ འོ། ལག་ཕྱིས་ཨེ། ཚེ་རིང་གིས་ཁྱོད་ལ་བྱིན་པ་རེད། ཁ་ཡ་མ་བྱེད། ཅི་བཤད་ནའང་བཤད་དུ་ཆུག ཁོ་མོ་སོམ་ཉིའི་སྒོ་ནས་ལག་ཕྱིས་ཀྱི་གནས་ཚུལ་འདྲི་སྐབས། ངའི་སེམས་ལ་ནོངས་འགྱོད་ཆེན་པོཞིག་སྐྱེས་པའི་མོད་ལ། སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བྱུང་ན་ཡང་། ངས་མུ་མཐུད་ནས་རྫུན་གྱི་རྔ་མ་མི་སྐྱོང་ཐབས་མེད་བྱུང་། གང་ལྟར་ཀྱང་། སྡེ་བའི་མི་ཁ་དེ་ཚོ་ང་ལ་ཕན་པ་མི་འདུག ཐ་ན་ཕ་མ་གཉིས་ཀྱང་དེ་ལ་ཡིད་ཆེས་འདུག ཚེ་རིང་དང་ངེད་གཉིས་ཚེ་ཕྱི་མར་སྨོན་ལམ་རྒྱག་ན་མ་གཏོགས། ཚེ་འདི་ན་སྔོན་ལས་མི་འདུག ཨེ-----ཤུ ལྷ་སྐྱིད་གཏམ་ལ་ཤུགས་མེད་པ་དང་། མིག་མཐར་མཆི་མས་ཁེངས་ཏེ་དབུགས་རིང་ཡང་ཡང་གཏོང་བཞིན་འདུག ངས་ཁོ་མོ་ལ་སེམས་གསོ་ཇི་ལྟར་བྱས་ན་ཡང་། ཁོ་མོའི་སྡུག་བསྔལ་གྱི་མནར་བའི་སེམས་དེ་གསོ་མ་ཐུབ་པ་འདྲ།
ལོ་དེའི་ལོ་གསར་ཚེས་པ་གསུམ་གྱི་ཉིན། རིག་ཡག་གི་ཨ་མ་སློང་ཆང་སོགས་ཁྱེར་ཏེ་ལྷ་སྐྱིད་ཚང་ལ་སོང་བ་དང་། ལྷ་སྐྱིད་ཨ་ཕས་ཀྱང་། ཕོ་རབ་ཚིག་ཐོག་དང་། འཕར་བ་རྗེས་ཐོག་ཡིན། ཁྱིས་མི་བཟའ་ལྕགས་དང་། མིས་མི་བཟའ་མནའ་ཡིན། སྤྱིར་ངེད་ཀྱི་བུ་མོ་འདི་གསེར་སྲང་བརྒྱ་ཡི་རིན་པ། དངུལ་སྲང་སྟོང་གི་རིན་ཐང་། རྟ་འདོ་བ་བརྒྱ་ཡི་གོང་ཐང་། མཛོ་ཁྱུང་དཀར་བརྒྱ་ཡི་རིན་པ་ཡོད་ཀྱང་། གཅིག་ན་ཁྱོད་ནི་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན། གཉིས་སུ་འུ་གཉིས་ཁ་མནའ་མཆེད་ཡིན་པས། རྒྱུ་སྐར་མ་གང་ཡང་མི་དགོས། འོན་ཀྱང་། ལྷ་སྐྱིད་ནི་ངའི་བུ་མོའི་ཆེ་མགོ་ཡིན་པས། གཉེན་སྒྲིག་གི་དགའ་སྟོན་གཟབ་རྒྱས་ཤིག་བྱ་དགོས་ ཟེར།
དེ་ལྟར་རྒྱ་ལོའི་ཚེས་པ་བཅོ་ལྔ་ལ་ལྷ་སྐྱིད་དང་རིག་ཡག་གཉིས་ཀྱིས་གཉེན་སྒྲིག་གི་ཡི་གེ་ལེན་རྒྱུ་དང་། ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གཉེན་སྒྲིག་གི་དགའ་སྟོན་བྱ་རྒྱུའི་གྲོས་ཐག་བཅད།
ལོ་གསར་ཚེས་པ་གསུམ་ནས་བཟུང་ངས་ལྷ་སྐྱིད་མ་མཐོང་སྟབས་བློ་མི་བདེ་བ་ཞིག་བྱུང་། ཚེས་བརྒྱད་ཀྱི་ཉིན་ལ་ང་བསམ་བཞིན་དུ་ལྷ་སྐྱིད་འཚོལ་བར་སོང་ལ། ཁོ་མོའི་གདོང་ལ་ཐལ་མདོག་ཅིག་ཤར་ཏེ་གོ་ཁའི་མར་ཁ་ན་སྐྱ་སྒོང་ངེར་བསྡད་འདུག ངེད་གཉིས་ཀྱིས་ཁྱིམ་ཚང་གི་གནས་ཚུལ་དང་ལོ་གསར་གྱི་སྐོར་ལ་ལབ་གླེང་ཅུང་ཙམ་བྱས་རྗེས། གཏམ་གྱི་མགོ་དེ་ཁོ་མོའི་གཉེན་དོན་གྱི་ཐོག་ལ་འཛུགས་དགོས་བྱུང་། རིག་ཡག་མི་དྲང་མོ་ཞིག་ཡིན་པས་ངས་ཁོ་ལ་སྙིང་ནད་བཅངས་དོན་མི་འདུག ཡུད་ཙམ་ནས་ཁོ་མོའི་མིག་མཐར་མཆི་མས་ཁེངས་བཞིན་བཤད་རྒྱུར་ སྡེ་བའི་ནང་གི་མི་ཁ་དེ་ཚོའི་འབྱུང་ཁུངས་ནི་ལྷུན་གྲུབ་ཡིན་རྒྱུ་རེད། ལྷུན་གྲུབ་ནི་ཁ་འོ་མ་ལས་འཇམ་ཞིང་ཁོག་ཚེར་མ་ལས་རྩུབ་པ་ཞིག་ཡིན་ངེས་པས། ངས་ཁོའི་རེ་བ་དོན་མེད་དུ་བཏང་བ་ནས་བཟུང་། ཁོས་ང་ལ་ཁོག་སྡུག་བཅངས་ཡོད་པ་དང་། ངེད་གཉིས་ཚིག་རྩུབ་བྱེད་སྐབས་ཀྱང་ཁོས་ འདྲེ་མོ་ཁྱོད་ཀྱིས་ལྟད་མོ་ལྟོས་དང་། ངས་སྐྱིན་པ་སྒོག་ལོག་འདྲ་ཞིག་མ་བླངས་ན་བུ་མིན་ ཟེར་བས། མི་ཁ་དེ་དག་ནི་ཁོས་ང་ལ་སེམས་གནག་ཆེད་དུ་བཤད་པ་ཞིག་རེད། ཡིན་ན་ཡང་། ངའི་ཨ་མ་ཡང་འཆལ་གཏམ་དེའི་མགོ་སྐོར་འོག་ཏུ་ཐེབས་པ་དང་། ཨ་ཕས་ཀྱང་ ངས་མི་ཚེ་གང་བོར་མི་གཅིག་ལའང་སེམས་གནག་མ་མྱོང་བ་དང་། ཕོ་རབ་ཚིག་ཐོག་དང་། འཕར་བ་རྗེས་ཐོག་བྱས་ནས་བསྡད་པ་ཡིན། ད་ནི་རིག་ཡག་དང་ཁྱོད་གཉིས་ཀ་མ་གྲོས་རང་མཐུན་བྱུང་བས་ངའི་བློ་ཐོག་ཏུ་རྟ་རྒྱུགས་པ་ལྟར་བབས་ཡོད། གནས་ལ་འགྲོ་བ་ནི་མ་སྐྲ་ཐོགས་ཚང་མའི་སྔོན་མའི་ལས་རེད། ཚེ་གང་བོར་ཨ་མའི་དྲུང་ན་འདོད་པའི་བུ་མོ་སུ་ཞིག་མཆིས། ད་ཁྱོད་གནས་ལ་འགྲོ་རན་རེད་ ཟེར། ངའི་ཨ་ཕ་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་པས་ཁོ་ལ་ཞུ་བ་བྱས་པ་ནི་ངལ་བ་འབྲས་མེད་རེད། ལྷ་སྐྱིད་ཀྱིས་ཕུ་ཐུང་གཡོན་མས་མིག་ཆུ་འཕྱིད་བཞིན་པར་མུ་མཐུད་ནས་བཤད་རྒྱུར། བཟང་རུང་ངན་རུང་། ཨ་ཕའི་བཀའ་ནི་གཅོག་མི་ཕོད། འོན་ཀྱང་། རིག་ཡག་གི་ཆུང་མ་ནི་གཏན་ནས་བྱ་འདོད་མེད། ཨ་ཆེ། ད་ང་རང་འཆི་བ་ལས་ཐབས་མི་འདུག
ངས་ཁོ་མོའི་ཤ་རིད་ཅིང་མདོག་སྐྱ་བའི་གདོང་དང་། ལྐོག་ལ་བརྡིབས་པའི་དཔྲལ་བའི་མིག་གཉིས་ནས་མཆི་མའི་རྡོག་པོ་རེ་རེ་བཞིན་ལྷང་བའི་ཚུལ་ལ་ལྟ་བཞིན། ཁོ་མོ་ལ་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་པ་དང་། རིག་ཡག་ལ་ཞེ་སྡང་ཆེན་པོ་ལངས་བྱུང་། དེ་ནས་ངས་མྱུར་མོར་ཡར་ལངས་ཏེ་རིག་ཡག་འཚོལ་དུ་སོང་བ་ཡིན། ངོ་ཚ་མེད་པའི་ཁྱི་རྒན་ཁྱོད། ངས་རིག་ཡག་སྒོ་ཁར་སྐད་བཏང་སྟེ་སྡིགས་མོ་བྱས། ནུ་བོའི་ཆུང་མ་འཕྲོག་ན་དཔའ་བོ་རེད་སྙམ་གྱིན་ཨེ་ཡོད། འདྲེ། ཁྱོད་ལྟ་བུ་མི་ཡི་གྲས་སུ་ཚུད་དམ། མི་ལ་ངོ་ཚ་མེད་ན་ཁྱི། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན་ཟེར་བ་མ་གོའམ། རིག་ཡག་ཧ་ལས་པ་དང་ཧང་སངས་ཏེ་རེ་ཞིག་ཡུལ་ཡུལ་བོར་ལུས་པ་དང་། ཁོའི་གདོང་ལ་ཅི་ཡིན་ཆ་མ་འཚལ་བའི་མདངས་ཤིག་ཤར་འདུག ལྷ་མོ། སྐད་ཆ་ཡོད་ན་གསལ་བོར་ཤོད། ནུ་བོའི་ཆུང་མ་སུས་འཕྲོགས་པ་རེད། ཁྱོད་ངོ་ཚ་རྒྱུའང་མི་འདུག ཁྱོད་རང་གི་སེམས་ལ་དྲིས། ཨ། ང་ཨེ། ཁོ་སྔར་ལས་ཀྱང་ཡ་མཚར་ཏེ། ཧེ་ཧེ་ཧེ། འཆལ་གཏམ་མ་བཤད། ཅེས་ཟེར། ངས་ཁོ་ལ་སྡིགས་བགྲད་པ་དང་མཉམ་དུ་ཁོ་ནི་བྱིའུ་ཡིསཁྲ་མཐོང་བ་ལྟར་འཁུམས་པ་དང་། ཕར་བལྟས་ན་ཤ་གསེང་སྦྲིད་དམ་མེ་སོང་དང་འདྲ། དེར་ངས་ཁོ་ལ་ལྷ་སྐྱིད་དང་ཚེ་རིང་གཉིས་ཀྱི་འབྲེལ་བའི་སྐོར་གསལ་བོར་བཤད་པ་དང། ང་རང་ཉིད་ཀྱིས་ལྷ་སྐྱིད་དང་ཁོ་གཉིས་ལ་མགོ་སྐོར་བཏང་བའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཤད་པས། ཁོ་ཧད་དེ་མིག་གཉིས་ཧྲིག་ཧྲིག་གིས་ངའི་གདོང་ལ་ཅེར་འདུག འདྲེ་མོ། འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་ཁྱོད་རིག་ཡག་གིས་ཁོའི་བྲང་ཁར་ཁུ་ཚོར་གྱིས་རྡུང་བཞིན་ཁྱིམ་ལ་རྒྱུགས་སོང་། ཁོས་ང་ལ་སྡིག་མོ་བྱས་པ་དེ་ནི་འོས་ཤིང་རིགས་པ་ཞིག་ཡིན་ལ། འགྱོད་པ་རིན་གྱིས་ཉོས་པ་ཞིག་ཀྱང་རེད།
དེའི་རྗེས་ཀྱི་གནས་ཚུལ་རྣམས་ང་ལ་གསལ་ཆ་དེ་འདྲ་མེད་མོད། ཡིན་ན་ཡང་། ཉིན་འགའི་རྗེས་སུ། ལྷ་སྐྱིད་དང་རིག་ཡག་གཉིས་ལུས་དང་གྲིབ་མ་འགྲོགས་པ་བཞིན་ལྷན་ཅིག་ཏུ་ཀུ་རེ་རྩེད་མོ་རྩེ་བཞིན་འདུགཔས། ངའི་སེམས་ལ། ལྷ་སྐྱིད་ལའང་ཁྲེལ་གཞུང་མི་འདུག་སྙམ་པ་དང་། རིག་ཡག་གིས་ང་ལ་འཛུམ་གྱིས་ལྟ་ཐེངས་རེ་རེར་ང་ལ་ཞེ་མེར་ཞིང་ཡི་མུག་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་འོང་གིན་འདུག གང་ལྟར་ཀྱང་། དེའི་ཕྱིས་ཀྱི་གནས་ཚུལ་ཐམས་ཅད་ལ་ངའི་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་བ་དང་། རིག་ཡག་དང་ངེད་གཉིས་ཀྱང་འཚོ་བ་གསར་བའི་བགྲོད་ལམ་ཐོག་དཔུང་མགོ་མཉམ་གཤིབ་བྱེད་པའི་མཛའ་གྲོགས་སུ་གྱུར་སོང་། གནས་ཚུལ་དེ་ཚོ་ངས་གསལ་བོ་ཞིག་བཤད་མི་ཐུབ་པས། རིག་ཡག་གི་ཁ་བརྡ་ལ་གསན་རོགས་གནང་།།
རིག་ཡག་གི་འཁྲུལ་སྣང་། ངའི་སེམས་ལ། ཨ་ཕས་ངའི་མིང་ལ་རིག་ཡག་ཅེས་བཏགས་པ་ནི་མིང་དོན་མི་མཚུངས་པར་སྙམ། ཆུང་དུས་ནས་བཟུང་། ང་ནི་མི་རིག་རྡེབ་ཅིག་ཡིན། ནུ་བོ་ཚེ་རིང་ང་ལས་ལོ་གཉིས་ཀྱིས་ཆུང་ན་ཡང་། ངེད་སྤུན་གཉིས་ཀྱི་རིག་པ་ལ་གནམ་སའི་ཁྱད་པར་ཡོད། ཕ་གཅིག་གི་རུས་ལས་གྲུབ་ཅིང་མ་གཅིག་གི་མངལ་ཁོག་བརྒྱུད་ནས་ཡོང་བའི་སྤུན་གཉིས་ལ་མཁས་བླུན་གྱི་ཁྱད་དེ་འདྲ་ཤོར་བ་ནི་ངོ་མ་ཡ་མཚན་ཞིག་རེད། ཆུང་དུས་སློབ་གྲྭར་འགྲོ་དུས། ངའི་ནུ་བོ་རིག་རྒོད་ཅིག་ཡིན་པས་ལོ་རིམ་དང་པོ་དང་། གཉིས་པ། གསུམ་ཞེས་ལོ་རེ་བཞིན་ཡར་འཕར་རྒྱུ་ཡོད་ཀྱང་། ངས་དཔེ་ཆ་ལོ་གསུམ་ལ་བཏོན་ཀྱང་ལོ་རིམ་དང་པོའི་འགག་སྒོ་དེ་ལས་ཐར་མ་ཐུབ། དེར་བརྟེན་ཨ་ཕས་ང་ལ། རིག་ལོ། ཁྱོད་ལ་དཔེ་འདོན་པའི་ཁ་བསོད་མི་འདུག ལྕགས་ཁེམ་ཟུངས་དང་། ངས་བལྟས་ན་ཁྱོད་ལ་རན་པ་དེ་རེད་ཟེར། དེ་ལྟར་ངས་ཡི་གེ་སྦྱོང་མཚམས་བཞག་སྟེ་ལྕགས་ཁེམ་བཟུང་ནས་ངལ་རྩོལ་བྱས་པ་ཡིན། ངས་རང་ཉིད་འཇིག་རྟེན་མི་ཡུལ་དུ་འཚོ་བ་རོལ་བའི་ལོ་ངོ་ཉེར་དྲུག་གི་ཉམས་མྱོང་གཞིར་བཞག་སྟེ་དཔྱད་པ་རེ་བཏང་ན། འཇིག་རྟེན་འཁོར་བ་ཟེར་བ་ནི་ཆོ་འཕྲུལ་གྱི་འཁོར་ལོ་བསྐོར་བ་ལྟ་བུ་ཞིག་རེད། དེའི་ཕྱིར། དོན་དག་བཟང་ངན་ཅི་ཞིག་བྱུང་ཡང་ངས་དེ་ཚོ་ལ་ཁ་ཡ་བྱེད་འདོད་མེད་པ་དང་། ཁ་བཟང་ངན་གང་ཡང་མ་གྲགས་པས་སྡེ་བའི་སྐྱེས་ཕོ་མོ་རྣམས་ཀྱིས་ང་ནི་མི་དྲང་མོ་ཞིག་རེད་ཟེར། ཨ་ཕས་ང་ལ་རྒྱུན་པར་གླེན་པ་ཞེས་སྡིགས་མོ་བྱེད་ནའང་། ངས་དེ་ཚོ་སྣང་མེད་དུ་བཞག་པ་ཡིན། བསམ་བློ་བཏང་ན་ཨ་ཕ་ལའང་ངན་ཁག་དཀྲི་རྒྱུ་མི་འདུག ང་རང་བུ་ཆེ་མགོ་ཡིན་པས་བོད་ཀྱི་ལུགས་སྲོལ་ལྟར་ན་ཕ་གཞིས་བུ་ཆེ་མགོས་སྐྱོང་དགོས་པས། ཨ་ཕས་ངས་ཁོའི་ཁྱིམ་ཤུལ་སྐྱོང་མི་ཐུབ་པར་དོགས་པ་རེད། དྲང་མོར་བཤད་ན་ང་ནི་མི་གླེན་པ་ཞིག་མིན། ལྷག་པར་དུ་ང་རང་ཡང་སྐྱེས་ཕོ་རབ་ཅིག་གི་ལུས་བླངས་ཡོད་པས་ལ་རྒྱ་ལོས་ཡོད། ལྷ་སྐྱིད་ངའི་ཆུང་མར་ལེན་རྒྱུའི་གནས་ཚུལ་དེ་ཨ་ཕས་ང་ལ་སྔ་མོ་ཞིག་ནས་ཁོག་བརྟོལ་ཡོད་མོད། འོན་ཀྱང་། ལྷ་སྐྱིད་ནི་མེ་ཏོག་ཁྲོད་ཀྱི་པད་མ་དང་། རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཡིན་པས་གཉེན་སློང་མཁན་དང་འབྲེལ་འཛིན་མཁན་མང་པོ་བྱུང་བ་དང་། ལྷག་པར་དུ་ལྷུན་གྲུབ་ནི་རིག་པ་རྣོ་ཞིང་ཁྱིམ་ཚང་གི་ཆ་རྐྱེན་ཡང་བཟང་བས། གལ་སྲིད་དེ་ཚོ་ལ་འགྲན་ཟླ་བྱས་ན་སྟག་མཆོངས་སར་ཝས་མི་སླེབས་པའི་དཔེ་ལྟར་མི་འགྱུར་བའི་ངེས་པའང་མེད། དེ་ལྟར་ན་ང་རང་གི་ལ་རྒྱ་འཆོར་བ་རེད། ངའི་ནུ་བོ་དང་ལྷ་སྐྱིད་གཉིས་ལ་འབྲེལ་བ་ཡོད་པ་ནི་ངས་ངོ་མ་མི་ཤེས། དེའི་སྐོར་ལ་ངས་ཚིག་རྔ་མནའ་ཡིས་བསྒགས་ཆོག དེ་བཞིན་དུ་ལྷ་སྐྱིད་ངའི་ཆུང་མར་བྱིན་ཡོད་པ་དང་། ངས་ཀྱང་ལྷ་སྐྱིད་ཚུར་འགུག་ཐབས་བྱས་པའི་གནས་ཚུལ་དེ་ཚོ་ནུ་བོས་ཀྱང་མི་ཤེས་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ། ངས་གོ་སྐབས་འོས་འཚམ་ཞིག་ལ་སྒུག་ཅིང་ཡོད་ཙ་ན། གནམ་གྱིས་ང་ལ་སྐལ་གནང་བ་འདྲ། ལྷུན་གྲུབ་དང་ལྷ་སྐྱིད་གཉིས་ཚིག་རྩོད་བྱས་ནས་ཁྱི་དང་ར་འཕྲད་པ་ལྟར་གྱུར་སོང་། ངའི་སེམས་ལ་དགའ་སྤྲོ་ཚད་ལས་འདས་པ་ཞིག་བྱུང་ནའང་སེམས་ཀྱི་དྲན་ཚུལ་དེ་ཚོ་ཕྱི་ལ་ཕུད་མ་མྱོང་། དགོང་མོ་དེར་ངའི་སེམས་ཀྱི་གསང་བ་དེ་ཚོ་ཚེ་རིང་ལ་བཤད་དགོས་བསམས་མོད། འོན་ཀྱང་། ངས་ལྷ་སྐྱིད་དང་ལྷུན་གྲུབ་གཉིས་ཚིག་རྩོད་བྱས་པའི་གནས་ཚུལ་དེ་ནུ་བོ་ལ་བཤད་སྐབས། ཁོས་ཅི་མི་སྙམ་པའི་ངང་ནས་ཁོང་དགོད་བྱེད་པ་ལས་ཁ་ཅི་ཡང་མི་གྲགས་པས། ངས་ཀྱང་གསང་བ་དེ་རང་སེམས་ལ་བཟུང་ནས་བསྡད་པ་ཡིན། དེ་དུས་ལྷ་སྐྱིད་ལ་ཁ་ཡག་ངོ་དགའ་བྱེད་པའི་ཕོ་གསར་འགའ་རེ་ཡོད་ན་ཡང་། དེ་ཚོ་ལ་འཐབ་ཟླ་བྱས་ཀྱང་རྒྱལ་ཁ་འཐོབ་ངེས་རེད། དེའི་ཕྱིར། ངས་སྔར་ནས་ཉོས་ཡོད་པའི་ལག་ཕྱིས་མེ་ཏོག་ཅན་དང་ཀ་ར་རྒྱ་མ་གང་བོ་དེ་ལྷ་མོ་བརྒྱུད་ན་ལྷ་སྐྱིད་ལ་སྟེར་བཅུག་པ་ཡིན། ངས་ལྷ་སྐྱིད་ཀྱིས་མགོ་ལ་ལག་ཕྱིས་དཀྲིས་ཡོད་པ་མཐོང་ནས་རང་གི་ཡིད་ལ་རེ་བའི་འབྲས་བུ་སྨིན་སོང་སྙམ་ནས་དགའ་སྤྲོ་བརྗོད་ཀྱིས་མི་ལང་བ་ཞིག་སྐྱེས་བྱུང་། ཡིན་ན་ཡང་། ལྷ་མོས་གཡོ་བྱས་ན་ང་ལ་མགོ་སྐོར་བཏང་བ་དེ་སུ་ཡིས་ཤེས། སྐབས་དེ་དག་ཏུ་ལྷ་མོས་ང་ལ་ཚིག་འདྲ་མི་འདྲ་མང་པོ་བཤད་ན་ཡང་། ངས་ཁོ་མོའི་ཚིག་དེ་དག་གསང་བརྡ་ཡིན་པ་མ་ཤེས་པ་དང་། མོས་ང་ལ་རྣམ་འགྱུར་འདྲ་མིན་སྣ་ཚོགས་བསྟན་ན་ཡང་ངས་མོ་ལ་ཁ་ཡ་མ་བྱས། མོས་ཚེ་རིང་ལ་དངུལ་གྱི་མཛུབ་དཀྲིས་བསྐུར་བ་དང་ལུག་བཤའ་སྐབས་ཚེ་རིང་ང་ལྷ་མོ་གཉིས་ཀྱིས་གསང་གཏམ་ཤབ་ཤུབ་བཤད་པའི་ཚུལ་དེ་མཐོང་ནས། ངའི་སེམས་ལ་། ཚེ་རིང་དང་ལྷ་མོ་གཉིས་ཀ་མཛའ་གྲོགས་རེད་བསམ་བྱུང་། ཚེ་རིང་སྟོང་འཁོར་ལ་སློབ་སྦྱོང་བྱེད་དུ་སོང་རྗེས། ངས་ལྷ་སྐྱིད་ལ་བྱིན་པའི་ལག་ཕྱིས་དེ་ལྷ་མོའི་མགོ་ལ་དཀྲིས་ཡོད་པ་མཐོང་མ་ཐག ང་རང་ཡ་མཚར་བ་དང་། ལྷ་སྐྱིད་ཀྱིས་ལག་ཕྱིས་སོ་མ་ཞིག་དཀྲིས་འདུག་པས་ངའི་སེམས་ལ་རང་དབང་མེད་པར་དོགས་པ་སྐྱེས་བྱུང་། སྐབས་དེར། ལྷུན་གྲུབ་ཀྱིས་ང་ལ་སེམས་གཏམ་མང་པོ་བཤད་པ་དང་། ངས་ཀྱང་རང་གི་གསང་བ་རྣམས་ལྷུན་གྲུབ་ལ་བཤད་པ་ཡིན།གྲོགས་པོ། ད་ལྟའི་མོ་གསར་རྣམས་ལ་བློ་གཏད་རྒྱུ་ཁྱོན་ནས་མི་འདུག བུ་མོའི་སེམས་ནི་ནམ་མཁའི་གློག་ཞགས་འཁྱུག་པ་ལྟར་འགྱུར་ལྡོག་ཆེ་ལ། དེ་ཚོའི་ཁོག་པ་ནི་དུང་དཀར་གྱི་ཁོག་པ་འབུས་གང་བ་བཞིན་གཡོ་སྒྱུས་འཁེངས་འདུག དེ་བས་ད་ལྟ་ལག་སྔ་བརྩད་ནས་སྡེ་བའི་སྐྱེ་ཕོ་མོ་རྒན་གཞོན་ཀུན་ལ་གོ་བར་བྱས་ན་དགའ།
ངས་ད་དུང་ལྷ་སྐྱིད་འཐད་མིན་དྲིས་མེད་པས། དེ་ལྟར་བྱས་ན་་་་་་་་་ གླེན་པ་ཁ་ནག་ཁྱོད། ཁྱོད་ཀྱི་ལག་ཕྱིས་མོའི་མགོ་ལ་དཀྲིས་ཁ་དེ་འཐད་པའི་བརྡ་མ་ཡིན་ནམ། འོ་ན། ཇི་ལྟར་་་་་་་་
ལྷུན་གྲུབ་ཀྱིས་སླར་ཡང་ངའི་ཚིག་མཚམས་བཅད་དེ། ཕག་ལ་སྣ་དགོས། མི་ལ་བློ་དགོས་ཟེར་བ་མ་ཐོས་སམ། ལས་འགན་དེ་ང་ལ་སྤྲད་པས་ཆོག སང་ཉིན་ནམ་ལངས་དུས་སྡེ་བའི་སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱིས་ཤེས་པ་ཞིག་བྱ་མཐུབ་ན། ང་ལྷུན་གྲུབ་ཟེར་བ་ཨ་མའི་བུ་དང་རྒོད་མའི་རྟེའུ་མིན་ཟེར། ངོ་མ། ལྷུན་གྲུབ་ལ་གླེང་ཕྱོགས་བཟོ་བའི་ནུས་པ་ཧ་ལས་པ་ཞིག་འདུག ཕྱིན་ཉིན། ལྷ་སྐྱིད་དང་ངེད་གཉིས་ཚུལ་ཇི་ལྟར་ངོ་འཕྲད་པ་དང་། གཏམ་ཇི་ལྟར་གླེང་བ། སེམས་ཇི་ལྟར་མཐུན་པ་སོགས་གཅིག་གི་མགོ་ལ་གཉིས། བརྒྱ་ཡི་མགོ་ལ་སྟོང་བཏགས་ཏེ་གླེང་གིན་ཡོད་པ་དང་། གནས་ཚུལ་དེ་དག་ནི་ངའི་སེམས་ལ་དྲན་རྒྱུ་ལྟ་ཅི། ཐ་ན་རྨི་ལམ་དུའང་རྨིས་མ་མྱོང་བ་ཤ་སྟག་རེད། གང་ལྟར་ཀྱང་། གླེང་ཕྱོགས་དེ་སྡེ་བ་ཡོངས་ལ་ཁྱབ་པ་དང་། ངའི་ཨ་ཕས་ཀྱང་གོ་སྐབས་དེ་དང་བསྟུན་ནས་གཉེན་བསླངས་པས་ལྷ་སྐྱིད་ཀྱི་ཨ་ཕས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལྷ་སྐྱིད་ངའི་ཆུང་མར་བྱིན། ཡིན་ན་ཡང་། ལྷ་མོས་ང་ལ་རྒྱུ་མཚན་རྣམས་གསལ་བོར་བཤད་རྗེས། ང་རང་གནོངས་འགྱོད་ཆེན་པོ་སྐྱེས་པ་དང་། སེམས་ལ་སྡུག་བསྔལ་བཟོད་གླགས་མེད་ཀ་ཞིག་སྐྱེས་བྱུང་། ཉིན་དེའི་དགོང་མོར། ངས་ཨ་ཕ་ལ་གནས་ཚུལ་རྣམས་གསལ་བོར་བཤད་པ་དང་། ལྷ་སྐྱིད་དང་ངེད་གཉིས་ཀྱི་གཉེན་འབྲེལ་དེ་མཚམས་གཅོད་དགོས་པའི་ཞུ་བ་བྱས་ན་ཡང་། ཨ་ཕ་བགད་མོ་དགོད་བཞིན་དུ། འོ། ངོ་མ་ཡ་མཚན་རེད། ཡིན་ན་ཡང་། ཁྱོད་སྤུན་གཉིས་ལ་ཁྱད་པར་ཅི་ཡོད། དེར་མ་ཟད། ཁྱོད་ནི་བུ་ཆེ་མགོ་ཡིན་པས། ཁྱོད་ལ་ཆུང་མ་མ་བླངས་པར་ནུ་བོར་མནའ་མ་ལེན་སྲོལ་མེད། ཨ་ཞང་རྒད་པོ་ཡང་ཐུགས་གཏུམ་པོ་ཞིག་ཡིན་པས་ཡང་སློག་འོར་སློག་བྱས་ན་ཐུགས་མི་དགྱེས། ཚེ་རིང་ནི་ལས་བྱེད་པ་ཡིན་པས་བུ་མོ་གཞོན་ནུ་མ་ཚོས་ཕྱི་བསྐོར་ནང་བསྐོར་བྱེད་ངེས་རེད། གལ་ཆེ་བ་ཁྱོད་རེད། ད་ང་རྒད་པོའི་བསམ་དོན་འགྲུབ་སོང་ཟེར།
རྒད་པོ་ཚོའི་སེམས་ནི་ཤིང་སྐམ་ལས་གཉའ་རེངས་པ་དང་། ཀོ་གྱོང་ལས་ཞེ་གྱོང་བ་ཞིག་ཡིན་པས། ང་ལ་བཅོས་ཐབས་ཅི་ཡང་མི་འདུག དེར་ངའི་སེམས་ནས་ཐབས་ཤེས་གཞན་ཞིག་འཐེན་དགོས་སྙམ།
ལོ་གསར་ཚེས་པ་བཅུ་གཉིས་ལ་སླེབས་སོང་། ལྷ་སྐྱིད་དང་ངེད་གཉིས་གཉེན་སྒྲིག་གི་ཡི་གེ་ལེན་དུ་འགྲོ་བའི་དུས་ཆད་ལ་ཉིན་ཧྲིལ་པོ་གཉིས་ལས་མི་འདུག ངའི་སེམས་ནི་རྒྱ་མཚོའི་རྦ་རླབས་ལྟར་འཁྲུགས་ཀྱིན་འདུག ཉིན་དེའི་ཕྱི་ཇའི་ཚད་ཙམ་ལ། ལྷ་སྐྱིད་ཀྱིས་གོམ་པ་ལྗིད་ཐེག་གེར་སྤོས་ཏེ་སྡེ་བའི་རྩྭ་ཁང་གི་ཕྱོགས་སུ་འགྲོ་བ་མཐོང་། ངའི་སེམས་ལ། ད་ནི་གོ་སྐབས་འགྲིག་པས་ང་ཡང་མོའི་རྗེས་དེད་ནས་སོང་སྟེ། རང་གི་ཉེས་པ་རྣམས་ཇི་མ་ཇི་བཞིན་དུ་བཤད་དགོས་པ་དང་། གཉེན་སྒྲིག་གི་ཡི་གེ་ལེན་དུ་མི་འགྲོ་བར་ཐབས་ཅི་ཡོད་ཀྱིས་ཚེ་རིང་ཕྱིར་ལོག་རན་བར་དུ་བསྒུགས་ཏེ། ཚེ་རིང་དང་ཁོ་གཉིས་གཉེན་བསྒྲིག་ཏུ་འཇུག་རྒྱུའི་བཀོད་པ་རྣམས་ལྷ་སྐྱིད་ལ་གྲོས་བསྡུར་བྱ་དགོས་བསམས། མོ་རྩྭ་ཁང་དུ་འགྲོ་སའི་དེའུ་འབུར་ཆུང་ཆུང་ཞིག་ཡོད་པ་དེའི་རྒྱབ་ཀྱི་ཤོང་བུ་ཅུང་ཟད་ངོས་ཡངས་པ་ཞིག་ཏུ་ཡོད་ལ། ནམ་རྒྱུན་དུ་རྟ་རྫི་དང་བོང་རྫི་སོགས་ཕྱུགས་ཀྱི་རྫི་བོ་མ་གཏོགས་དེར་འགྲོ་དོན་མེད་པས། དེ་རིང་ལྷ་སྐྱིད་རྩྭ་ཁང་དུ་འགྲོ་དོན་ཅི་ཞིག་ཡིན་ནམ། ངའི་སེམས་བློང་བློང་བོར་གྱུར་ཏེ་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་སོང་བ་ལ། རྩྭ་ཁང་གི་སྒོ་ཟུར་ཙམ་ཕྱེས་འདུག རྩྭ་ཁང་ནང་ནས་འུག་པ་རྒན་པོའི་མིད་པ་ལས་བྱུང་བ་ལྟ་བུའི་སྒྲ་ཡ་མཚན་ཅན་ཞིག་གྲགས་པ་ཐོས། ངས་མྱུར་མོར་རྩྭ་ཁང་གི་སྒོ་ཕྱེས་པ་ན། ཨ་ཁ། ཁང་ཀླད་ཀྱི་རྒྱུག་འཁྱོག་པོ་ཞིག་གི་སྟེང་དུ་སྐེ་རགས་དམར་པོ་ཞིག་ཐུར་དུ་དཔྱངས་ཡོད་པ་དང་། སྐེ་རགས་ཀྱི་སྣེ་མོ་ནི་ཨ་ལོང་དང་བཅས་ཏེ་བུ་མོ་ཞིག་གི་སྐེ་ལ་བསྐོན་འདུག བུ་མོ་དེའི་གདོང་གྱེན་དུ་ཕྱོགས་པ་དང་། མིག་གཉིས་བགྲད་ཅིང་། ལྕེ་བསྣར་ཏེ་ལུས་པོ་འཕག་འཚག་བར་མེད་དུ་བྱེད་ལ། ད་ཅི་ངས་ཐོས་པའི་འུག་པ་རྒན་པོའི་མིད་པ་ལས་བྱུང་བ་ལྟ་བུའི་སྒྲ་དེ་ནི་མོའི་མགྲིན་པ་ལས་བྱུང་བར་སྣང་ཞིང་། རིམ་གྱིས་སྒྲ་དེ་ཇེ་ཐུང་ཇེ་ཐུང་དུ་གྱུར་པ་དང་། གདངས་ཀྱང་ཇེ་དམའ་ཇེ་དམའ་རུ་གྱུར། ད་ནི་གནད་དོན་གཞན་དག་ལ་བསམ་བློ་གཏོང་ཁོམ་མི་འདུག ངས་མྱུར་མོར་སྐག་གི་བློ་གྲི་ཕྱུངས་ནས་སྐེ་རགས་དེ་དུམ་ཧྲིག་གེར་བཅད་པ་ཐག་བུ་མོ་དེ་ཤི་མ་གསོན་གྱི་ངང་ནས་ངའི་པང་དུ་ལྗིད་ཐེག་གེར་ལྷུང་སོང་། ངའི་ལུས་པོ་ཡོངས་རྫོགས་དངངས་འདར་བར་མེད་དུ་བྱེད་པ་དང་། མགོ་ཡི་སྐྲ་རྣམས་གྱེན་དུ་གཟེངས་ཤིང་ལུས་ཀྱི་བ་སྤུ་རྣམས་ཀྱང་གཟེངས་པར་གྱུར། མོའི་སྐེ་ཡི་མདུད་པ་ཇི་ལྟར་གྲོལ་བའང་མ་ཤེས་པར་ལག་པ་འདར་སིག་སིག་གིས་མོའི་བྲང་ཁ་ལ་ཕུར་ཕུར་བྱེད་ཀྱིན་འདུག ཡུད་ཙམ་ནས། དབུགས་ཀྱི་འབྱུང་རྔུབ་བྱེད་ཚུལ་རྒྱུན་གཏན་དུ་གྱུར་པ་དང་། གདོང་མདོག་ཀྱང་རིམ་གྱིས་ཇེ་དྭངས་སུ་སོང་སྟེ། དཔྲལ་བའི་མིག་གཉིས་བཙུམ་མ་ཕྱེས་ཀྱིས་ངའི་གདོང་ལ་ལྟ་བཞིན།
ཁྱོད་ལ་ཉེས་པ་ཅི་ཡོད་ཅེས་ཟེར།
ངས་མགོ་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་ལས་ཁ་ཅི་ཡང་གྲགས་མ་ཐུབ་ལ། མིག་དང་མགྲིན་པ་གཉིས་ཀ་མཆི་མས་བརྣངས་པར་གྱུར། ང་གསོན་ན་ཚེ་རིང་གི་མི་ཡིན། ཤི་ན་ཚེ་རིང་གི་འདྲེ་ཡིན། ཁྱོད་ཀྱི་ཆུང་མ་ངས་མི་འདོད། མོའི་མིག་གི་ཁྲག་རྩ་ཐམས་ཅད་དམར་པོ་དམར་རྐྱང་དུ་གྱུར་པ་དང་། དཔྲལ་བའི་མིག་གཉིས་ནི་མེ་ཕོན་ཆེན་པོ་ཞིག་དང་འདྲ་བར་ངའི་གློ་སྙིང་ཐམས་ཅད་བསྲེགས་པ་ལྟ་བུའི་ཚོར་སྣང་སྐྱེས། ང་རང་ནི་སྔར་བྱས་ཀྱི་ལས་ལ་ཤིན་ཏུ་འགྱོད་ན་ཡང་འགྱོད་བཤགས་བྱེད་པའི་ཚིག་གཅིག་ཀྱང་སྨྲ་མ་སྤོབས། དེ་ལྟར་ཡུན་ཅུང་རིང་བོ་ཞིག་འདས་རྗེས། ངས་སྔར་བྱས་ཀྱི་བྱ་བ་དང་སྤྱོད་པ་ཐམས་ཅད་ཁ་ཁོག་པས་མ་གསང་། བློ་རྒྱུ་མས་མ་བསྐུམས་པར་ལྷ་སྐྱིད་ལ་ཇི་མ་ཇི་བཞིན་དུ་བཤད་པ་དང་། ལྷ་མོས་གཡོ་སྒྱུ་བྱས་ཚུལ་དང་། ལྷུན་གྲུབ་ཀྱིས་ངན་བསླབས་ཚུལ་སོགས་ཀྱང་རྒྱས་པར་བསྙད་པས། མོའི་ཁོང་ཁྲོ་རིམ་གྱིས་ཞི་བ་དང་། གདོང་ལས་ཅུང་ངོ་ཚ་བའི་རྣམ་འགྱུར་ཞིག་ཤར་འོངས། དེ་ནས་ངས་མོ་ལ་མོ་རང་ལྕེབས་པའི་གནས་ཚུལ་དེ་སུ་ལའང་མི་སྒྲོག་པའི་དམ་བཅས་ཤིང་། ངའི་ཨ་ཕ་དང་མོའི་ཨ་ཕ་གཉིས་ལ་གཏམ་ལན་འཇལ་བའི་གྲོས་རིམ་གྱིས་བྱ་རྒྱུའི་ཐག་བཅད། དེའི་ཕྱི་ཉིན་ནས་བཟུང་། ལྷ་སྐྱིད་དགའ་དགའ་སྤྲོའི་ངང་ནས་ངེད་ཀྱི་ཁྱིམ་ལ་འོངས་པ་དང་། ང་ཡང་མོ་ཚང་ལ་ཕར་སོང་ནས་ཀུ་རེ་རྩེད་མོ་རྩེ་བཞིན་བསྡད་པ་ཡིན། ཉིན་དེ་དག་ལ་ངའི་ངའི་ཨ་ཕ་དང་མོའི་ཨ་ཕ་གཉིས་ཀའང་དགའ་ཞིང་སྤྲོ་ལ། དགོང་ལྟར་མཉམ་གཅིག་ཏུ་ཆང་འཐུང་ནས་ལབ་རྒྱག་བཞིན་འདུག ཡིན་ན་ཡང་། ལྷ་སྐྱིད་དང་ངེད་གཉིས་ཀྱི་གསང་བའི་གྲོས་དེ་ཁོ་ཚོས་ཤེས་ཐུབ་རྒྱུ་མ་རེད། ངས་ལྷ་མོའི་བསམ་ཚུལ་ཡང་གཞི་ནས་ཧ་གོ་སོང་བས། མོ་ལ་འཛུམ་གྱིས་གསང་བརྡ་ལན་འགར་བསྟན་ན་ཡང་། དང་ཐོག་མོས་ང་ལ་ཁ་ཡ་མི་བྱེད་མོད། འོན་ཀྱང་ལྷ་སྐྱིད་ཀྱིས་ངེད་གཉིས་ཀྱི་གསང་བའི་གྲོས་དེ་མོ་ལ་ཟུར་ཙམ་བཤད་རྗེས། མོས་ཀྱང་ང་ལ་སྙིང་ཉེ་ཉེ་དང་ཤ་ཚ་ཚ་བྱས། ལོ་གསར་གྱི་ཚེས་པ་བཅོ་ལྔ་སླེབས་སོང་། ལྷ་སྐྱིད་དང་ངེད་གཉིས་དགའ་དགའ་སྤྲོའི་ངང་ཀུང་ཧྲེའི་ནང་དུ་གཉེན་སྒྲིག་གི་ཡི་གེ་ལེན་དུ་སོང་བ་ཡིན། ལམ་དུ་ཆས་ཁར་མི་མང་པོ་ཞིག་གིས་ངེད་གཉིས་ལ་སྐྱེལ་མ་བྱས་པ་དང་། ལྷུན་གྲུབ་ཀྱི་གདོང་ལ་གཡོ་སྒྱུའི་འཛུམ་ཞིག་ལངས་ཏེ་ཚུར་འོངས་ནས། གྲོགས་པོ། ཆོས་མགོ་འཁྱོངས་དུས་བླ་མ་མ་བརྗེད། གཉེན་མགོ་འཁྱོངས་དུས་བར་པ་མ་བརྗེད་ཟེར་བ་ཡིན་པས། ཀུང་ཧྲེ་ནས་ཕྱིར་ལོག་དུས་ང་ལ་ཆང་སྐལ་ཞིག་འཁྱེར་ཡོང་རྒྱུ་བརྗེད་མི་ཉན་ཟེར།
ཁྱོད་ལ་གཅིན་སྐལ་ཞིག་འཁྱེར་ཡོང་། ངས་ལན་ཅི་ཞིག་འདེབས་དགོས་པའང་མ་ཤེས་པར་ཡོད་དུས། ལྷ་སྐྱིད་ཀྱིས་དེ་ལྟར་བཤད་པ་དང་། ལྷུན་གྲུབ་ཀྱིས་ལྕེ་བསྣར་ཞིག་བྱས་ཏེ་ཁོང་དགོད་བྱེད་བཞིན་གདའ།
ང་ཚོ་ཀུང་ཧྲེ་ནང་དུ་ཕར་འགྲོ་དུས། ལྷ་སྐྱིད་དང་ངེད་གཉིས་མཉམ་དུ་སོང་བ་དང་། ཕྱིར་ལོག་དུས་ལྷ་སྐྱིད་ནི་གར་སོང་མི་ཤེས་པ་དང་། ངའི་ཡོང་རོགས་ནི་ལྷ་མོ་རེད། ཨ་ཕས་གཉེན་སྒྲིག་གི་ཡི་གེར་ལྟ་བཞིན་དཔྲལ་བའི་སྨིན་མ་སྟུག་པོར་བསྡུས་པ་དང་། ངའི་ཁོག་ཏུ་དགོད་པའི་གྲུ་གུ་འཕར་ལྡིང་བྱེད་བཞིན་འདུག
ཡིན་ན་ཡང་། ལྷ་སྐྱིད་བླ་བྲང་ལ་བྲོས་པའི་གནས་ཚུལ་དེ་ང་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པས། ངན་ཁག་ཐམས་ཅད་མོ་རང་ཉིད་ཀྱིས་འཁུར་འོས། མི་ཁྲེལ་མེད་ཟེར་བ་དེ་ལྷ་སྐྱིད་རེད། ཀྭ་ཡེ། ཕོ་གསར་རྣམ་པ། ལྷ་སྐྱིད་ལ་ཁྲེལ་གཞུང་ཡོད་མེད་དེ་ཁྱོད་ཚོས་མོར་དྲིས་ཤིག ལྷ་སྐྱིད་ཀྱི་སྡུག་བསྔལ།
ང་རང་ད་ལྟ་འཇིག་རྟེན་མི་ཡུལ་དུ་འཚོ་བ་རོལ་ཐུབ་པ་ནི་རིག་ཡག་གི་དྲིན་ཡིན། གལ་ཏེ་ཉིན་དེར་ཁོས་རྩྭ་ཁང་ནས་ངའི་ཚེ་སྲོག་མ་བསྐྱབ་པ་ཡིན་ན། ང་རང་འཇིག་རྟེན་མི་ཡུལ་དང་བྲལ་ཟིན། རིག་ཡག་གིས་ང་ནི་མི་ཁྲེལ་མེད་ཅིག་རེད་ཟེར་བ་ལ་ཁག་མི་འདུག ཁྲེལ་མེད་ཀྱི་བྱ་བ་ཐམས་ཅད་ངས་བྱས་ཟིན་པས་འགྱོད་པ་སྐྱེས་ཀྱང་ཕན་པ་ཅི་ཞིག་ཡོད། དེ་བས་ངས་མ་ཎི་འགའ་རེ་བཏོན་ཏེ་རང་གི་ཉེས་ལྟུང་གི་དྲི་མ་ཐམས་ཅད་འཁྲུད་ཐབས་བྱས་པས་དགའ། སྐབས་རེར་ངའི་སེམས་ལ་རང་ཉིད་ཀྱང་ཇོ་མོ་ཞིག་བྱ་དགོས་སྙམ་ཡང་། ཚེ་རིང་གི་བཞིན་རས་དང་ཆུང་དུས་ཀྱི་བརྩེ་དུངས། གཞོན་ནུའི་སྐབས་ཀྱི་མཛའ་མཐུན་བཅས་ནི་བདུད་ཀྱི་ཆོ་འཕྲུལ་བསྟན་པ་བཞིན་ངའི་ཁྲ་ཆུང་མིག་ལམ་དུ་ལྷང་ངེར་འཆར་འོང་གིན་འདུག སྤྱིར་ང་ཡང་ད་ལྟའི་མོ་གསར་རྣམས་དང་འདྲ་བར་འཇིག་རྟེན་གྱི་འཚོ་བ་ལ་རོལ་འདོད་ཤིན་ཏུ་ཆེ་ན་ཡང་། ངའི་ཁ་སྒོ་སྐྱེ་གཟུགས་འདི་དགྲ་རུ་ལངས་ཏེ་དྲིན་ཕ་མའི་དྲུང་དུ་སྡོད་དབང་མེད་ལ། སེམས་མཐུན་པའི་གྲོགས་དང་འགྲོགས་དབང་མེད་པར་གྱུར། གལ་སྲིད་ཚེ་རིང་སྟོང་འཁོར་དུ་འགྲོ་ཁར་གཉེན་སྒྲིག་གི་ཡི་གེ་བླངས་ཡོད་རྒྱུ་ན། ངའི་གངས་དཀར་སེམས་ལ་སྡུག་བསྔལ་གྱི་གཉེར་མ་འདི་གྱོན་དོན་མི་འདུག འཇིག་རྟེན་གྱི་གཏམ་དཔེ་ལ། མ་བུ་མོ་ཚང་གི་སྐྲ་རིང་ཡང་བློ་ཐུང་ཟེར་བ་དེ་ངོ་མ་བདེན་པར་འདུག ངའི་ཚིག་འདིས་མོ་གསར་རྣམས་ལ་ཕོག་ཐུག་གཏོང་ལས་ཆེ་ན་ཡང་། མ་མཐར་ང་རང་ཉིད་ནི་དེ་ལྟ་བུ་ཞིག་རེད། ཚེ་རིང་སྟོང་འཁོར་ལ་སློབ་སྦྱོང་དུ་སོང་རྗེས། སྡེ་བའི་ནང་ནས་ང་ལ་ལབ་གླེང་བྱེད་པའི་གཏམ་འདྲ་མིན་སྣ་ཚོགས་ཤིག་གྲགས་སོང་། ཨ་མས་ང་ལ་རིག་ཡག་བཟང་ཚུལ་རྒྱན་ཚུལ་གྱི་གཏམ་མང་པོ་བཤད་པ་དང་། ཨ་ཕས་ངས་ཞུ་བ་བྱས་པ་ལ་མི་ཉན་པར་ཨུ་ཚུགས་མཐར་སྐྱེལ་བྱས། སྔོན་ཆད་སྤྱི་ཚོགས་རྙིང་བའི་ནང་། ངའི་ཨ་ཕ་ཕྱི་ལོགས་སུ་ཚོང་ལ་སོང་ནས་ཕྱིར་ལོག་དུས། ལམ་ཁར་ཇག་པ་གསུམ་ལ་འཕྲད་དེ་ཁོ་ཚོས་ངའི་ཨ་ཕའི་ལག་གི་རྒྱུ་ནོར་རྣམས་འཕྲོགས། ཨ་ཕ་ཤིང་སྡོང་ཞིག་ལ་བཏགས་ཏེ་གྲིས་བརྒྱབ་སྟེ་གསོད་རྩིས་བྱེད་པའི་སྐབས་དེར། རིག་ཡག་དང་ཚེ་རིང་སྤུན་གཉིས་ཀྱི་ཨ་ཕ་ཉི་མས་རང་གི་སྲོག་ལ་མ་འཛེམས་པར་གྲི་ཕྱུངས་ཏེ་བརྒྱུགས་འོངས་པས། ཇག་པ་ཚོ་ཁོའི་རྒྱབ་ན་ད་དུང་མེ་མདའ་ཞིག་ཁུར་ཡོད་པ་དེར་འཇིགས་ནས་རྟབ་རྟབ་པོ་རྟ་ལ་ཞོན་ནས་བྲོས་སོང་། དེ་ལྟར་ངའི་ཨ་ཕའི་སྲོག་བསྐྱབས་པ་དང་རྒྱུ་ནོར་རྣམས་ཀྱང་མ་ཤོར་བས་ཨ་ཁུ་ཉི་མ་དང་ངའི་ཨ་ཕ་གཉིས་ཀྱིས་མནའ་མཆེད་བསྒྲིགས། བཅིངས་གྲོལ་བྱས་པའི་ལོ་དེར། ཁོང་གཉིས་ཀ་ལོ་སུམ་ཅུ་ལྷག་ལ་བསླེབས་ཟིན་པས། གཉེན་གྱི་མགོ་བཟུང་བ་དང་། གཉེན་སྒྲིག་དགའ་སྟོན་ཡང་ཉིན་གཅིག་ལ་བྱས། ཕྱི་ལོར། ཚེ་རིང་གི་ཨ་མར་རིག་ཡག་སྐྱེས་པ་དང་། དེ་ནས་ལོ་གཅིག་འགོར་བ་ན་ངའི་ཨ་མ་ལའང་མངལ་སྦྲུམ་པར་གྱུར། ཉིན་ཞིག་གི་དགོང་མོར། ཨ་ཁུ་ཉི་མ་ངེད་ཚང་ལ་ཡོང་བ་དང་། མནའ་མཆེད་གཉིས་ཀྱིས་ཆང་འཐུང་ཞོར་དུ་སྔོན་ཆད་ཀྱི་གནས་ཚུལ་རྣམས་ཕྱིར་དྲན་བྱས།
དེ་དུས་ཁྱོད་སྐབས་ཐོག་ཏུ་མ་ཡོང་ན། ང་གཤིན་རྗེ་སོ་རྒྱལ་མཇལ་དུ་སོང་ཚར་ཟིན། ངའི་ཨ་ཕས་ཆང་ཧུབ་གང་འཐུངས་ནས་དེ་ལྟར་བཤད། སྔོན་ཆད་ཀྱི་བྱ་བ་རྣམས་འདས་ཟིན། དེ་ཚོ་གླེང་ཡང་རྒྱུ་མཚན་ཆེན་པོ་མི་འདུག མནའ་མཆེད། ངའི་ཁོག་ན་བཀོད་པ་ཞིག་ཡོད་མོད། འོན་ཀྱང་་་་་་་་་་་་ ཨ་ཁུ་ཉི་མས་ངའི་ཨ་མའི་གདོང་ལ་ལྟ་བཞིན། ཅུང་ཟད་དོགས་མི་བདེ་བའི་ངང་ནས་ཚིག་མཚམས་བཅད། ཤོད་ཡ། ཤོད། འུ་སྤུན་གཉིས་ཀྱི་བར་ལ་བཤད་རྒྱུ་དང་གསང་རྒྱུ་ཅི་ཞིག་ཡོད། དེ་རེད། དེ་རེད། ངའི་སེམས་ལ་དྲན་པའང་དེ་ཡིན། ཨིན་་་་་་་་་་ཨིན་་་་་་་་་
ཨ་ཁུ་ཉི་མས་ཚིག་ངག་ལས་མ་འཁྲོལ་བས། ངའི་ཨ་མ་ཅུང་ཟད་མ་རངས་པའི་སྒོ་ནས་མིག་ཡོན་པོར་ལྟ་ཞིང་བསྡད་པ་དང་། དེའི་ཚུགས་ཀ་ལ་བལྟས་ན། ཁྱོད་ང་ལ་ཡིད་མི་ཆེས་ན་བཤད་མི་དགོས་ཞེས་འཁང་ར་བྱེད་པ་དང་འདྲ། ཧེ་ཧེ། ཨ་ཁུ་ཉི་མས་བཙན་ཚུགས་ཀྱིས་བགད་མོ་དགོད་བཞིན། དྲང་མོར་བཤད་ན། ངས་ཁྱོད་ལ་གཉེན་གྱི་འབྲེལ་ཞིག་འཛིན་བསམས་པ་ཡིན། ང་ལ་བུ་གཅིག་ཡོད་པ་ནི་ཁྱོད་ཀྱིས་ཤེས་གསལ་ལྟར་རེད། དབང་མཚོ་ཡང་མངལ་སྦྲུམ་འདུག་པས། གལ་ཏེ་བུ་མོ་ཞིག་བཙས་པ་ཡིན་ན་ངའི་བུ་ལ་ཆུང་མར་སྟེར་རོགས་གནང་།
ཧ་ཧ་ཧ། མནའ་མཆེད་ཁྱོད། ངས་དམིགས་པ་བུ་ཞིག་ཡིན་ཡང་ཁྱོད་ཀྱིས་འདོད་པ་བུ་མོ་ཞིག་རེད། གལ་ཏེ་ཁྱོད་ཀྱི་ཁ་ཐོག་ལ་སོང་ན་ཁྱོད་ལ་ལོས་སྟེར། ཕོ་རབ་ཚིག་ཐོག་དང་།།འཕར་བ་རྗེས་ཐོག །ཡིན་ནམ། ལོས་ཡིན། ལོས་ཡིན། ཁྱིས་མི་བཟའ་ལྕགས་དང་། མིས་མི་བཟའ་མནའ་ཡིན།
དེ་ལྟར་ང་ད་དུང་འཇིག་རྟེན་འདིར་མ་འོངས་གོང་ནས་ཨ་ཕས་ངའི་གཉེན་དོན་ཐག་བཅད་ཟིན། ཡིན་ན་ཡང་། གནས་ཚུལ་དེ་ཚོ་ངས་གཏན་ནས་མ་ཤེས་ལ། ཐ་ན་ང་དང་བུ་མོའི་གློ་སྙིང་གཏོད་ས་གཅིག་པུར་གྱུར་པའི་ཨ་མ་དབང་མཚོས་ཀྱང་ཚིག་ཟུར་ཙམ་ཡང་བཤད་མ་མྱོང་། ལོ་གསར་ཚེས་པ་གསུམ་གྱི་ཉིན། ཨ་ཕས་ང་རིག་ཡག་གི་ཆུང་མར་བྱིན་ཚར་རྗེས། ངས་ངུ་འབོད་ཀྱིས་ཕ་མ་གཉིས་ལ་ཞུ་བ་བྱས་པ་ན། ཨ་མས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་གོང་གསལ་གྱི་གཏམ་དེ་དག་བཤད་བྱུང་། ཨ་ཁ། བུ་མོའི་ལས་དབང་ཟེར་བ་ནི་དེ་ལྟ་བུ་ཞིག་ཡིན་ནམ། དྲིན་ཆེན་གྱི་ཕ་མའི་དྲིན་ལན་དེ་ངས་ཚེ་གང་ལ་འཇལ་དཀའ་ན་ཡང་། བུ་མོའི་སེམས་ཀྱི་བདེ་སྡུག་ལ་མི་ལྟ་བར་ང་རང་འཆི་ལམ་དུ་རྫོང་བ་དི་ཅི་ཞིག་ཡིན་ནམ། དེ་ལྟར་ངས་བསམ་བློ་གཏོང་བཞིན་པ་ལ་ཡི་མུག་པ་དང་། འཁོར་བ་ལ་སྐྱོ་བ་སྐྱེས་བྱུང་། ཇི་ལྟར་དཔྱད་ཀྱང་སེམས་ནི་སྡུག་བསྔལ་གྱི་རྒྱ་ལས་ཐར་མི་ཐུབ་པས། ལོ་གསར་ཚེས་པ་བཅུ་གཉིས་ཉིན་གྱི་སྔ་དྲོར།་་་་་་་་་ ཨ་ཙི། ད་དེ་ཚོ་སེམས་ལ་དྲན་ན་ཡིད་སྐྱོ་ཞིང་སེམས་འགྱོད་པ་དང་ངོ་གནོང་དགོས་པ་ཞིག་རེད། རིག་ཡག་གིས་ང་ལ་སེམས་གསོའི་ཁ་བརྡ་མང་པོ་བྱས་པ་དང་། ལྷ་མོ་དང་ངེད་གསུམ་གྱིས་གྲོས་བྱས་ཤིང་བློ་བསྡུར་མཐར། ཚེས་བཅོ་ལྔའི་ཞོགས་པར། ལྷ་མོ་སྔོན་ལ་སོང་ནས་ཀུང་ཧྲེ་ནས་སྒུག་རྒྱུ་དང་། ང་རང་ལམ་སྐེད་ནས་ཟི་ལིང་ལ་འགྲོ་བའི་འགྲུལ་བཞུད་རླངས་འཁོར་དུ་བསྡད་དེ་ཚེ་རིང་ལ་བལྟ་རུ་འགྲོ་རྒྱུའི་ཐག་བཅད། རིག་ཡག་དང་ངེད་གཉིས་ཁ་བྲལ་སྐབས། ཁོས་ང་ལ་ཤོག་སྒོར་ཉི་ཤུ་བྱིན་པ་དང་། ལམ་ཁར་སེམས་ཆུང་བྱ་དགོས་ཚུལ་སོགས་ང་ལ་སེམས་བཟང་ཞིང་ངག་འཇམ་པའི་ཁ་བསྒོ་མང་དུ་བྱས།
སྔོན་ཆད་ང་རང་ཕ་ཡུལ་དང་ཁ་བྲལ་ནས་ཕྱི་ལོགས་སུ་སོང་མ་མྱོང་བས། ང་འགྲུལ་བསྐྱོད་རླངས་འཁོར་གྱི་ཨོང་སྟེགས་སྙི་ཞིང་བདེ་བ་དེའི་ཐོག་བསྡད་པས་སྐྱིད་སྣང་ཞིག་སྐྱེས་མོད། སྐད་རིགས་མི་མཐུན་པའི་མི་དེ་དག་གིས་སྐད་ཆ་ལྡབ་ལྡིབ་དེ་ཚོ་བཤད་པ་ཐོས་ཚེ། སེམས་སྟོང་ཞིང་ཡིད་སུན་པའི་སྣང་བ་ཞིག་སྐྱེས་བྱུང་། དེ་ལྟར་སོང་སོང་བས་ཁོ་ཚོ་ཡང་ཐང་ཆད་དེ་ལ་ལ་ཞིག་གཉིད་ནས་གཡས་ལོག་གཡོན་ལོག་བྱས་འདུག ལ་ལས་རླངས་འཁོར་གྱི་དྲ་མའི་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ལྟ་ཞིང་འདུག ངའི་ཡིད་ཀྱི་མེ་ལོང་ལ་ཆུང་དུས་ཀྱི་བདེ་སྐྱིད་ལྡན་པའི་བྱིས་པའི་དུས་སྐབས་ཀྱི་འདས་དོན་རྣམས་གློག་བརྙན་བཞིན་ཤར།
དབྱར་ཟླ་དྲུག་པའི་ནང་། སྡེ་བའི་ཁོ་ར་ཁོར་ཡུག་གི་ས་བོན་ས་ཞིང་ནང་ལོ་ཏོག་སྔོ་ལྗང་ལྗང་དུ་སྐྱེས་འདུག་ལ། འཇམ་ཞིང་བསིལ་བའི་རླུང་གིས་དལ་བུར་རེག་པ་ན་དེ་ནི་རྒྱ་མཚོའི་རླབས་གཉེར་ཤིག་ཤིག་འགུལ་བ་དང་མཚུངས། འབུ་ཆ་ག་བ་དང་བྱིའུ་རྣམས་ཀྱིས་ཅག་ཅག་དང་ཙིར་ཙིར་གི་སྒྲ་དབྱངས་སྙན་མོ་སྒྲོག་པར་བྱེད། ཕྱེ་མ་ལེབ་དང་འབུ་གཤོག་ཐོགས་རྣམས་ཀྱིས་བར་སྣང་ན་གར་སྟབས་བསྒྱུར་བ་དང་། ཐག་རིང་ས་ན་བྱ་ཁུ་བྱུག་གིས་ཀི་ཀོ་ཀི་ཀོ་ཞེས་གསུང་སྙན་སྒྲོག་བཞིན་འདུག ནམ་མཁའི་ལྷོ་མཐའ་ནས་སྤྲིན་དཀར་ནག་འདྲེས་མ་ཞིག་བྲེལ་སྟབས་ཀྱིས་བྱང་ཕྱོགས་སུ་རྒྱུ་བ་དང་། ཡུན་ཙམ་ནས་སྦྲང་ཆར་ཟིམ་ཟིམ་བབས་པའི་མོད་ལ་བར་སྣང་དུ་ཁ་དོག་སྣ་ལྔ་བཀྲ་བའི་དབང་བའི་གཞུ་རིས་ཤར་བ་དང་། ལོ་ཏོག་དང་ལྡུམ་བུ་རྣམས་ཀྱི་འདབ་མའི་སྟེང་ལ་ཟིལ་ཐིགས་ཆུང་ངུ་མང་བོ་ཆགས་འདུག
ཨ་རྒྱ་ཚེ་རིང་། འཇའ། འཇའ།
ངས་འཇའ་རིས་ཤར་བའི་ནམ་མཁའ་ལ་མཛུབ་མོས་སྟོན་བཞིན་འཇའ་ཡི་སྣེ་མོ་ཞིག་ཐག་མི་རིང་བའི་ལུང་བར་ཟུག་འདུག་པ་དེའི་ཕྱོགས་སུ་བརྒྱུགས།
ཡུད་ཙམ་ནས། ཚེ་རིང་ངའི་སྔོན་ལ་ཤོར། ངས་ཇི་ལྟར་བསྙེགས་ཀྱང་རྗེས་ཟིན་པ་མི་འདུག དེར་ང་རང་ངུ་ཁུལ་བྱས་པ་ལ། ཚེ་རིང་ཕྱིར་བརྒྱུགས་ཡོང་ནས་ང་ལ་ངོ་ཡག་བྱས་པ་དང་། ངེད་གཉིས་ཀྱིས་ལག་པས་ལག་པ་འཇུས་ཏེ་འཇའ་ཚོན་འཛིན་དུ་སོང་བ་ཡིན། ངེད་གཉིས་ལུང་བ་དེའི་མདོར་བསླེབས་པ་ན་འཇའ་རིས་དེ་ཕར་ཕྱོགས་ཀྱི་རི་རྩེ་ན་འདུག་པ་དང་། རིམ་གྱིས་མི་སྣང་བར་གྱུར།ད་ཅི་ཁྱོད་ངུས་སྟབས་ཨ་ཆེ་འཇའ་རིས་མ་དགའ་བར་ལྷ་ཡུལ་དུ་ཕྱིར་ལོག་པ་རེད། རྗེས་སུ་འཇའ་ཤར་ན་ཁྱོད་མ་ངུ་། ངས་ཅིས་ཀྱང་འཛིན་ཐབས་བྱ་དགོས།ངས་ཚེ་རིང་གི་གཏམ་དེ་བདེན་དུ་རློམ་ནས་མགོ་བོ་གུག་གུག་བྱས་པ་དང་། ཆེ་ནམ་འབབ་དང་འཇའ་ནམ་ཤར་ལ་རེ་སྒུག་བྱས་ནས་བསྡད་པ་ཡིན། ཡིན་ན་ཡང་། དེ་ནས་བཟུང་ཆར་བ་ཐེངས་མང་བོར་བབས་ཀྱང་འཇའ་ཚོན་ཤར་བ་ནི་ངས་མཐོང་མ་མྱོང་། ཏོའུ་ཏོའུ། ཞེས་རླངས་འཁོར་གྱི་དུང་སྒྲ་ཞིག་གིས་ང་རང་ཡེ་རེར་བཏང་། ངའི་མིག་མཐར་དབང་མེད་དུ་མཆི་མ་འཁོར་འདུག་ལ། སེམས་ཡུལ་ཡུལ་བོར་གྱུར་འདུག སྡེ་བའི་མི་ཁ། རིག་ཡག་གི་ལག་ཕྱིས། ལྷུན་གྲུབ་ཀྱི་སྡིགས་མོ། ཨ་ཕའི་ཨུ་ཚུགས། ཚེ་རིང་གི་བཞིན་རས་བཅས་ནི་ཆུ་ལོག་ཆེན་པོ་དང་འདྲ་བར་ངའི་སེམས་ཀྱི་ཡུར་བའི་ནང་དུ་དྲག་ཏུ་རྒྱུག་གིན་གདའ། ཨ་རོག ཁྱོད་གང་ནས་ཡིན། ངའི་ལོགས་ན་ཡོད་པའི་ཕོ་གསར་ཞིག་གིས་གློ་བུར་དུ་ང་ལ་དེ་ལྟར་དྲིས། ངས་བོད་སྐད་དེ་ཐོས་མ་ཐག་སེམས་ལ་དགའ་སྤྲོད་ཚད་མེད་པ་ཞིག་སྐྱེས་བྱུང་། ཁོའི་ལུས་ལ་རྒྱ་ལ་གྱོན་ཡོད་པ་དང་། མཁྲིག་མར་ཆུ་ཚོད་འཁོར་ལོ་ཞིག་བཏགས་ཡོད་པ་ལ་བལྟས་ན་ལས་བྱེད་པ་ཞིག་དང་འདྲ་མོད། འོན་ཀྱང་རྒྱ་ལྭའི་གོང་བ་ཁར་ཚིལ་དྲེགས་ཆགས་པ་དང་། ལག་པའི་ཤ་ནི་ནག་ཅིང་མཛུབ་སྦོམ་ལ་སེན་མོའི་བར་དུ་དྲེག་པ་ཆགས་ཡོད་པ་ལ་དཔྱད་ན་སོ་ནམ་པ་ཞིག་དང་འདྲ། གང་ལྟར་ཀྱང་འགྲོ་རོགས་བོད་མི་ཞིག་ཡོད་པས་ངའི་སེམས་ཀྱང་རང་བཞིན་གྱིས་བདེ་ལ་བབས་སོང་། ཁོས་ང་ལ་གཏམ་མང་བོ་དྲིས་པ་དང་། ངས་ཀྱང་ཁོ་ལ་ང་རང་སྟོང་འཁོར་ལ་འགྲོ་རྒྱུའི་གནས་ཚུལ་སོགས་བཤད། ཡིན་ན་ཡང་། ངའི་སེམས་ཀྱི་སྡུག་བསྔལ་གྱི་སྐོར་ནི་ཚིག་གཅིག་ཀྱང་མ་བཤད། ཁོས་བཤད་པ་ལྟར་ན། ཁོའི་ཕ་ཡུལ་རེབ་གོང་ཡིན་པ་དང་། ད་ལྟ་སྐུ་འབུམ་ལ་མཇལ་སྐོར་དུ་འགྲོ་བ་ཡིན་ཟེར།
ལམ་ཁར་ཁོས་ངལ་ཀ་ར་དང་སིལ་ཏོག་མང་པོ་བྱིན་པ་དང་། ཟི་ལིང་དུ་སླེབས་ནས་ཀྱང་ང་རང་མགྲོན་ཁང་དུ་ཁྲིད་ནས་སྣེ་ལེན་བཟང་པོ་བྱས་བྱུང་བས། ངའི་སེམས་ལ་ཁོ་ནི་མི་སེམས་བཟང་ཞིག་རེད་སྙམ། ཕྱི་ཉིན། ཁོས་ང་ལ་རླངས་འཁོར་འཛིན་བྱང་ཞིག་སྤྲད་དེ། དེ་རིང་སྟོང་འཁོར་ལ་འགྲོ་བའི་རླངས་འཁོར་མི་འདུག སང་ཉིན་གྱི་འཛིན་བྱང་ཉོས་ཡོད། གལ་ཏེ་ཁྱོད་རང་སྐུ་འབུམ་ལ་མཇལ་དུ་འགྲོ་ན་ང་ཚོ་མཉམ་དུ་སོང་ཆོག་ཟེར།
ངའི་སེམས་ལ། ད་ཐེངས་འགྲོ་རོགས་ཀྱང་བཟང་བས་སྐུ་འབུམ་ལ་སོང་ཆོག་སྙམ། དེར་ངས་ཁོ་ལ་སྟོང་འཁོར་དུ་འགྲོ་བའི་རླངས་འཁོར་གྱི་འཛིན་བྱང་གི་རིན་པ་ཅི་ཙམ་ཡིན་ཞེས་དྲིས་པ་ན། ཁོས་ཅི་མི་སྙམ་པའི་ངང་ནས། ས་ཕྱོགས་གཅིག་གི་མི་ཡིན་པས་ཤོག་སྒོར་འགའ་ལ་དེ་འདྲ་མཐོང་ཆེན་བྱ་མི་དགོས་ཟེར་ནས་ངའི་སྒོར་མོ་མི་ལེན་པར། སྐུ་འབུམ་ལ་འགྲོ་བའི་རླངས་འཁོར་གྱི་རིན་པའང་ཁོས་བྱིན།
སྐབས་དེར་སྐུ་འབུམ་གྱི་ཆོས་སྒོ་ཕྱེ་མ་ཐག་ཡིན་པས། མཇལ་སྐོར་དུ་འགྲོ་མཁན་ཧ་ཅང་མང་ལ། ཁོ་རང་ནི་དགོན་སྡེ་དེ་ལ་ཆ་རྒྱུས་ཡོད་པས། ང་ལ་རྟེན་ངོ་མཚར་མང་པོའི་རྒྱུ་མཚན་ངོ་སྤྲོད་བྱས་པ་དང་། ངས་ཀྱང་རྟེན་དེ་དག་སྒོ་གསུམ་གུས་པའི་ངང་ནས་མཇལ་བ་ཡིན། རྒྱུ་མཚན་ཅི་ཞིག་ཡིན་པ་མི་ཤེས་མོད། ཕྱི་དྲོ་ཉི་མ་ནུབ་ལ་ཡོད་དུས། ཁོས་ཧ་ལས་པའི་ངང་ནས། ཨ་ཁ། ད་མ་འགྲིག ཟི་ལིང་ལ་འགྲོ་བའི་རླངས་འཁོར་ཕྱིར་ལོག་ཚར་བས་ད་ཅི་བྱེད་ཅེས་བྲེལ་འཚུབ་ལངས་ནས་ལག་མགོ་དུས་ཚོད་འཁོར་ལོ་ལ་ཡང་ཡང་ལྟ་བར་བྱེད། ང་རང་སང་ཉིན་སྟོང་འཁོར་ལ་འགྲོ་དགོས་པས་སེམས་འཚབ་ནས་མེ་འབར་བ་ལྟར་གྱུར།
ད་སེམས་པ་མ་འཚབ། སྐུ་འབུམ་ནས་ཟི་ལིང་བར་དུ་ལེ་དབར་སུམ་ཅུ་ཙམ་མ་གཏོགས་མེད་པས་ཐག་ཉེ། དེ་རིང་ཉིན་གང་ལ་མཇལ་སྐོར་བྱས་ནས་ཟ་མའང་ཟོས་མེད་པས། ཁྱོད་ཀྱང་ལྟོགས་ཡོད་རྒྱུ་རེད། ད་འུ་གཉིས་ཀྱིས་ཟ་ཁང་ཞིག་འཚོལ་ལ་ཕོ་བ་འགྲངས་རྗེས། རྐང་ཐང་ལ་འགྲོ།ཁོས་ང་ཁྲིད་ནས་ཟ་ཁང་ཆུང་ཆུང་ཞིག་གི་ནང་དུ་སོང་བ་དང་། འཐེན་ཐུག་དཀར་ཡོལ་དོ་ཉོས་ཡོད། འཐེན་ཐུག་འཐུང་ཞོར་དུ་ཁོས་འཁུར་ཁུག་སེར་པོ་ཞིག་གི་ནང་ནས་ཆང་ཤེལ་དམ་གང་ཕྱིར་བླངས་ཏེ་ཧུབ་ཀྱིས་འཐུངས། ངས་ཁོ་ཆང་གིས་བཟི་བར་དོགས་ཏེ་ཉུང་ཙམ་འཐུང་རྒྱུའི་ཁ་བསྒོ་བྱས་ཀྱང་། ཁོས་ང་ལ་ཁོ་ཆང་གིས་བཟི་རྒྱུ་མེད་པའི་གནས་ཚུལ་མང་པོ་བཤད། བལྟས་བལྟས་རིག་རིག་ལ་ཤེལ་དམ་སྐེད་ལ་ཕབ་འདུག་པས། ངས་ཁོ་ལ་ཞུ་བ་མི་བྱེད་ཀ་མེད་བྱུང་། དེར་ཁོས་ཀྱང་ངའི་ཁ་ལ་ཉན་ནས་ཆང་འཐུང་མཚམས་བཞག་པ་དང་། ངེད་གཉིས་ཟི་ལིང་ལ་ཕྱིར་ལོག་པའི་ལམ་དུ་ཞུགས་པ་ཡིན།
ས་ཡོངས་སུ་རུབ་སོང་། དཀར་གསལ་གྱི་ཉ་གང་ཟླ་བ་དེ་ཨ་སྔོན་དབྱིངས་ནས་འཛུམ་དཀར་གྱི་ཚེམས་ཕྲེང་དགོད་པ་དང་། ཟླ་བའི་དཀྱིལ་གྱི་རི་བོང་ནི་བློ་བདེ་བག་ཕེབས་ཀྱི་ངང་ནས་ཉལ་འདུག་ལ། རྒྱུ་སྐར་གྱི་ཚོགས་རྣམས་ཀྱང་རང་ས་ནས་འཛུམ་མུལ་ལེར་མཆིས། ནམ་མཁའ་འདི་ལྟར་དྭངས་ལ་ཟླ་བ་འདི་ལྟར་གསལ་བའི་མཚན་མོ་ལ། གློ་བུར་དུ་མ་རུང་གཟའ་ཡི་གནོད་འཚེ་ཡོང་བ་སུ་ཞིག་གིས་ཤེས་ཐུབ། ང་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་མི་དེ་ནི་ལུག་པགས་གྱོན་པའི་སྤྱང་ཀི་ཞིག་དང་། གཡོ་སྒྱུ་ཆེ་བའི་ཝ་མོ་ཞིག་རེད། ཁོ་ཆང་གིས་བཟི་ཁུལ་གྱིས་ངའི་སྐེ་ལ་ལག་པས་འཁྱུད་པ་དང་། གོམ་པ་འཁྱོར་ཁུལ་གྱིས་ང་རང་ས་ལ་འགྱེལ་བའི་སྐབས་དེར། ངས་ཀྱང་དོན་རྐྱེན་ངན་པ་ཞིག་འབྱུང་རྒྱུ་ཡིན་པ་ཤེས་ཏེ་ཐབས་ཅི་ཡོད་དང་ཤུགས་ཅི་ཡོད་བཏོན་ན་ཡང་། སེམས་གནག་ཅིང་སྦྱོར་བ་རྩུབ་པའི་འདམ་ཆར་དེས་ངའི་ལང་ཚོའི་མེ་ཏོག་གི་འདབ་མ་དྲི་དང་བྲལ་བའི་ཐོག་ཏུ་མི་གཙང་སྙིགས་རོའི་འདམ་ཁུ་གོས་ཟིན་པས། ནོངས་འགྱོད་སྐྱེས་ཀྱང་འཕྱིས་དྲགས་འདུག ད་ནི་ཚེ་རིང་གི་མདུན་ལ་འགྲོ་ཚུལ་མེད་པ་དང་། ན་ཟླའི་གྲས་ནས་མགོ་ཡར་འགྱོག་ཚུལ་ཡང་མེད་པས། འདི་ལྟར་གསོན་པ་ལས་འཆི་བ་རང་དགའ་སྙམ་པའི་བསམ་བློ་དེ་ཡང་ཡང་འཁོར་ཞིང་འོངས། ངའི་སེམས་ཀྱི་སྡུག་བསྔལ་གནོན་ཐབས་མི་འདུག་པས་སྐད་ཆེན་པོ་བཏོན་ནས་ངུ་འབོད་བྱས་པ་ཡིན། སྐབས་དེར། ངའི་མིག་གི་ལྟ་ཕྱོགས་ཀྱིས་ཟླ་འོད་འོག་ཏུ་མིའི་གྲིབ་མ་ཞིག་ནག་ཡོར་ཡོར་ཚུར་འོངས་པ་མཐོང་བ་དང་། བྲེལ་ཤ་ཆེ་བའི་གོམ་སྒྲ་ཞིག་ཐྲིག་ཐྲིག་ཕར་བརྒྱུགས་པ་ཐོས་བྱུང་། དེའི་མོད་ལ་ངའི་མིག་མཐར་མེ་སྟག་དམར་འཚུབ་འཚུབ་འཆར་བ་དང་། རྣ་བའི་ལམ་དུ་བང་བང་དུ་གྲགས། མགོ་བོ་ནག་འཐོམས་པར་གྱུར་ཏེ་དྲན་པ་ཤོར་སོང་། ང་བརྒྱལ་ལས་སངས་པའི་ཚེ་ན། ས་གཞི་ཆེན་པོའི་ཐོག་ཏུ་ཞོགས་པའི་སྐྱ་རེངས་ཀྱི་འོད་སྣང་ཤར་ཏེ་དཀར་གསལ་ལེར་འདུག་པ་དང་། གྲང་ཞིང་བསིལ་བའི་རླུང་གིས་ཉེ་འདབས་ཀྱི་རྩྭ་དང་རྩི་ཤིང་རྣམས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་མཆིས། ང་རང་གད་པ་ཆུང་ཆུང་ཞིག་གི་རྩ་ན་ཉལ་འདུག་པ་དང་། ངའི་ལུས་ཐོག་ཏུ་ཕྱིང་བ་དཀར་པོ་ཞིག་བཀབ་འདུག ང་རང་ཅུང་ཟད་ཧ་ལས་ཏེ་མགོ་བོ་ཡར་བཀྱགས་པ་ན། ངའི་འཁྲིས་སུ་ཇོ་མོ་ཞིག་ཙོག་པུར་བསྡད་ཡོད་ལ། མོས་འཛུམ་དམུལ་དམུལ་གྱི་ངང་ནས་ང་ལ་ལྟ་བཞིན། མདང་དགོང་ཁྱོད་མ་གྲང་ངམ་ཞེས་དྲིས། ངས་མགོ་བོ་གཡུག་གཡུག་བྱེད་བཞིན་དུ། མ་གྲང་། མ་གྲང་། ཁྱོད་གང་ནས་ཡོང་བ་ཡིན་ཞེས་དྲིས་པ་ལ། ཇོ་མོ་དེས་ང་ལ་གདུང་སེམས་ཚད་མེད་བཅངས་པའི་རྣམ་འགྱུར་སྟོན་བཞིན། ད་ཡར་ལོངས། ཁྱོད་ཟི་ལིང་ལ་འགྲོ་རྒྱུ་ཡིན་ནམ། ངེད་གཉིས་འགྲོ་ཞོར་དུ་ཁ་བརྡ་བྱེད་ཟེར། མོ་ནི་བླ་བྲང་ནས་སྐུ་འབུམ་ལ་མཇལ་སྐོར་དུ་ཡོང་བ་རེད། ལམ་ཁར། མོས་ང་ལ་གཏམ་མང་བོ་དྲིས་པ་དང་། ངས་ཀྱང་རང་གི་ལོ་རྒྱུས་རྣམས་ཇི་མ་ཇི་བཞིན་དུ་བཤད་པས། མོས་དཀོན་མཆོག་གསུམ་པོས་མཁྱེན། ཁྱོད་ངོ་མ་བུ་མོ་ལས་ངན་ཞིག་རེད་ཟེར། ཟི་ལིང་ལ་བསླེབས་རྗེས། མོས་ང་ལ། ལྷ་སྐྱིད། ཁྱོད་ཀྱིས་བཤད་པ་ལྟར་ན་ཚེ་རིང་ནི་མི་སེམས་བཟང་ཁྲེལ་ཡོད་ཅིག་རེད། སྤྱིར་ཁྱོད་ལ་མི་འདོད་པའི་རྐྱེན་ངན་པ་ཞིག་བྱུང་ཟིན་ན་ཡང་། རྒྱུ་མཚན་རྣམས་དྲང་མོར་བཤད་ན་ཁོས་ཀྱང་ཁྱོད་ལ་ངན་ཁག་དཀྲི་མི་སྲིད། ངས་བལྟས་ན། ཁྱོད་སྟོང་འཁོར་ལ་སོང་ན་དགའ་ཟེར། མིན། ད་ནི་ང་རང་བུ་མོ་མི་གཙང་བ་ཞིག་ཏུ་གྱུར་ཟིན་པས། ང་ཚེ་རིང་གི་མདུན་ལ་ཇི་ལྟར་འགྲོ། ཚེ་རིང་གིས་ང་ལ་འཁང་ར་མི་བྱེད་ན་ཡང་། ཁོའི་སེམས་ནས་ང་ལ་བཟོད་སྒོམ་བྱ་ཐུབ་བམ། གལ་སྲིད་བཟོད་སྒོམ་བྱས་ཐུབ་པའི་དབང་དུ་བཏང་ན་ཡང་། རྗེས་སོར་ང་ལ་ཡིད་ཆེས་བྱ་ཐུབ་བམ། ཨ་ཁ། ད་ནི་ལས་ངན་མ་ངའི་ལས་ནི་ཟད་སོང་། ཚེ་རིང་ལ་ལྟ་རུ་འགྲོ་བའི་སྤོབས་པ་མེད་པས། ངས་མགོ་བོ་ཕྲེད་དུ་གཡུགས་པ་ཡིན། འོ་ན། ད་ཁྱོད་གང་ལ་འགྲོ་རྩིས་ཡོད། ང་གང་ལ་འགྲོ་རྒྱུ། འགྲོ་ས་ནི་གཏན་ནས་མི་འདུག ང་ལ་བསྒུགས་ཏེ་བསྡད་ཡོད་པ་ནི་གཤིན་རྗེ་ཆོས་རྒྱལ་རེད། དམྱལ་བའི་ཡུལ་དུ་འགྲོ་ན་མ་གཏོགས་འགྲོ་ལམ་གཅིག་ཀྱང་མི་འདུག ངས་སྔར་བཞིན་མགོ་བོ་འཕྲེད་དུ་གཡུག་པ་ལས་ལན་འདེབས་པའི་ཡིག་འབྲུ་གཅིག་ཀྱང་བཤད་རྒྱུ་མེད་པར་གྱུར།
དེས་ན། རེ་ཞིག་ང་རང་གཉིས་མཉམ་དུ་བླ་བྲང་ལ་འགྲོ། རྗེས་སོར་ཐབས་དང་བཀོད་པ་རིམ་གྱིས་འཐེན་ཆོག ཁྱོད་ལ་བསམ་འཆར་མེད་ན་སང་ཉིན་ལམ་ལ་ཆས། ཕྱི་ཉིན་ནམ་མ་ལངས་གོང་དུ། ང་རང་མོ་དང་འགྲོགས་ཏེ་བླ་བྲང་ལ་ཆས་པ་ཡིན། ཞོགས་པའི་སྐྱ་རེངས་བུ་མོའི་མགུལ་བར་ཐུན་མཚམས་ཀྱི་ཆུ་འཛིན་དམར་སེར་གྱི་རྒྱན་ཆ་བཏགས་ནས་ཤར་ཕྱོགས་ཀྱི་རི་རྩེ་ནས་འཛུམ་མུལ་ལེར་བྱུང་བ་དང་། དགུང་སྔོན་སྔོ་ཞིང་དྭངས་ལ་སོ་མ་ཆུས་བཀྲུས་པའི་ནོར་བུ་སྔོན་པོ་ལེབ་མོ་ཆེན་པོ་ཞིག་དང་འདྲ། ཟི་ལིང་གི་ཙོང་ཆུ་དལ་བ་རིང་མོ་ནི་ད་དུང་འཁྱགས་རུམ་སྦུབས་ན་གཉིད་དུ་ཡུར་ཏེ་སྐབས་རེར་སྔུར་བ་ཡང་མོར་འཐེན་པ་དང་། ལ་ཆའི་གཞུང་ལམ་དུ་རླངས་འཁོར་རེ་གཉིས་ཀྱིས་དུང་སྒྲ་སིང་སིང་སྒྲོག་བཞིན་ཤར་ཕྱོགས་སུ་རྒྱུག་གིན་གདའ། ངས་ཙོང་ཆུ་རིང་མོའི་འགྲམ་གྱི་གཞུང་ལམ་སྟེང་གོམ་པ་ལྗིད་ཐེག་གེར་སྤོས་ཏེ་ཇོ་མོ་སྒྲོལ་མའི་རྗེས་འབྲངས་ནས་འགྲོ་ཞོར་དུ། གངས་དཀར་སེམས་ཀྱི་མེ་ལོང་ངོས་ལ་དྲི་རྟགས་ཆེན་པོ་རེ་རེ་བཞིན་ཤར་འོངས་པ་འདི་སྟེ།
བུ་མོ་མའི་མངལ་ན་ཡོད་དུ་གཉེན་གཏམ་སྡེ་བའི་དཀྱིལ་ནས་བཤད་པའི་ཕ་མ་ཚོ་ལ་ཞེ་ཁྲེལ་ཡོད་དམ། ཨ་ཙི། ཚེ་རིང་ངེད་གཉིས་ཀྱི་མཛའ་མཐུན་གྱི་བསམ་པ་གཞི་གཅིག་ཏུ་འབྲེལ་བ་ལས་བྱུང་བའི་བརྩེ་དུངས་ཀྱི་མེ་ཏོག་དེ་འདི་ལྟར་སད་ཀྱིས་བཅོམ་པ་དང་། འཇིག་རྟེན་གྱི་འཚོ་བ་དང་མ་འོང་པའི་བདེ་སྐྱིད་ལ་ཕྱོགས་ཞེན་ཆེ་བའི་བུ་མོ་ངའི་ལང་ཚོའི་མེ་ཏོག་གི་འདབ་མ་འདི་གློ་བུར་དུ་རྙིད་ཅིང་བརྙིངས་པར་གྱུར་དོན་ཅི་ཞིག་ཡིན་ནམ། འདི་དག་ཐམས་ཅད་ངའི་ལས་དབང་ཡིན་ནམ། སྒྲོལ་མའི་གདུང་སེམས། ཀྭ་ཡེ། བརྩེ་ལྡན་གྱི་གྲོགས་པོ། མཁྱེན་ལྡན་གྱི་ཀློག་པ་པོ་རྣམ་པ་ལགས། གལ་ཏེ་ཁྱོད་ཀྱིས་གོང་གསལ་གྱི་གཏམ་རྒྱུད་དེ་དག་ལ་གཟིགས་མྱོང་ན། ཁྱེད་རང་ཡང་ཇོ་མོ་ང་དང་འདྲ་བར་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་ལྷ་སྐྱིད་ལ་གདུང་སེམས་སྐྱེས་སྲིད་ཅིང་། ལྷ་སྐྱིད་བླ་བྲང་ལ་ཡོང་རྗེས་ཀྱི་འཚོ་བའི་གནས་ཚུལ་དང་སླད་ནས་བྱུང་བའི་འགྱུར་ལྡོག་རྣམས་ཇི་ལྟ་བུ་ཡིན་པ་ཤེས་འདོད་རྒྱུ་རེད། ང་ཇོ་མོ་ཞིག་གིས་མགོ་མི་ཆུད་སར་ལུས་བཙངས་ནས་གཏམ་རྒྱུད་འདིའི་རྒྱུད་མཇུག་སྐྱོང་བ་ནི་ཕལ་ཆེར་ཁྱེད་ཚོའི་བློ་ཡུལ་ལས་འདས་པ་ཞིག་ཀྱང་ཡིན་སྲིད་མོད། འོན་ཀྱང་། ཐུན་མོང་གི་ལས་དབང་དང་དབེན་གནས་ཀྱི་འཚོ་བས་ལྷ་སྐྱིད་དང་ངེད་གཉིས་ཀྱི་བསམ་པ་ཆུ་དང་འོ་མ་འདྲེས་པ་ལྟར་མཐུན་པ་དང་། དབེན་གནས་འགྲིམས་པའི་དཀའ་སྤྱད་ཀྱི་ལོ་ཟླའི་ནང་དུ་ལྷ་སྐྱིད་དང་ངེད་གཉིས་ནི་ལུས་དང་གྲོབ་མ་ལྟར་ཁ་བྲལ་མ་མྱོང་ཞིང་། ལྷ་སྐྱིད་བླ་བྲང་ལ་ཡོང་རྗེས་ཀྱི་གནས་ཚུལ་རྣམས་ངས་གསལ་བོ་ཞིག་བཤད་པར་བྱའོ། ། ངའི་མིང་ལ་སྒྲོལ་མ་དཔའ་མོ་ཟེར་བ་དང་། ད་ལོར་མི་ལོ་ང་ལྔ་ཡིན། ང་རང་ཇོ་མོ་བྱས་པའི་གནས་ལ་ཕྱིར་འདང་རེ་བརྒྱབ་ན། སྐབས་རེར། རྒོད་བྲོ་བ་དང་། ལན་རེར་ངུ་འཆོར་བ། མཚམས་རེར་ཡི་མུག་པ་ཞིག་རེད། འཇིག་རྟེན་མི་ཡུལ་གྱི་སྐྱིད་ཟེར་བ་དེ་ནི་ང་ལ་གསལ་ཆ་སྤུ་ཙམ་ཡང་མེད་པར། ཆུང་ངུའི་དུས་ནས་བཟུང་ངའི་ཡ་ཆུང་གངས་དཀར་གྱི་སེམས་ལ་སྡུག་གི་རི་རབ་བརྩེགས་པ་དང་གློ་དང་མཆིན་པའི་བར་ན་སྡུག་གི་རྒྱ་མཚོ་འཁྱིལ་ཡོད།
ང་རང་ཆུང་དུས་ནས་ཕ་མ་གཉིས་ཀ་ཤི་བས་ལོ་བཅོ་ལྔའི་སྟེང་ནས་གནས་ལ་མི་འགྲོ་ཀ་མེད་བྱུང་། ཁ་འོ་མ་ལས་འཇམ་ཞིང་ཁོག་ཚེར་མ་ལས་རྩུབ་པའི་ངའི་ ཚེ་གང་གི་གཏན་གྲོགས་ནི་ང་ལས་ལྡབ་གཉིས་ཀྱི་ཆེ་བའི་རྒད་པོ་གདོང་ཡོངས་ལ་མི་སྡུག་གཉེར་མས་གང་བ་ཞིག་ཡིན། ང་ནི་མིང་གི་ཁོའི་ཆུང་མ་ཡིན་པ་མ་གཏོགས་དོན་ལ་ཁོའི་མིང་སྲིང་གཉིས་ཀྱི་གཡོག་མོ་རེད། རྗེ་བཙུན་མི་ལ་ཡབ་ཡུམ་གཉིས་ཀྱི་སྡུག་བསྔལ་དེ་ངའི་མགོ་ལ་ཡོང་བ་དང་། ངས་སྡུག་མྱང་ཚུལ་ནི་མྱང་ཚ་དཀར་རྒྱན་ལས་ཀྱང་ལྡབ་གཅིག་གིས་ལྷག འོན་ཀྱང་། ཚེ་སྔོན་ལས་ཀྱིས་བཀོད་པའི་ཐོད་པའི་རི་མོ་ནི་སུ་ཡིས་གསུབ་ཐུབ། མ་འགྱངས་པར་ངའི་ཁྱོ་བོ་ཤི་སོང་། དེ་དུས་ང་ལ་མི་དགོས་པའི་མངལ་སྦྲུམ་ནས་ཟླ་བ་བཞི་ལྷག་འགོར་ཡོད་ན་ཡང་། ཁོའི་སྲིང་མོ་འདྲེ་མོ་ལྕགས་ཀྱི་མཆུ་སྡེར་ཅན་དེས་ངའི་ཅོ་ཏོ་ནས་འཇུས་ཏེ་རྒྱལ་སྒོར་དྲུད་པ་དང་། འཕུང་མོ་དང་འཆལ་མོ་སོགས་པའི་ཚིག་རྩུབ་ཀྱི་མདུང་ཐུང་རྣོན་པོས་ངའི་རྣ་བའི་བུ་གར་བསྣུན་ནས་ཚོད་མེད་པའི་བརྙས་བཅོས་བྱས་ཐར། ང་རང་ཁྱི་ལྡོམ་བཞིན་སྲང་ལམ་དུ་སྲང་ལམ་དུ་མྱུལ་བ་དང་། འགྲོ་རོགས་གྲིབ་མ་ནག་རིས་དང་ཉལ་རོགས་པུས་མོ་སྐྱ་རིས་ལས་ང་ལ་ཤ་ཉེ་གཉེན་ཚན་དུ་གཏོགས་པ་གཅིག་ཀྱང་མེད། ལོ་དེའི་དགུན་དཀྱིལ་དུ་ང་ལ་བུ་མོ་ཞིག་བཙས་ན་ཡང་། གོས་སྡུག་ཅིང་ཟས་མེད་པས་ངའི་བུ་མོ་སྙིང་གི་དུམ་བུ་དང་འདྲ་བ་དེ་འཁྱག་གྲི་དང་ལྟོགས་གྲིར་ཤི་སོང་། ཤི་དམྱལ་བའི་སྡུག་བསྔལ་ཟེར་བ་དེ་ངས་ཚེ་ཐོག་འདི་ནས་མངོན་སུམ་དུ་མྱངས་པ་དང་། དེ་དུས་ང་ད་དུང་མི་ལོ་ཉི་ཤུར་ཡང་སོན་མེད།
སྐབས་དེར་ང་སྤྲང་ཞོར་དུ་རྒན་གྱའི་རྩྭ་ཐང་ལ་ཐོན་ནས། འབྲོག་ཁྱིམ་ཞིག་ཏུ་གནས་ཚང་གཡར། དེར་ཁྱིམ་བདག་མོས་ང་ལ་གཏམ་ཞིབ་མོ་དྲིས་པའི་ལན་དྲང་བོར་བཤད་ཙ་ན། འོ་ན་བུ་མོ་ཁྱོད་ངེད་ཀྱི་བུ་མོའི་མནའ་མ་བྱས་ཆོག་ཟེར། ཁོང་མ་བུ་གཉིས་རྒྱུ་འབྱོར་བ་མེད་ན་ཡང་ང་ལ་ཤ་ཚ་བ་དང་ཐུགས་བརྩེ་བས་ངའི་བདེ་སྐྱིད་ཀྱི་འཚོ་བའི་མགོ་དེ་བརྩམས་པ་ཡིན། ཡིན་ན་ཡང་། མ་ལས་ངན་ང་ལ་སྐྱིད་རྒྱག་པའི་བསོད་ནམས་ཤིག་གང་ན་ཡོད། ཟླ་ངོ་གཉིས་གསུམ་འགོར་རྗེས། མ་ཇག་གི་དམག་ཁྲལ་ཐོན་ནས་ངའི་བརྩེ་དུངས་ཀྱི་འདུན་མ་བཅོལ་སའི་སྙིང་གྲོགས་གཅིག་པུ་དེ་བཙན་ཐབས་ཀྱིས་དམག་ཏུ་བཟུང་ནས་ཁྲིད་སོང་། སྤྱིར་ངེད་ཁྱོ་ཤུགས་གཉིས་པོ་འགྲོགས་ཡུན་ཐུང་ན་ཡང་། ཕན་ཚུན་ལ་ཞེ་རྩིས་ཤིན་ཏུ་ཆེ་བས་ཁོ་དམག་ཁྱུ་ནས་བྲོས་འོངས་པའི་སྐབས་སྟབས་མ་ལེགས་པར་མ་ཇག་གི་དམག་དཔོན་སྨ་ར་ཅན་ཞིག་གི་མདེའུའི་འབེན་དུ་གྱུར་སོང་། བུ་གཅིག་པོ་ཤི་སྟབས་ངའི་ཨ་ནེ་བགྲེས་མོ་ཡང་སེམས་སྡུག་གིས་ཤི། དེར་ངས་དྲིན་ཅན་གྱི་བམ་རོ་དུར་དུ་སྦས་ཤིང་། བཀའ་དྲིན་ཅན་གྱི་གཤིན་པོ་གཉིས་ལ་དགེ་རྩ་བསྒྲུབ་པའི་ཆེད་དང་ང་རང་ཉིད་ལ་བསོད་ནམས་ཀྱི་་ཚོགས་བཟང་པོ་གསོག་བྱེད་མཚན་ལྡན་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ཏེ་དགེ་བསྙེན་པའི་སྡོམ་པ་བླངས་པ་ཡིན། འོ། ཀློག་མཁན་རྣམ་པ། ཁྱེད་ཅག་ལ་སུན་སྣང་སྐྱེས་བྱུང་ངམ། ངོ་མ་ཁག་མི་འདུག ངས་རང་གི་སྡུག་བསྔལ་གྱི་ལོ་རྒྱུས་བཤད་པ་ལ་མགོ་འཁོར་ནས་ལྷ་སྐྱིད་ཀྱི་གཏམ་རྒྱུད་འབྲི་རྒྱུའང་བརྗེད་སོང་། ཇོ་མོ་ཧོན་ལོག་མ་ངའི་གཏམ་ལ་སྙིང་བོ་ཅི་ཡང་མེད། ད་དེ་ཚོ་བསྐྱུར་ལ་ཐོངས། ངས་སླར་ཡང་ཤོག་བུ་གསར་བ་ཞིག་ཁྱེར་ཡོང་ནས་ལྷ་སྐྱིད་ཀྱི་གཏམ་རྒྱུད་མགོ་ནས་བྲིས་ཏེ་བཤད་པར་བྱ། ལྷ་སྐྱིད། སད་ཀྱིས་བཅོམ་པའི་མེ་ཏོག ཁྱོད་ཀྱང་བུ་མོ་ལས་ངན་ཞིག་རེད། ཡིན་ན་ཡང་། འུ་གཉིས་ལ་འདྲ་ས་ཅི་ཞིག་ཡོད། ང་ནི་སྤྱི་ཚོགས་རྙིང་བའི་ནང་གི་མི་སྐད་སྨྲ་ཤེས་པའི་དུད་འགྲོ་ཞིག་ཡིན་པ་དང་། ཁྱོད་ནི་སྤྱི་ཚོགས་གསར་བའི་ནང་གི་ཕ་འཛོམས་མ་འཛོམས་ཀྱི་གཅེས་ཕྲུག་ཅིག་རེད། ང་ནི་་་་་་་ཁྱོད་ནི་་་་་་་
ལྷ་སྐྱིད་ང་ལ་ཁོ་མོ་ཇོ་མོ་བྱེད་འདོད་པའི་བསམ་ཚུལ་ང་ལ་བཤད་ཐེངས་རེར་ངའི་སེམས་ནི་བློང་བློང་བོར་གྱུར་བ་དང་། སྤྱི་ཚོགས་གསར་རྙིང་གཉིས་དང་ལྷ་སྐྱིད་དང་ངེད་གཉིས་ལ་ཞིབ་བསྡུར་མི་བྱེད་ཀ་མེད་བྱུང་། གལ་སྲིད་སྔོན་ཆད་ཀྱང་ད་ལྟའི་བསྐལ་བ་བཟང་བོ་འདི་འདྲ་ཞིག་ཕར་ཞོག་འདིའི་ཆ་ཤས་ཀྱི་ཆ་ཤས་ཙམ་ཞིག་ལྡན་པ་ཡིན་ན། ང་ལའང་ཇོ་མོ་བྱེད་འདོད་ཡོད་རྒྱུ་མ་རེད། ལྷག་པར་དུ་ལྷ་སྐྱིད་ད་དུང་ལོ་ན་གཞོན་པ་དང་མི་སྒོ་སྐྱེས་འབྲས་ལེགས་པའི་ཁར་ད་དུང་ཚེ་རིང་ཟེར་བའི་སྙིང་གྲོགས་མདངས་ཅན་ཞིག་ཀྱང་ཡོད་པས། ལྷ་སྐྱིད་ཇོ་མོ་བྱེད་དུ་བཅུག་ན་འདི་ནི་དགེ་བའི་ལས་ཤིག་ཏུ་འགྱུར་བ་ལྟ་ཅི། དེ་ལས་ལྡོག་སྟེ་བཟའ་ཚང་ཁ་བྲལ་བུ་བཏང་བའི་ཉེས་པ་བསགས་པ་རེད་སྙམ་བྱུང་། ལྷ་སྐྱིད་ཀྱིས་ཤེས་པའང་བདེན་ཏེ། བུ་མོ་གཞོན་ནུ་མ་ཞིག་གིས་རང་ཉིད་ཀྱི་སེམས་ཤོར་བའི་གཞོན་ནུ་དང་ལྷན་དུ་འགྲོགས་པའི་མཛའ་བ་མ་ཆོབ་གོང་དུ་མི་ངན་གཞན་གྱིས་ལོངས་སྤྱད་བྱར་གྱུར་བ་དེ་ལས་ངོ་ཚ་བ་དང་སེམས་སྡུག་པ་ཞིག་གང་ན་ཡོད། ངས་ལྷ་སྐྱིད་ཀྱི་གནག་ཅིང་སྣུམ་ལ་སྦོམ་ཞིང་རིང་བའི་སྐྲའི་ལན་བུ་དང་། དཀར་ཞིང་དམར་ལ་གཞོན་ཤ་ཆགས་པའི་གདོང་གི་འཛུམ་མདངས། ཕྲ་ཞིང་རིང་ལ་ལྡེམ་ཞིང་གཡོ་བའི་སྐྱེས་གཟུགས་བཅས་མཐོང་ཐེངས་རེ་རེར་ཁོ་མོ་ལ་རང་དབང་མེད་པར་གདུང་སེམས་སྐྱེས་པ་དང་། ཁོ་མོ་ཇོ་མོ་བྱེད་འདོད་པའི་གཏམ་དེ་ནི་ཕོ་གསར་གྱི་དཔའ་གཏམ་དང་རེད་སྙམ་པ་ལས་བདེན་དུ་བསམ་མ་མྱོང་།
ཐོག་དང་པོར་ང་ཚོ་སྐུ་འབུམ་ལ་འགྲོ་བའི་ལམ་ཁ་ནས་ངོ་འཕྲད་པ་ནས་བླ་བྲང་ལ་བསླེབས་པ་ད་ལྟའི་བར་དུ་ཟླ་ངོ་ཧྲིལ་བོ་གཉིས་འགོར་སོང་། ཉིན་མཚན་དེ་དག་གི་རིང་ལ། ལྷ་སྐྱིད་དང་ངེད་གཉིས་ཀྱིས་རང་རང་གི་བསམ་པའི་འཆར་སྒོ་རྣམས་ཁ་ཁོག་པས་མ་གསང་། བློ་རྒྱུ་མས་མ་བསྐུམས་པར་བཤད་པ་ལ། ཚིག་དང་ཚུགས་ཀའི་བར་ནས་ངའི་ལྟ་བ་དེ་བདེན་པར་ར་འཕྲོད་པམལྟར་སྣང་སྟེ། ཇོ་མ་བྱ་རྒྱུ་ཟེར་བ་ནི་མིད་པ་ཡན་ཆད་ཀྱི་སྐད་ཆ་ཡིན་པ་དང་། ཚེ་རིང་དྲན་པ་ནི་སེམས་བསམ་པའི་གཏིང་གི་གསང་བ་རེད། དེར་བརྟེནཞ ངས་ཀྱང་། ཁོ་མོ་ལ་སྤྱི་ཚོགས་གསར་པའི་ནང་གི་ཁྱིམ་པ་ནི་བདེ་སྐྱིད་ལྡན་པ་དང་། ཕོ་གསར་མོ་གསར་གྱི་སྣང་བ་ནི་དཀར་པོ་བལ་ལས་འཇམ་པ། ཕགམ་བུ་ཕྲུག་གི་བརྩེ་དུངས་ནི་སྔོན་མོ་མཚོ་ལས་ཟབ་པ།འགལ་བ་དང་སེམས་སྡུག་ནི་ཆུ་ཡི་ལྦུ་བ་དང་འདྲ་བ། དེ་དང་དེ་ལ་སོགས་པའི་གནས་ལུགས་བཅོ་བརྒྱད་དང་ཡིན་ལུགས་ཉི་ཤུ་བཤད་པ་ན། ལྷ་སྐྱིད་ནི་མགོ་སྒུར་ཏེ་སྡོད་པ་ལས་ཁ་ཅི་ཡང་མི་གྲགས། དེའི་རྗེས་སུ། ལྷ་སྐྱིད་ཀྱིས་ང་ལ་ཁོ་མོ་ཇོ་མོ་བྱེད་དུ་འཇུག་རྒྱུའི་ཞུ་བ་ཐེངས་འགར་ཞུ་མྱོང་ན་ཡང་། ངས་ཁོ་མོ་ལ་ དགེ་བསྙེན་མའི་གཟུགས་བརྙན་འཛིན་པ་ཙམ་གྱིས་བསྟན་པ་ལ་ཕན་པ་ཆེན་པོ་མི་འདུག་པ་དང་། དེ་བས་མཆོག་གསུམ་ལ་གཡོ་བ་མེད་པའི་དད་པ་དང་། ཚེ་ཕྱི་མར་ཕན་པའི་མ་ཎི་བཏོན་ན་དགའ་རབ་ཡིན། སྤྱིར་ཡང་ཉེསམལྷུང་གི་སྡིག་པ་སེལ་བ་ཡང་སེར་གཟུགས་མ་བཅངས་རུང་སྐྱོན་མེད་པས། དེ་ཚོ་གལ་ཆེ་ ཞེས་བཤད་པ་ཡིན། དགུན་གསུམ་གྱི་དུས་ཚིགས་ནི་སྐད་ཅིག་སྐད་ཅིག་ལ་ཕར་འདས་པ་དང་། དཔྱིད་གསུམ་གྱི་མངོན་རྟགས་ཀྱང་རྐང་འཇབ་ལག་འཇབ་ཀྱིས་མིག་གི་ལམ་དུ་མངོིན་སུམ་དུ་ཤར་ཡོང་། དེ་ནི་དབེན་གནས་འགྲིམས་པའི་དུས་ཚིགས་ལེགས་ཤོས་ཡིན་པས། ལྷ་སྐྱིད་དང་ངེད་གཉིས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་འཁྲུངས་པའི་རྒན་གྱའི་རྟིང་རིང་ལྷས་ཀྱི་ཁྲ་ཏིང་དུ་ཆས་པ་ཡིན། སྐབས་དེར། ང་རང་ལྷ་སྐྱིད་ཀྱི་ཕ་ཡུལ་ནས་ཡིན་ཟེར་བའི་འཇལ་བ་གཉིས་དང་འཕྲད་པས། ངས་ཀྱང་ལྷ་སྐྱིད་ཀྱི་ཕ་མས་སེམས་ཁྲལ་བྱེད་ཀྱིན་ལོས་ཡོད་བསམ་ནས་ལྷ་སྐྱིད་ངའི་གམ་ན་ཡོད་ཚུལ་གྱི་སྐད་གསལ་བོ་ཞིག་བཏང་བ་དང་། མྱུར་མོ་ཁོ་མ་བསུ་བ་ཡོང་དགོས་ཚུལ་གྱི་ཁ་བསྒོ་ནན་མོ་ཞིག་བྱས་པ་ཡིན། ཡིན་ན་ཡང་། གནས་ཚུལ་དེ་ཚོ་རེ་ཞིག་ལྷ་སྐྱིད་ལ་གསང་བ་བྱ་དགོས་བྱུང་། རྒན་གྱའི་རྩྭ་ཐང་དུ་དཔྱིད་ཀྱི་དཔལ་ཡོན་ཤར་བའི་མངོན་རྟགས་དེ་འདྲ་མི་གསལ་བ་དང་། རྒྱང་རིང་སའི་རི་བོའི་རྩེ་མོར་ད་དུང་གངས་དཀར་པོས་གཡོགས་འདུག་ལ། དེ་ནི་དབྱར་ཟླ་དྲུག་པའི་ནང་དུའང་ཞུ་བར་མི་འགྱུར། རྩྭ་ད་དུང་སྐྱ་བོར་སྣང་ན་ཡང་། ཞིབ་ཏུ་བལྟས་ན་ཁ་དོག་སྐྱ་བའི་རྩྭ་ཕོན་གྱི་གསེབ་དག་ན་སྔོ་ཞིང་ལྗང་བའི་མྱུ་གུའི་མཆེ་བ་ཕྲ་མོ་འགའ་མཐོང་ཐུབ།དགུང་ཨ་སྔོན་སྔོ་ཞིང་དྭངས་ལ་མཚར་སྡུག་གི་ཉི་མ་དྲོད་འཇམ་ལྡན་པས། དཔྱིད་དཔལ་དེ་མྱུར་བ་མྱུར་དུ་རྒན་གྱའི་རྩྭ་ཐང་ལ་བསླེབ་ངེས་རེད། ལྷ་སྐྱིད་དང་ངེད་གཉིས་ཀྱིས་རྒན་གྱའི་ཡོན་བདག་འགའ་རེའི་ཁྱིམ་ནས་ཟས་རེ་བསླངས་ཏེ་སོང་བ་ལ། ཡུལ་དེར་འཁོད་པའི་འབྲོག་ཁྱིམ་ཀུན་གྱིས་ངེད་གཉིས་ལ། ཤ་དང་། མར། ཆུར་བ། རྩམ་པ་སོགས་མང་བོ་བྱིན། དང་ཐོག་ངས་སློང་མོ་བྱེད་པའི་སྐབས་སུ། ལྷ་སྐྱིད་ཀྱི་གདོང་དམར་པོ་ཁྲག་ཏུ་གྱུར་བ་དང་། ལྷག་པར་དུ་ཕོ་གསར་འདྲ་ཁྱིམ་ན་ཡོད་པའི་སྐབས་དང་འཕྲད་ཚེ། ཁོ་མོའི་མགོ་བོ་ནི་རྒྱ་ལྕང་ལྕུག་མའི་ལོ་འདབ་ཐུར་དུ་བསྣར་བ་ལས་ཡར་དགྱེ་མི་ཐུབ་པར་གྱུར།
གལ་སྲིད་ཚེ་རུང་དང་ཁྱེད་གཉིས་སླར་མཐུན་ན། ང་ལ་ཡང་ཡོན་བདག་སེར་སྣ་མེད་པ་ཞིག་ཡོད་ཐུབ་ཀྱི་རེད། ལྷ་སྐྱིད་དང་ངེད་གཉིས་ཀྱིས་བྲོ་ཁུར་ནས་གངས་ཁྲོད་དུ་ཆས་པའི་ལམ་ཁར་ང་རང་ཁོ་མོ་ལ་དོན་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད། ཡོན་བདག་ཟེར་བ་དེ་ཅི་ཞིག་རེད། ཁོ་མོས་ཅི་ཡིན་ཆ་འཚལ་བའི་ངང་ནས་དེ་ལྟར་དྲིས། ཡོན་བདག་ཨེ། དཔེར་ན། ཁྱོད་ཕྱིར་ཕ་ཡུལ་དུ་ལོག་ནས་ཚེ་རིང་དང་གཉེན་བསྡེབས་རྗེས། ཁྱོད་བཟའ་ཟླ་གཉིས་ཀྱིས་ང་ལ་ཟའ་སྐལ་འདྲ་བྱིན་ཏེ་ངའི་ཆོས་མགོ་འཁྱོངས་པར་དགེ་རྩ་བསྒྲུབ་ཐུབ་ན། ཚེ་རིང་དང་ཁྱོད་གཉིས་ཀ་ཡོན་བདག་ཡིན་པ་དང་། ང་ནི་ཡོན་གནས་རེད། ཇོ་མོ་བྱས་ན་ཚེ་གང་བོར་སློང་མོ་བྱ་དགོས་པ་ཨེ་རེད། གླེན་མ་ཁྱོད། སློང་མོ་མ་བྱས་ན་ལྟོགས་གྲིར་འཆི་མི་འགྲོའམ། ཇོ་མོ་བྱས་ན་བཟང་མོད། འོན་ཀྱང་ཟས་སློང་དགོས་པ་འདི་་་་་་་་
སྤྱིར་སློང་མོ་བྱེད་པ་དེ་ལ་ཡིན་ལུགས་རྣམ་པ་བཅོ་བརྒྱད་བཤད་རྒྱུ་མོད། འོན་ཀྱང་ང་སྔར་ནས་ལྷ་སྐྱིད་ཇོ་མོ་བྱེད་པ་ལ་མི་དགའ་བས། ཁོ་མོའི་སེམས་པ་སོམ་ཉིའི་དྲ་བར་ཚུད་པའི་གོ་སྐབས་དང་བསྟུན་ནས་རང་ཉིད་ཇོ་མོ་བྱས་པ་ནི་འུ་ཐུག་ཅིང་སེམས་ཟད་པའི་ལས་ཀ་ཞིག་ཡིན་ཚུལ་དང་། བཀའ་དྲིན་ཆེ་བའི་ཨ་མྱེས་རྒད་པོ་དང་སྙིང་ནས་བརྩེ་བའི་ཚེ་གང་གི་གཏན་གྲོགས་ཀྱི་དྲིན་ལན་གཞལ་ཆེདའདི་ལྟ་བུའི་དཀའ་བ་སྤྱད་པ་ཡིན་ཚུལ་དང་། ལྷ་སྐྱིད་ཁྱོད་ྐཡིས་རང་གི་སྙིང་ཉེ་བའི་གྲོགས་པོ་དང་ཤ་ཞེན་ཆེ་བའི་ཕ་མ་རྣམས་ཀྱི་རེ་བ་སྟོང་ཟད་དུ་བཏང་ནས་ཇོ་མོ་བྱས་ན་དགེ་བའི་ལས་ལ་མི་འགྱུར་བ་མ་ཟད། ད་དུང་སྡིག་པ་དང་སྡིག་པ་ཉེས་པ་བསགས་པ་སོགས་ཡིན་ཚུལ་བཤད་པས། མོའང་གོ་རྟོགས་སད་པའི་ཚུལ་གྱིས་མགོ་བོ་ལྡེམ་ལྡེམ་གཡོ་བཞིན་པར། འོ་ན། ང་ཇོ་མོ་མ་བྱས་ཀྱང་ཆོག ཡིན་ན་ཡང་། ང་ཕ་ཡུལ་ལ་ཕྱིར་མི་འགྲོ་ཐག་ཆོད་ཡིན། ཁྱེད་རང་ཡང་ལོ་ན་བགྲེས་པས། ང་ལྟ་བུའི་ཞབས་ཏོག་སྒྲུབ་མཁན་ཞིག་ཡོད་ན་སྟབས་ཀྱང་བདེ་བས། ཁྱོད་མ་ཤི་བར་དུ་ང་རང་ཁྱོད་དང་མཉམ་དུ་འདུག་རྒྱུ་ཡིན། གླེན་མ་ཁྱོད་འཕྲུལ་སྣང་ཆེན་པོ་སྐྱེས་འདུག ད་ལྟ་ཡག་མོ་སྒོ་འཛོམས་དུས་འཁོར་བའི་སྐྱིད་ལ་མི་རོལ་བར་ང་ལྟ་བུའི་ཇོ་མོ་ཞིག་དང་འགྲོགས་ནས་ཅི་བྱེད།
ངས་རང་ཉིད་ཆུང་དུས་ཁྱོ་བོ་དང་འཚོ་བ་རོལ་བའི་གནས་ཚུལ་རྣམས་སྒྲོ་བཏགས་ནས་ཀུ་རེའི་ཚུལ་དུ་བཤད་པ་ལ། ཁོ་མོའི་གདོང་མདོག་དམར་པོར་གྱུར་ཏེ་ཚེ་རིང་དང་ཁོ་མོ་གཉིས་ཀྱི་གསང་གཏམ་གང་མང་ང་ལ་ལབ་བྱུང་།
འོ། ད་དེ་རེད། དེ་ཚཚོ་དེ་འདྲ་སྐྱིད་པོ་འདུག ཅེས་སོགས་བཤད་པས། ཁོ་མོའི་གདོང་མདོག་ལྷག་པར་དམར་པོར་གྱུར་བ་དང་། འཐད་མི་འཐད་ཀྱི་མིག་གི་མདངས་ལ་བལྟས་ན་ཁོ་མོའི་སེམས་དོན་ཐམས་ཅད་ལྩང་ལ་བུད་ཡོད་ན་ཡང་། ཁོ་མོའི་མགོ་བོ་ནི་མ་ཎིའི་དར་ལྕོག་རླུང་གིས་བསྐྱོད་པ་ལྟར་འཕྲེད་དུ་གཡུག་ཅི་ཐུབ་བྱེད་པའི་ངང་ཚུལ་ལ་བལྟས་ན། ཁོ་མོའི་ལྷང་ལ་བུད་པའི་རྣམ་འགྱུར་དེ་འགེབ་ཐབས་བྱེད་པ་དང་མཚུངས།
གལ་ཏེ་ཁྱོད་ཀྱི་ཨ་ཕ་ཁྱོད་ལེན་དུ་ཡོང་ན། ཁྱོད་ཕྱིར་འགྲོ་རྒྱུ་ཨེ་ཡིན། མི་འགྲོ། གཏན་ནས་མི་འགྲོ། ཁོ་ནི་ངའི་ཨ་ཕ་མིན། ང་ལ་ཨ་ཕ་ཟེར་བ་ཡང་མེད་ལ། དགོས་ཀྱང་མི་དགོས། ལྷ་སྐྱིད་ཀྱི་གཏམ་དེ་ནི་ངའི་བློ་ཡུལ་འདས་པ་དང་། ཁོ་མོའི་ཚིག་གི་གདངས་ལ་ཉན་ན་གཅན་གཟན་གཏུམ་པོ་ཞིག་གི་ངར་སྐད་སྒྲོག་པ་དང་འདྲ་ལ། ལྷ་སྐྱིད་ཨ་ཕ་ནི་ཁོ་མོའི་བདུད་ཅིག་ཡིན་པའི་སྣང་བ་བཅོས་མིན་དུ་སྟེར་བ་བྱེད། འོ་ན། ཚེ་རིང་ལེན་དུ་ཡོང་ན་་་་་་་ ལྷ་སྐྱིད་ཀྱིས་མགོ་བོ་ཌ་མ་རུ་ལྟར་གཡུག་བཞིན། ཁོ་ཡང་ཡོང་མི་སྲིད། ཁོ་ཡོང་ཐུབ་རྒྱུ་མ་རེད།ཅེས་གདངས་དམའ་ཞིང་ངག་ཞུམ་པའི་ངང་ནས་བཟླས་པ་དང་། མཅར་དངན་པ་རིང་བོ་ཞིག་འཐེན་པའི་མོད་ལ་མིག་ལས་མཆི་མ་ཤ་ར་ར་བབས་བྱུང་། གལ་ཏེ་ཚེ་རིང་ཡོང་ན་་་་་་ངས་བསམ་བཞིན་དུ་དེ་ལྟར་བཤད་པ་ལ། ལྷ་སྐྱིད་ཀྱིས་སྔར་བཞིན་མགོ་བོ་གཡུག་གཡུག་བྱེད་པ་ལས། ཁ་ཅི་ཡང་མི་གྲགས། གངས་གནས་དང་དབེན་གནས་འགྲིམས་པའི་འཚོ་བ་ལ་གོམས་སྟབས། ལྷ་སྐྱིད་ལ་སུན་སྣང་མངོན་སུམ་དུ་སྐྱེས་པ་དང་། སྔོན་ཆད་ཆུ་ཡི་ཟེར་མ་འཛུམ་པ་དང་ལང་ཚོའི་མེ་ཏོག་རྒོད་པའི་ཁྲ་ཆུང་མིག་འབྲས་གཉིས་ལྐོག་ལ་ལྷུང་སྟེ་མིག་ཕྲོམ་ཕྱིར་འབུར་བ་དང་། སིལ་ཏོག་ཀུ་ཤུ་ལྟ་བུའི་འགྲམ་པའི་མཁུར་ཚོས་གཉིས་ཀྱང་ཁ་དོག་སྐྱ་བོར་གྱུར་ཏེ་འབུར་དུ་ཐོན་ལ། སྐྲ་ཡི་ལན་བུའི་གསེབ་ནི་ཤིག་དང་སྲོ་མའི་དགའ་བའི་དགའ་སྟོན་བྱེད་སའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་འདུག སྐབས་དེར། ལྷ་སྐྱིད་ཀྱི་ཨ་ཕ་བསླེབས་བྱུང་། ད་ནི་ལྷ་སྐྱིད་ཀྱི་རེ་བ་ཇི་བཞིན་དུ་འགྲུབ་པའི་གོ་སྐབས་བསླེབས་སོང་ཞེས་ངའི་སེམས་ལ་དེ་ལྟར་སྙམ་ན་ཡང་། ཕ་དང་བུ་མོ་འཕྲད་པའི་འབྲས་བུ་ནི་ངའི་བློ་ཡུལ་འདས་པ་ཞིག་རེད། ལྷ་སྐྱིད་ཀྱི་ཨ་ཕ་ནི་གཟུགས་ཆེ་ཞིང་གདོང་སྨུག་པ་དང་། དཔྲལ་བའི་གཉེར་མའི་ནང་དུ་མི་ཨུ་ཚུགས་ཅན་ཞིག་ཡིན་པའི་རྣམ་འགྱུར་ཤར་འདུག ངོ་ཚ་མེད་པའི་འཁྱམས་མོ་ཁྱོད། འགྲོ། འགྲོ། ཁོས་ལྷ་སྐྱིད་མཐོང་མ་ཐག་སྡིགས་མོ་བྱེད་ན་ལ་བལྟས་ན། སྤྱི་ཚོགས་རྙིང་པའི་ནང་བྲན་གཡོག་ཅིག་བྲོས་པ་སླར་ཡང་བདག་པོའི་ལག་ཏུ་ཟིན་པའི་ཚུལ་དང་མཚུངས། མི་འགྲོ། གཏན་ནས་མི་འགྲོ། ལྷ་སྐྱིད་ཀྱི་མིག་ལས་ཁོང་ཁྲོའི་མེ་ལྕེ་འབར་བཞིན་དེ་ལྟར་ལབ།
གལ་སྲིད་དེ་ལྟར་མུ་མཐུད་ནས་སོང་ན་བྱ་བ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་ངེས་པས། ང་མྱུར་མོར་ཕར་སོང་སྟེ་ལྷ་སྐྱིད་ཀྱི་ཨ་ཕ་ལ། ཁྱོད་ཁོང་ཁྲོ་མ་ལངས། སྐད་ཆ་ཡོད་ན་ངག་འཇམ་པོའི་སྒོ་ནས་ཤོད་དང་། ལྷ་སྐྱིད་ཀྱིས་ཁྱོད་ཀྱི་ཁ་ལེན་ངེས་རེད། ཅེས་བཤད་པ་ལ། ཁོས་ང་ལ་ཕུད་རྒྱག་ཅིག་བྱས་ཏེ་ ངའ་བུ་མོ་ལ་ངན་རྒུ་བསླབས་པའི་ཇོ་རྒན་མ་ཁྱོད། མགོ་མི་ཆུད་སར་ལུས་མ་བཙངས། མཛུབ་མོ་ཁ་རོག་ཆུག་ལ་ཁ་རོག་སྡོད་ ཟེར། ལྷ་སྐྱིད་ཀྱིས་ཁེ་གྲི་ཞིག་རུམ་ནས་བླངས་ཏེ་སྐྲའི་ལན་བུ་སྦོམ་པོ་ཞིག་དུམ་བུར་བཅད་དེ་ཨ་ཕའི་མདུན་དུ་འཕངས་པ་དང་། ལག་པ་གཅིག་གིས་ལན་བུ་གཞན་པ་དེ་ལ་འཇུས། གཅིག་གིས་ཁེ་གྲི་བཟུང་ནས་ལན་བུ་གཅིག་བུ་དེའང་འབྲེག་གྲབས་བྱེད་པ་ལ། ང་མྱུར་མོར་སོང་ནས་འགོག་དགོས་བསམས་ཀྱང་། ང་ཁོ་མོའི་གམ་དུ་མ་བསླེབས་པར་ལན་བུ་དེ་ཡང་ས་ལ་ལྷུང་སོང་། སྐབས་དེར། ལྷ་སྐྱིད་ཀྱི་ཨ་ཕ་ནི་སྨྱོན་པ་ལྟར་བརྒྱུགས་ཏེ་པུས་མོ་གཉིས་ས་ལ་བཙུགས། བྲང་ཁར་ཁུ་ཚུར་གྱིས་རྡུང་བཞིན། བུ་མོ་ལོ་ལོ། ད་ཁྱོད་ཀྱིས་དེ་འདྲ་མ་བྱེད། ཨ་ཕའི་ཁར་ཉོན་ལ་ཕྱིར་ལོག་འགྲོ་ཞེས་ཞུ་བ་ཡང་ཡང་བྱས། རླུང་བསེར་བུ་ཞིག་གིས་ལྷ་སྐྱིད་ཀྱི་མགོ་ཡི་སྐྲ་རྣམས་འཛིང་བར་བྱས་པ་དང་། ལྷ་སྐྱིད་ནི་གཡུ་རལ་རྒྱས་པའི་སེང་གེ་ཞིག་དང་འདྲ་བར་འགྱིང་འདུག་ཅིང་། ཁོང་ཁྲོ་ལངས་པ་ཡིན་ནམ་ཡང་ན་གཡུ་རལ་གསིག་པ་ཡིན་གྱི་ཆ་མ་འཚལ་མོད། འོན་ཀྱང་ཁོ་མོའི་བྱིན་པ་གཉིས་འདར་སིག་སིག་བྱེད་པ་དང་། ལུས་པོ་ཡོངས་རྫོགས་ཀྱང་ས་འགུལ་བྱུང་བའི་དུས་སུ་འཛིན་མའི་ངོས་ཀྱི་སྐྱེ་རྒུ་ཡོད་དོ་ཅོག་འདར་ལྡེམལྡེམ་བྱེད་པ་དང་མཚུངས། ལྷ་སྐྱིད་ཀྱི་ཨ་ཕས་ཉིན་ཞག་འགར་ངང་སྒུག་བྱས། ངས་ཀྱང་ལྷ་སྐྱིད་ལ་གོ་བསྐོན་ཡིད་འགུགས་ཀྱི་སློབ་གསོ་གཏོང་ཅི་ཐུབ་བྱས་ཀྱང་། མི་གསར་གྱི་སྣང་བ་ནི་རི་རབ་ཀྱི་རྩེ་མོ་ལྟར་མཐོ་བས་ང་ཚོའི་ངལ་བ་འབྲས་མེད་དུ་གྱུར་སོང་། ལ་ཐུང་ཐུང་གི་རྟ་དང་སྤོ་༿ཁོང་ཁྲོ༾ཐུང་ཐུང་གིས་མི་རྫོད་༿སློད༾ཟེར་བ་དེ་ཅིས་མ་བདེན། ཕ་དང་བུ་མོ་གཉིས་ཀ་འགྱོད་པའི་རྒྱ་མཚའི་ནང་དུ་ལྷུང་ཡོད་ན་ཡང་། སེམས་ཀྱི་ཁོང་ཁྲོའི་རྦ་རླབས་མ་ཞི་བར་དུ་རང་རང་གི་ལ་རྒྱ་གཞན་ལ་སྟེར་མི་སྲིད་པས། ངས་ལྷ་སྐྱིད་ཀྱི་ཨ་ཕ་ལ་ཁོ་རང་རེ་ཞིག་ཕྱིར་ལོག་རྒྱུ་དང་། རྗེས་སུ་ཚེ་རིང་ལེན་དུ་བཏང་ན་ལྷ་སྐྱིད་ཕྱིར་ལོག་ངེས་ཡིན་ཚུལ་གྱིས་གཏམ་མང་པོ་བསྙད་མཐར། ལྷ་སྐྱིད་ཀྱི་ཨ་ཕས་ཀྱང་། ངའི་བུ་མོའི་སྐྱིད་སྡུག་ཁྱོད་ལ་བཅོལ་བ་ཡིན། ཚེ་རིང་ཡང་སྟོང་ཁོར་ནས་ཕྱིར་ལོག་གྲབས་ཡོད་པས། དབྱར་ཚེས་ན་ངས་ཅིས་ཀྱང་ཁོ་ཡོང་འཇུག་ ཟེར་ནས་ཕྱིར་ལོག་སོང་། ཁོ་ཕྱིར་འགྲོ་ཁར་ངས་ལྷ་སྐྱིད་ཀྱི་སྐྲ་ཡི་ལན་བུ་སྦོམ་པོ་དེ་གཉིས་ཁོའི་ལག་ཏུ་བཞག་སྟེ། འདི་ནི་སྐྲའི་ལན་བུ་རང་ག་བ་ཞིག་མ་ཡིན་ཏེ། བུ་མོ་གཞོན་ནུ་མ་ཞིག་འཚར་ལོངས་བྱུང་བའི་ལོ་རྒྱུས་ཀྱི་དཔང་པོ་ཡིན་ལ། སྐྲའི་ལན་བུ་འདིའི་ནང་དུ་ཕ་མ་གཉིས་ཀྱི་བཀའ་དྲིན་དང་། ཆུང་ངུའི་དུས་ཀྱི་བདེ་སྐྱིད། འཚོ་བ་གསར་བའི་སྤྲོ་སྣང་བཅས་གནས་ཡོད་པ་མ་ཟད། ལྷག་པར་དུ་ཕོ་གསར་ཞིག་གི་བརྩེ་དུངས་དང་། མ་འོངས་པའི་འཚོ་ལ་ཞེན་ཆགས་པའི་བུ་གཞོན་ནུ་མ་ཞིག་གི་འདུན་པའང་དེ་ལ་གནལས་ཡོད་པས། ཁྱོད་ཀྱིད་ལྷ་སྐྱིད་ལ་གཅོད་དུ་བཅུག་པ་ནི་སྡུག་བསྔལ་གྱི་ཡལ་འདབ་མ་ཡིན་པར་བདེ་སྐྱིད་ཀྱི་རྩ་བ་རེད། ལྷ་སྐྱིད་ ཀྱང་ལས་ངན་ནང་གི་ལས་ཅན་ཞིག་རེད། ངའི་རེ་བ་ཐམས་ཅད་ཚེ་རིང་ལ་བཅོལ་ཡོད་ཅིང་། ལྷ་སྐྱིད་ཀྱི་སྐྱིད་སྡུག་ཐམས་ཅད་ཡི་གེའི་ནང་དུ་བྲིས་ཡོད་པས། གལ་སྲིད་ཁོ་ལ་ཞེ་ཁྲེལ་དང་སྙིང་རྗེ་ཡོད་ན་ངའི་རེ་བ་དོན་མེད་དུ་འགྱུར་རྒྱུ་མ་རེད། འདི། ཡིགེ་འདི་དང་སྐྲ་ལན་བུ་རྣམས་ཚེ་རིང་ལ་སྤྲོད་ ཅེས་བཤད་ཅིང་། ངས་ཉིན་བཞག་གཅིག་ལ་འབད་པར་བྲིས་པའི་ཡི་གེ་དེའང་ཁོ་ལ་བྱིན་པ་ཡིན། ལྷ་སྐྱིད་ཀྱི་ཨ་ཕ་ཕྱིར་ལོག་སོང་། ལྷ་སྐྱིད་ཀྱི་སླར་ཡང་ཇོ་མོ་བྱེ་རྒྱུའི་རེ་བ་ནན་གྱིས་ཞུས་སྟབས། ངས་ཀྱང་ཁོ་མོ་ལ་སྡོམ་པ་སྟེར་ཁུལ་བྱས་པ་དང་། ལྷུང་བཤགས་དང་། སྐྱབས་འགྲོ། སྒྲོལ་མ་སྔོན་དཀར་གྱི་བསྟོད་པ་བཅས་ཚར་རེ་བསླབས་ཏེ། ཁོ་མོའི་སེམས་གསོ་ཐབས་བྱས་ཤིང་། ལྷ་སྐྱིད་ངས་ཁོ་མོ་ལ་མགོ་སྐོར་བཏང་བ་མ་ཤེས་པར། ད་ནི་ང་ཡབ་ཤྰཀྱའི་བསྟན་པ་ལ་ཞུགས་པའི་དགེ་བསྙེན་མ་རྣམ་དག་ཅིག་ཡིན་ ཟེར་བཞིན་དགའ་དགའ་སྤྲོ་སྤྲོ་བྱེད་ཅིང་གདའ། ཉིན་ཞིག་ལ་ཁོ་མོས་ང་ལ། ངའི་སྐྲ་འདི་བཞར་མི་དགོས་སམ་ ཟེར། ངས་སླར་ཡང་ཁོ་མོ་ལ་སྐྲ་ནི་བཞར་ཡང་ཆོག་ལ་མ་བཞར་ན་ཆོག་པ་སོགས་དགེ་བསྙེན་མའི་ཁྲིམས་ལ་ལོག་འགྲེལ་སྣ་ཚོགས་བརྒྱབ་སྟེ། ཁོ་མོའི་སྐྲ་བཞར་དུ་མ་བཅུག དཀོན་མཆོག་གསུམ་པོ་མཁྱེན། ངའི་སེམས་རྒྱུད་དཀར་ཞིང་བུ་མོ་གཞོན་ནུ་མ་ཞིག་གི་བདེ་སྐྱིད་ཀྱི་སྐལ་བ་སླར་གསོ་བྱ་ཆེད། རྫུན་དང་གཡོ་སྒྱུའི་སྒོ་ནས་ཉེས་པ་བསགས་པ་རྣམས་ད་ལྟ་ཉིད་དུ་བཤགས་པར་མཁྱེན། དབྱར་གསུམ་གྱི་དཔལ་ཡོན་མངོན་སུམ་དུ་བསླེབས་སོང་། ས་གཞི་སྔོ་ཞིང་ལྗང་ལ་མེ་ཏོག་མཛེས་ཤིང་སྡུག སྐྱེ་རྒུར་དབུགས་གསར་རྒྱས་པའི་དབྱར་གྱི་དུས་ཚིགས་སུ། ཐག་རིང་ནས་བྱ་ཁུ་བྱུག་་གི་གསུང་སྙན་ལྷང་ལྷང་སྒྲོག་པ་དང་། རྩྭ་ཐང་དུ་འབུ་དང་བུང་བས་གླུ་སྙན་ལེན་ཞིང་། ནགས་གསེབ་ཏུ་འཇོལ་མོས་གཤོག་འགྱུར་རྒྱག་བཞིན་འདུག ལྷ་སྐྱིད་ཀྱི་སེམས་ལའང་དབྱར་གྱི་དཔལ་མོ་ཤར་ངེས་རེད། ཚེ་རིང་། ཁུ་བྱུག་དབྱར་གསུམ་གྱི་དཔལ་ཡོན་ཤར་བའི་དུས་འདིར། ཁྱོད་ད་དུང་མི་ཕེབས་པ་འདི་ཅི་ཡིན་ནམ། ཕུན་ཚོགས་ཀྱི་གོ་རྟོགས། ང་རང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་སུ་ཡོད་པའི་རྒན་གྱའི་རི་ཁྲོད་ནས་ཕྱིར་ལོག་རྗེས། བསམ་ཚུལ་མང་པོ་ཞིག་ཡིད་ལ་འཁོར་བ་དང་། དབང་མཚོའི་ངུ་སྐད་དང་ལྷ་སྐྱིད་ཀྱི་སྐྲའི་ལན་བུ་དེ་དག་ནི་ངའི་དྲན་པ་གསོ་བའི་མྱ་ངན་གྱི་རོལ་མོ་དང་འདྲ་བར། འདས་དོན་རྣམས་ཡིད་ཀྱི་ཡོལ་བའི་ངོས་སུ་གློག་གི་བརྙན་རིས་ལྟར་ཤར་འོངས་པ་དང་། ངའི་བུ་མོ་ཁྲིད་ཤོག ངའི་བུ་མོ་ཁྲིད་ཤོག ཅེས་པའི་དབང་མཚོའི་གཉིད་གཏམ་དང་། ང་མི་འགྲོ། ང་གཏན་ནས་མི་འགྲོ། ཞེས་པའི་ལྷ་སྐྱིད་ཀྱི་ཐ་ཚིག་གཉིས་ད་བར་དུ་ངའི་རྣ་ལམ་དུ་མ་ཡལ་བ་ལྟར་འདུག ང་རང་སྤྱི་ཚོགས་རྙིང་བའི་ནང་དུའང་འདི་ལྟར་འུ་ཐུག་ཅིང་ཐབས་རྡུགས་པའི་དོན་དང་འཕྲད་མ་མྱོང་། ཐ་ན་ཇག་པས་ང་རང་བཀྱིགས་ནས་རལ་གྲི་བསྣུན་པར་རྩོམ་སྐབས་ཀྱང་ངའི་དཔའ་ཞུམ་མ་མྱོང་། ཨ་ཁ། ད་ལྟ། ད་ལྟ་ང་ལ་ཅི་ཞིག་བྱུང་བ་ཡིན་ནམ། ངའི་བྱིན་པ་འདར་སིག་སིག་བྱེད་པ་དང་མིག་ལས་མེ་སྟག་གི་འོད་ཀྱི་ཕྲ་ཕུང་མང་པོ་བར་མེད་དུ་འབར་བར་བྱེད་ལ། རང་ཚུགས་རང་གིས་མི་ཐུབ་ཅིང་རང་སེམས་རང་དབང་ན་མི་འདུག ལྷ་སྐྱིད་ཡ། ལྷ་སྐྱིད། ཁྱོད་ནི་ངའི་ཤ་ཁྲག་ལས་ཆད་པའི་དུམ་བུ་ཞིག་ཡིན་པ་དང་། ཁྱོད་ཀྱི་ཨ་མ་དབང་མཚོ་ལ་མངལ་སྦྲུམ་པའི་ཉིན་དེ་ནས་བཟུང་། ངའི་སེམས་ལ་དགའ་སྤྲོ་ཇི་ལྟར་སྐྱེས་པའི་ཚུལ་རྣམས་ཁྱོད་ཀྱིས་ཨེ་ཤེས། ཁྱོད་ཀྱི་ཆེད་དུ་ཟས་ཞིམ་པོ་ཁམ་གང་ཡོད་ན་ཟ་མ་ཕོད། གོན་ཡག་པ་ཡོད་ན་གྱོན་མ་ཐུབ། འོ། འཇིག་རྟེན་འདི་ན་བུ་དང་བུ་མོ་ལ་ཤ་ཚ་བའི་ཕ་མ་བགྲང་ལས་འདས་ནའང་། ཡབ་ཡུམ་གཉིས་ཀྱི་བཀའ་དྲིན་ཤེས་པའི་བུ་ཕྲུག་ནི་རེ་འགའ་ཙམ་ལས་མི་འདུག ཨ་ཕ་ངས་ཁྱོ་ཡར་ལྷ་ཡུལ་ལ་འདྲེན་མི་ཐུབ་ཀྱང་མར་དམྱལ་ཡུལ་རྫོང་ཕོད་དམ། ད་ལྟ་ལྷ་མོ་དང་རིག་ཡག་གཉིས་ཅི་འདྲ་སྐྱིད་པོ་རེད། ཕ་མས་གཉེན་ཐག་གཅོད་པ་ནི་འུ་ཅག་གངས་ཅན་བོད་ཀྱི་ལུགས་སྲོལ་རེད། ངའི་ལས་དབང་གིས་ད་ལྟ་རང་གི་བུ་མོ་ལ་ཞུ་བ་བྱ་དགོས་བྱུང་སོང་། མི་ཤེས་རྒྱ་ཅན་ཚོས་བཤད་པ་ལྟར་ན། ད་ལྟ་སྙིགས་མའི་དུས་ཡིན་ཟེར་བས། སྙིགས་མའི་དུས་འདིར་ཕ་དང་བུ་མོའི་གོ་སའང་ལྡོག་དགོས་པ་ཡིན་ནམ། གནའ་མི་བོད་ཀྱི་གཏམ་དཔེ་ལ། བུ་མོས་སྐྱིད་མི་ཐེག བོང་བུས་གསེར་སྒ་མི་ཐེག་ཟེར་བ་དེ་ངོ་མ་རེད། ཡིན་ན་ཡང་། སྐྱིད་ཀྱི་སྐྱིད་ཚོད་མ་ཟིན་ན་རྟ་འདོ་བའི་གོང་ནས་ཨོང་ཤ་ན་ཟེར་བའི་དཔེ་ལྟར། ཁྱི་ལྡོམ་བཞིན་ལ་དང་ལུང་བ་མྱུལ། སྤྲང་པོ་བཞིན་ཟས་དང་ཟ་མ་བསླངས། ད་དུང་ཇོ་མོ་མ་མོ་དང་འགྲོགས་ནས་ཨ་ཕ་ལ་ངར་བཀོལ་བ་འདི། སྤྱིར་རང་གི་བསོད་ནམས་ལ་མི་རུང་བ་དང་། སྒོས་ཏང་དང་ཡུལ་ཕ་མ་ལ་མི་ཁ་བཏང་བའང་རེད། མ་བུ་མོ་ཚང་གི་སྐྲ་རིང་ཡང་བློ་ཐུང་ཟེར་བ་དེ་ངོ་མ་རེད། དེའི་ཕྱིར་ངས་ལྷ་སྐྱིད་ཀྱི་ཚུགས་ཀ་དེ་མཐོང་མ་ཐག སྙིང་རྗེ་རྒྱུ་ཕར་ཞོག་གློ་འཕར་ཡོང་སྟེ། མོ་ལ་སྡིགས་མོ་བྱས་པ་ཡིན། ཡིན་ན་ཡང་། མོས་ཁེ་གྲི་བླངས་ནས་མགོ་ཡི་སྐྲ་བཅད་པ་དེ་ངའི་བློ་ཡུལ་ལས་འདས་པ་དང་། དྲང་མོར་བཤད་ན་ངའི་དཔའ་ཞུམ་ཞིང་སྤ་བཀོང་བར་གྱུར་སོང་། ལྷ་སྐྱིད་ནི་ངའི་བུ་མོ་ཆེ་མགོ་ཡིན་པས། གལ་ཏེ་ཇོ་མོ་བྱས་པ་ཡིན་ན་་་་་་་་་་་ ཨ་ཙི། དེ་ཚོ་ལ་ངས་བསམ་བློ་གཏོང་འདོད་མི་འདུག་ལ་གཏོང་ཡ་མི་ཕོད། ཡིན་ན་ཡང་། གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་སྒྲ་མེད་དུ་འཇབ་འོངས་ཏེ་ངའི་སེམས་ལ་རོ་མེད་ཀྱི་བྲོ་བ་ཁ་བ་དང་། བསྐ་བ། སྐྱུར་བ། མངར་བ་བཅས་གང་ཡིན་མི་ཤེས་པ་ཞིག་བྱིན་ཏེ། ང་རང་འདུག་བཟོད་མི་བདེ་བའི་གནས་སུ་ལྷུང་དུ་བཅུག དབང་མཚོ་ལ་བལྟས་ན་སྙིང་རྗེ་བ་དང་ལྷ་སྐྱིད་ཀྱི་སྤྱོད་པ་དེ་ཚོ་དྲན་ན་བློ་ཕངས་པ་ཞིག་འདུག ལྷ་སྐྱིད་ཀྱིས་ང་ལ་འཁོན་སེམས་དང་སྙིང་ནད་དེ་ལྟ་བུ་བཅངས་དོན་ཅི་ཡིན་ནམ། རིག་ཡག་དང་ལྷ་མོ་གཉིས་གློ་བུར་དུ་གཉེན་སྒྲིག་བྱེད་དོན་ཅི་ཡིན་ནམ། འདི་དག་ཐམས་ཅད་ང་ལ་མཚོན་ན་ཅི་འདྲའི་གསང་བ་ལྐོག་གྱུར་ཅིག་རེད་ཨང་། ངས་མནའ་མཆེད་ཉི་མ་བཙལ་ནས་བློ་བསྡུར་ན་ཡང་། ཁོ་ཡང་ང་དང་འདྲ་བར་སྨུག་ལོང་ནང་གི་མགྲོན་པོ་མགོ་འཁོར་ཞིག་རེད། རིག་ཡག་དང་ལྷ་མོ་གཉིས་ཀྱིས་ཧ་དང་ཕུགས་ཤེས་ཡོད་པ་གདོན་མི་ཟ་ཡང་། ཁོ་གཉིས་ཀྱི་ཁ་ནས་ཚིག་ལེན་པ་ནི་ཁྱི་ཡི་ཁ་ནས་བ་སོ་ལེན་པ་དང་འདྲ་བར་ངལ་བ་འབྲས་མེད་ཅིག་ཡིན་པར་མ་ཟད། ད་དུང་། རྒད་པོ་ཕུན་ཚོགས་ཁྱོད་ཧོན་ལོག་མ་རན་གོང་ལ་ཧོན་ལོག་ཁུལ་མ་བྱེད། ཟ་སྤྱད་སྟག་གི་ཁ་ཡོད་ན་ཞུ་སྤྱད་གོ་བོའི་ཕོ་བ་ལོས་དགོས། གནད་དོན་དེ་ཚོ་ཁྱོད་ཀྱི་སེམས་ན་ཁྲིག་ཁྲིག་རེད། ཅེས་ཟུར་ཟའི་རྡོ་ལོག་དང་འཕྱ་བའི་མདའ་མོ་འཕེན་པར་བྱེད། གནད་དོན་དེ་དག་ངོ་མ་ང་རང་ཉིད་ལན་པ་ཡིན་ནམ། ང་མལ་སའི་ནང་གན་རྐྱལ་དུ་ལོག་ནས་རང་གིས་རང་ལ་ཁེར་བཤད་བྱས་ཏེ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ན་ཡང་། ང་རང་གིས་ལན་པའི་རྒྱུ་མཚན་ཡེ་ནས་མ་རྙེད།
ཁྱོད་མི་ལན་ན་སུ་ལན་རྒྱུ། དབང་མཚོ་ངུ་སྔགས་བྱེད་བཞིན་དུ་ང་ལ་དེ་ལྟར་སྨྲས། འོ། ཁྱོད་ཀྱིས་གསལ་བོར་ཤོད་དང་། ང་ལན་པ་ཡིན་ན་ལན་རྟགས་གང་ན་ཡོད། འང་འང་འུན། ཧེ་ཧི། དབང་མཚོ་ངུ་སྔགས་བྱེད་བཞིན་དུ་བཤད་རྒྱུར། ལྷ་སྐྱིད་ཀྱི་འདོད་པའི་མི་དང་སྙིང་གི་གྲོགས་པོ་ནི། འང་འང་འུན། ཚེ་རིང་རེད། ཧེ་ཧི། ཁྱོད། ཁྱོད་ཀྱིས་བཙན་ཐབས་ཀྱི་སྒོ་ནས། འང་འང་འུན། རིག་ཡག་ལ། ཧེ་ཧི། སྟེར་དོན་ཅི་ཡིན། འང་འང་འུན། ཧེ་ཧི། བུ་མོའི་སེམས་ཀྱི་མནར་སྡུག་ཁྱོད་ཀྱིས། འང་འང་འུན། ཧེ་ཧི། ཨེ་ཤེས། འདྲེ་རྒན་ཡ། འདྲེ་རྒན། ཁྱོད་ད་སོང་ལ་ངའི་བུ་མོ་ཁྲིད་ཤོག འང་འང་འུན། ཧེ་ཧི་་་་་་་་་་་་་་ ང་ཨ་ཕ་ཞིག་ལ་རང་གི་བུ་མོ་གནས་ལ་སྟེར་བའི་དབང་ཆ་ཡང་མེད་དམ། ཁྱི་ཁ་སུམས་ལ་སྡོད། ངའི་བུ་མོ་དུད་འགྲོ་ཨེ་རེད། དུད་འགྲོ་ཡིན་ཡང་འགྲོ་མ་འདོད་ན་གཟུར་ནས་འདུག་པ་མ་མཐོང་ངམ། གང་ལྟར་ཀྱང་། དེ་ནི་གནའ་མི་བོད་ཀྱི་དཔེ་རེད། བོད་ཁ་བ་ཅན་གྱི་འགྲོ་སྲོལ་འདུག་སྲོལ་རེད།
ཁ་གདངས་ན་དཔེ། བཙུམས་ན་སྲོལ། བྱིས་པ་མངལ་ན་ཡོད་དུས། བུ་དང་བུ་མོ་གང་ཡིན་མི་ཤེས་དུས་གཉེན་གཏམ་པ་དེ་བོད་ཀྱི་དཔེ་ཡིན་ནམ། བུ་མོ་འཆི་ལམ་ལ་འདེད་པ་དེ་བོད་ཀྱི་སྲོལ་ཡིན་ནམ། ཁྱོད་ཀྱིས་དཔེ་མེད་སར་དཔེ་བཙུགས། སྲོལ་མེད་སར་སྲོལ་གཏོད་ན་ཆོག་གམ། ཁྱོད་ཀྱི་དཔེ་དེ་ཐན་ལྟས་རེད། སྲོལ་དེ་ཚོ་ཐན་སྲོལ་ཞིག་རེད། ངོ་མ། དེ་ལྟར་བཤད་ན་ང་ལ་གནས་ལུགས་སྤུ་ཙམ་ཡང་མི་འདུག ལས་བཟང་པོ་ལ་འབྲས་བུ་ངན་པ་འདི་ལྟ་བུ་འབྱུང་བ་ནི་ཡང་སྙིང་ཅི་ཞིག་རེད། ལས་རྒྱུ་འབྲས་ཟེར་བ་དེ་ཡོད་དམ་མེད། ཡོད་ན་ངའི་མགོ་ལ་སྡུག་གི་ཁུར་བོ་ཉིས་བརྩེགས་འབབ་དོན་ཅི་ཡིན་ནམ། ང་ཞག་གང་བོར་གཉིད་ཁུག་མ་ཐུབ་ལ་ཁུག་ཀྱང་མི་འདོད། འདང་རེ་བརྒྱབ་ན། དབང་མཚོའི་སྐད་ཆ་དེའང་བདེན་པར་འདུག ཡིན་ན་ཡང་། དེང་སང་གི་བུ་མོ་འདི་དག་ལ་ངོ་མ་བཅོས་ཐབས་མི་འདུག འདི་ནི་མོ་གསར་ཚོའི་སྣང་མཐོ་བ་ཡིན་ནམ། ཕ་མ་ལ་ཐབས་ཤེས་མེད་པ་ཡིན། ཡང་ན་་་་་་་་་་འོ། དེ་རེད། དེ་རེད། བོད་སྐད་ཀྱི་རྒྱང་བསྒྲགས་ནང་ན་གཉེན་སྒྲིག་བཅའ་ཁྲིམས་ཀྱི་ཤེས་བྱ་བཤད་དུས། ཕ་མས་དབང་ཤེད་ཚད་དེ་བུ་མོ་གནས་ལ་སྟེར་བ་དེར་ངོ་རྒོལ་བྱེད་ཀྱིན་འདུག ཀུང་ཧྲེའི་བཀྲ་ཤིས་ཧྲུའུ་ཅིས་ཀྱང་། རྒད་པོ། ཀླད་པ་རྙིང་བའི་སྒོ་ནས་དོན་དག་གསར་བ་ལ་བལྟས་ན་སྐྱོན་ཆ་འབྱུང་རྒྱུ་རེད་ཡ། ཞེས་བཤད་མྱོང་། དེ་ཚོ་ནི་སྲིད་ཇུས་ཀྱི་གནད་དོན་རྐྱང་རྐྱང་ཡིན་པས། ངས་གཅིག་ན་ཡིག་རིགས་གཅིག་ཀྱང་མི་ཤེས། གཉིས་སུ་སྲིད་ཇུས་ཀྱི་དོན་དེ་ཚོའི་ཕུགས་མི་གོ གསུམ་ན་ད་ལྟའི་འགྱུར་ལྡོག་མི་ཤེས་པས། ཕལ་ཆེར་ང་རང་ཉིད་ལན་པ་ཡིན་ལས་ཆེ། ཁ་སང་དེ་རིང་སྡེ་བའི་ནང་གི་ཕོ་གསར་ཚོའི་ཁ་ནས་ཐོས་ཚུལ་ལྟར་ན། བུ་མོ་ཞིག་ཨ་ཕས་བཙན་ཚུགས་ཀྱིས་གནས་ལ་བྱིན་པས་བུ་མོ་དེ་ལྕེབས་པ་རེད་ཟེར་གྱིན་འདུག སྟབས་ལེགས་ནས་ངའི་མགོ་ལ་སྐྲག་དངངས་དེ་འདྲ་ནི་མ་བྱུང་། ཨ་ཙི། གལ་སྲིད་ལྷ་སྐྱིད་ཀྱང་ལམ་དེར་སོང་ན། ཉེས་པ་ཐམས་ཅད་ངའི་སྟེང་ན་ཡོད་པས། མགོ་མི་འབྲེག་ནའང་བཙོན་ལ་འཇུག་ངེས་རེད། ང་རྒད་པོ་ཤི་ཁ་རྒས་ཁ་ལ་བཙོན་དུ་སོང་ན་མི་ཚེ་ལ་གཏན་ཚིགས་བཞག་པ་རེད།
ང་སྐྲག་མ་དངངས་ལ་གཉིད་དུ་ཤོར་སོང་། རྨི་ལམ་འཇིགས་སུ་རུང་བ་སྣ་ཚོགས་པ་ཞིག་རྨིས་ན་ཡང་། ཅི་ཡིན་གང་ཡིན་གསལ་བོར་བཤད་རྒྱུ་མི་འདུག ཝ་ཡེ། ལོངས། ཚེ་རིང་ཕྱིར་ལོག་འདུག ཝ་ཡེ། རེམ་ལ་ལོངས། ཚེ་རིང་ཕྱིར་ལོག་འདུག ངའི་རྣ་ལམ་དུ་སྐད་གསལ་ལ་མི་གསལ་ཞིག་གྲགས་པ་དང་། ངའི་ལུས་པོ་ཕར་གཡོ་ཚུར་གཡོ་བྱེད་པའི་མོད་ལ། ང་གཉིད་ལ་སད་སོང་། ངས་ལག་པས་མིག་འབྱིད་བཞིན་བལྟས་པ་ན། དབང་མཚོའི་ངོ་ལ་སྡུག་མདོག་ཅིག་ཤར་ཏེ། ངའི་གམ་ན་ལངས་འདུག ཨ། ངས་ཅི་ཡིན་འདི་ཡིན་མེད་པར་དེ་ལྟར་བཤད་པ་ལ། དབང་མཚོས་མཆུ་ཏོག་གཡས་ལ་གཅུས་ཏེ། བོ། རེམ་མ་ལོངས་དང་། ཚེ་རིང་ཕྱིར་ལོག་འདུག་ཟེར། ང་གྲིམ་རིལ་ཞིག་བརྒྱབ་སྟེ་ཡང་ལངས་པ་དང་། ཁ་ལག་ཀྱང་མ་བཀྲུས་པར་ངའི་མནའ་མཆེད་ཉི་མ་ཚང་ལ་བརྒྱུགས་པ་ཡིན།
ཚེ་རིང་གི་བསམ་ཚུལ། ངས་སྟོང་འཁོར་སློབ་གྲྭའི་ནང་ནས་སློབ་སྦྱོང་གི་ལས་འགན་ལེགས་པར་གྲུབ་སོང་། དབྱར་གྱི་དཔལ་ཡོན་ས་གཞིར་ཤར་བའི་དུས་འདིར། ངའི་སེམས་ལའང་དགའ་སྤྲོའི་མེ་ཏོག་ལྷུག་པར་བཞད་དེ། ཟི་ལིང་ནས་འགྲུལ་བཞུད་རླངས་འཁོར་ལ་བསྡད་དེ་ཕ་ཡུལ་དུ་ཆས་པ་ཡིན། ཕ་མ་གཉིས་ཀྱི་སྐུ་ཁམས་བདེ་མོ་ཡིན་ནམ། ཕུ་བོ་རིག་ཡག་གིས་གྲོགས་མོ་ཞིག་རྙེད་ཡོད་དམ། ལྷ་སྐྱིད། བདག་གིས་ཉིན་མཚན་མེད་པར་སྙིང་ནས་དྲན་པའི་གྲོགས་མོས་ཕལ་ཆེར་ལྟོགས་པས་ཟས་དང་སྐོམ་པས་ཆུ་འདོད་པ་ལྟར་ང་ལ་རེ་སྒུག་བྱས་ཡོད་རྒྱུ་རེད། ཕལ་ཆེར་མོས་ང་རང་དྲན་དྲགས་ཏེ་གདོང་གི་ཤ་རེད་པར་གྱུར་ཡོད་ན་ཡང་ཐང་། ངས་རླངས་འཁོར་གྱི་སྒེའུ་ཁུང་ལས་རང་གི་ཕ་ཡུལ་གྱི་ཕྱོགས་ལ་འབྲེལ་བའི་གཞུང་ལམ་ལ་ཅེ་རེར་ལྟ་བཞིན་དུ། ཡིད་ལ་འཆར་སྣང་སྣ་ཚོགས་པ་ཞིག་བྱུང་བ་དང་། ཟི་ལིང་ནས་ལྷ་སྐྱིད་ལ་ཉོས་པའི་སྟོད་གོས་མེ་ཏོག་ཅན་དང་ཀོ་ལྷམ་སོགས་འཁུར་ཁུག་ནག་པོའི་ནང་ནས་ཕྱིར་བླངས་ཏེ་ཡང་ཡང་བལྟས་པ་དང་། སེམས་ལ་གལ་སྲིད་ལྷ་སྐྱིད་ཀྱིས་གོས་ལྷམ་འདི་དག་གྱོན་ཚེ། མོ་སྔར་ལས་ཀྱང་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་འགྱུར་ངེས་རེད་སྙམ་བྱུང་། ཡིན་ན་ཡང་། ང་ཁྱིམ་གྱི་སྒོ་ཐེམ་དུ་གོམ་པ་སྤོས་ནས་འགྲོ་དུས་སྙིང་ཁམས་ཅུང་ཟད་མི་བདེ་བ་ཞིག་བྱུང་བ་དང་། དེའི་རྒྱུ་མཚན་ནི་ངའི་ཨ་ཕས་ང་ཡོང་བ་མཐོང་ཡང་མ་མཐོང་ཁུལ་བྱས་ནས་ནང་སྒོའི་ནང་དུ་འཛུལ་སོང་། ཨ་ཕ། ངས་དབང་མེད་དུ་དེ་ལྟར་བོས་པ་ལ། ཨ་ཕས་ནང་སྒོའི་ནང་ཕྱོགས་ནས་ཁ་ཕྱིར་འཁོར་ཏེ་ང་ལ་ཞིབ་ལྟ་ཞིག་བྱས་པ་དང་། དེ་ནས་ཚུར་ཡོང་སྟེ། ཚེ་རིང་། ཁྱོད་་་་་་་་་་ཁྱོད་ཡིན་ནམ། ཞེས་ཟེར། ཨ་ཕའི་སྐད་གདངས་འདར་ཞིང་ཞུམ་པ་དང་། མིག་གིས་ང་ལ་བལྟ་མི་ཕོད་པར་མ་ཟད། ངའི་མིག་འཁྲུལ་བ་མིན་ན་ཁོའི་རྐང་བའང་འདར་སིག་སིག་བྱེད་ཀྱིན་འདུག
ཨ་ཕ་ལགས། ཁྱོད་བདེ་མོ་འཚམས་པོ་ཡིན་ནམ། ན་བ་དང་ཚ་བ་འདྲ་བྱུང་བ་མིན་ནམ། མིན། མིན། བདེ་མོ་་་་་་་་་་་འཚམས་པོ་ཡིན། ཡ་ད་བཟང་གི་བཟང་གི ཁྱིམ་ལ་ཤོག
ས་རུབ་ལ་ཁད་ཡོད་པ་དང་། ཁྱིམ་ན་མར་མེ་ཡང་བཀར་མེད་པས་ཁང་བའི་ནང་ནག་ཤིག་ཤིག་ཏུ་ཡོད་པས། ངས་ཅི་ཡང་མཐོང་མི་ཐུབ། ཐབ་ཀའི་མེ་ཡང་ཤིན་ཏུ་ཆུང་བས། ཨ་མས་ང་ལ་འཚམས་འདྲི་བྱེད་པའི་སྐད་མ་གཏོགས་ཐོས་མ་ཐུབ་ལ། རིག་ཡག་གིས་ངའི་ལག་ནས་འཁུར་ཁུག་བླངས་ན་ཡང་། ངས་ད་དུང་ཁོ་རང་མི་སུ་ཞིག་ཡིན་པ་མ་ཤེས། སྐབས་དེར་ཁང་བའི་ནང་དཀར་གསལ་ལེར་སོང་བ་ད་ཆབས་ཅིག མར་མེའི་འོད་ཀྱི་འོག་ཏུ་གསར་མོ་ཞིག་ཡོད་པ་མཐོང་བ་དང་། ཕ་མ་གཉིས་དང་ཕུ་བོ་གསུམ་པོ་ངའི་ཉེ་འཁོར་དུ་ལངས་འདུག་ལ། གསར་མོ་དེ་ལྷ་མོ་རེད།
ཁྱོད་ཚོ་ཚང་མ་བདེ་མོ་ཡིན་ནམ། ངས་ཁོ་ཚོ་ལ་ད་ལྟར་འཚམས་འདྲི་བྱས། བདེ་མོ། བདེ་མོ། ཁྱོད་གང་ནས་ཡོང་བ་ཡིན། དེ་ནི་ངའི་ཕུ་བོའི་སྐད་རེད། དེ་རིང་ཟི་ལིང་ནས་ཡོང་བ་ཡིན།
ཡ། མནའ་མ། ད་མྱུར་དུ་ཇ་བསྐོལ། ཨ་ཕས་དེ་སྐད་ལབ་མ་ཐག་ལྷ་མོ་ངེད་ཚང་གི་མནའ་མ་ཡིན་པ་གཞི་ནས་ཧ་གོ་སོང་། མོས་བུད་ཤིང་ཁྱེར་ཡོང་སྟེ་མེ་སྤར་བ་དང་། ཟངས་དེམ་ནང་ལ་ཐབ་ཀྱི་སླ་ང་ལས་ཆུ་གཅུས་ཏེ་ཐབ་འདབས་སུ་བཙུགས། མར་མེ་དང་ཐབ་ཀྱི་མེ་འོད་འོག་ཏུ། ཁྱིམ་གྱི་བཟའ་ཚང་གང་བོས་རྣམ་འགྱུར་སྣ་ཚོགས་བཟུང་ནས་ང་ལྐོག་ལྟ་བྱེད་པ་ལས་ང་ལ་ཁ་བརྡ་བྱེད་མཁན་གཅིག་ཀྱང་མི་འདུག
ཨ་ཕས་མིག་ཅེ་རེར་ཐབ་འདབས་ཀྱི་ཟངས་དེམ་ལ་ལྟ་ཞིང་འདུག་པ་དང་། ཨ་མ་ནི་མ་ཎི་འདོན་ཞིང་འདུག ཕུ་བོས་མགོ་ལ་བར་མེད་དུ་ཕྲུག་ཕྲུག་བྱེད་པ་དང་། སྲུ་མོས་ཐབ་ཀའི་མེ་སུག་ལ་རེག་རེག་བྱེད་ཀྱིན་འདུག ཨ་ཙི། ཁྱོད་ཚོ་ལ་ཅི་ཞིག་བྱུང་བ་ཡིན། ངས་དེ་ལྟར་བཤད་པ་ལ། གལ་སྲིད་ཁྱོད་ཚོ་ཚང་མ་ང་ལ་མི་དགའ་ན། ང་རང་མཚན་བརྒྱབ་ནས་ཀུང་ཧྲེའི་ནང་དུ་སོང་ཆོག ཡིན་ན་ཡང་། ཁྱོད་ཚོ་ང་ལ་མ་དགའ་བའི་རྒྱུ་མཚན་གསལ་བོ་བཤད་དགོས། ཚེ་རིང་། ཨ་ཕ་ཅུང་ཟད་མ་རངས་པའི་སྒོ་ནས་བཤད་རྒྱུར། ཇ་འཁོལ་དབང་ཡང་མི་སྟེར་རམ། ད་ལྟ་ཁྱོད་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས། ཕ་མ་གཉིས་པོ་ལ་དཔོན་སྒྲ་བཀོལ་རྒྱུ་ཡིན་ནམ། འོ་ན། ཁྱོད་ཚོས་་་་་་་་་
ཚེ་རིང་། ཨ་མའི་ལོ་ལོ། ཁྱོད་དེ་རིང་ས་ཐག་རིང་ཟི་ལིང་འདྲ་ཞིག་ནས་ཡོང་བ་ཡིན་པས། ལྟོགས་ཡོད་ལས་ཆེ། ཇ་འཁོལ་རྗེས་སྔོན་ལ་ལྟོགས་སྐོམ་སོད་དང་རིམ་གྱིས་ཁ་བརྡ་བྱེད། ཅེས་ཨ་མས་ངའི་ཚིག་མཚམས་བཅད་དེ་བཤད་པས་ང་རང་སྔར་ལས་ཀྱང་སུམ་ཉིའི་དྲ་བར་ཚུད། འོན་ཀྱང་རེ་ཞིག་ངང་སྒུག་མི་བྱེད་ཀ་མེད་དུ་གྱུར་པས། གདོང་ལ་བཅོས་མའི་འཛུམ་ཞིག་བསྟན་ནས་མིག་ཧྲིག་ཧྲིག་གིས་ཐབ་འདབས་ཀྱི་ཟངས་དེམ་ལ་ལྟ་ཞིང་བསྡད་པ་ཡིན། ཇ་འཐུངས་རྗེས་ངལ་དུབ་ཀྱང་རིམ་གྱིས་ཡལ་སོང་། སྲུ་མོས་ང་ལ་སྟོང་འཁོར་དུ་སློབ་སྦྱོང་བྱེད་དུ་སོང་བའི་གནས་ཚུལ་དང་། ཟི་ལིང་ན་ཚོང་རྫས་བཟང་བོ་གང་དག་ཡོད་པའི་སྐོར་གྱི་གནས་ཚུལ་དྲིས་ཤིང་། ངས་ཀྱང་དྲིས་པའི་ལན་རྣམས་གསལ་བོར་བཤད་པ་ཡིན། དེར་མཐུད་ནས། ཨ་ཕས་ལྷ་མོ་དང་རིག་ཡག་གཉིས་གཉེན་སྒྲིག་ཚུལ་སྐོར་གྱི་ཁ་བརྡ་བྱས་པ་དང་། ཁོང་གིས་བཤད་པ་ལྟར་ན། ལྷ་མོ་དང་རིག་ཡག་གཉིས་རང་དབང་རང་འཐད་ཡིན་པར་མ་ཟད། ཕ་མ་གཉིས་ལའང་སྔར་ནས་བཟུང་དེ་ལྟ་བུ་ཞིག་ཡོད་པས། ན་ནིང་གི་ལོ་གསར་ཚེས་པ་བཅོ་ལྔའི་ཉིན་གཉེན་བསྒྲིགས་པ་ཡིན་ཟེར། ངའི་ཨ་ཕས་ཚེ་གང་ལ་རྫུན་བཤད་མ་མྱོང་ཟེར་བ་དང་། སྡེ་བའི་སྐྱེས་ཕོ་མོ་ཐམས་ཅད་ཀྱང་ཁོའི་ཚིག་ལ་ཡིད་ཆེས་པ་ཞིག་ཡིན་པས། ངས་ཀྱང་ཁོའི་གཏམ་དེ་རྣམས་བདེན་པར་བསམས་པ་ཡིན། ཡིན་ན་ཡང་། ཕུ་བོ་རིག་ཡག་དང་ངེད་གཉིས་ཀ་སྔར་ཤིང་ཁང་དེའི་ནང་ལྷན་གཅིག་ཏུ་ཉལ་སྐབས། ཨ་ཕའི་གཏམ་དེའི་ནང་དུ་རྫུན་ཆེན་པོ་ཞིག་ཡོད་པ་ད་གཟོད་ཧ་གོ་སོང་། ངའི་ཕུ་བོ་ནི་མི་དྲང་མོ་ཞིག་ཡིན་པས་ངས་མི་ཤེས་པའི་གནས་ཚུལ་རྣམས་ཀྱང་ང་ལ་ཇི་བཞིན་དུ་ལབ་བྱུང་། ལྷ་སྐྱིད་ཀྱི་ཨ་ཕ་དང་ངའི་ཨ་ཕ་གཉིས་ཀྱིས་གསང་གྲོས་བྱས་ཚུལ་དང་། ལྷ་མོའི་གཡོ་ཐབས། ཕུ་བོ་རང་ཉིད་ཀྱི་འཁྲུལ་སྣང་། ལྷ་སྐྱིད་ཀྱི་སྡུག་བསྔལ་་་་་་་་་་་ཨ་ཙི། དེ་དག་ཐམས་ཅད་ནི་ངའི་རྨི་ལམ་དུའང་འཁོར་མི་ཐུབ་པ་ཤ་སྟག་རེད། དོན་དག་འདི་ངས་སུ་ལའང་མི་བཤད་པའི་མནའ་བསྐྱལ་ཡོད། ཡིན་ན་ཡང་། ལྷ་སྐྱིད་ཀྱིས་ཁྱོད་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུངས་མཚོན་པར་བྱ་ཆེད། ངས་མནའ་མི་ཟ་ཐབས་མེད་རེད། ངའི་ཕུ་བོ་རིག་ཡག་གིས་ལྷ་སྐྱིད་དང་ཁོ་གཉིས་ཀྱི་འབྲེལ་བའི་སྐོར་བཤད་སྐབས། ཨ་ཕས་ཁོ་གཉིས་ཨུ་ཚུགས་ཀྱིས་གཉེན་སྒྲིག་ཡི་གེ་ལེན་པར་འགྲོ་དགོས་པའི་བཀའ་ཕབ་པ་དང་། ལྷ་སྐྱིད་ཀྱིས་རང་སྲོག་གཅོད་རྩིས་བྱས་པའི་གནས་ཚུལ་དེ་ཡང་ང་ལ་ཇི་མ་ཇི་བཞིན་དུ་བཤད། ཚེ་རིང་དྲང་མོར་བཤད་ན། ཁྱོད་ཀྱི་ཁོག་པའང་ཟབ་རྒྱུ་མང་དྲགས་འདུག གལ་སྲིད་ལྷ་སྐྱིད་དང་ཁྱོད་གཉིས་ཀྱི་འབྲེལ་བ་དེ་སྔ་མོ་ནས་ང་ལ་བཤད་ཡོད་རྒྱུ་ན། ཚད་དེ་འདྲ་ཞིག་ལ་ལྷུང་དགོས་སམ། ཅུང་ཙམ་མིན་ན་ལྷ་སྐྱིད་་་་་་་་་་་་ ངས་ཕུ་བོའི་ཚིག་ལ་ཉན་བཞིན། ལྷ་སྐྱིད་ཀྱི་སེམས་སྡུག་ནས་རིད་པར་གྱུར་པའི་གདོང་དང་། འུ་ཐུག་ནས་ངུ་སྐད་ཤོར་བའི་སྐད། ཐབས་ཟད་ནས་སྐེ་ལ་སྐ་རགས་བརྒྱབ་པའི་ཚུལ། དབུགས་བསྒགས་ཏེ་འཕག་འཚག་བྱེད་པའི་ཉམས་ལ་སོགས་པ་ཇི་བཞིན་དུ་ཁྲ་ཆུང་མིག་གིས་མངོན་སུམ་དུ་མཐོང་བ་དང་། དར་ལུང་རྣ་བས་བཅོས་མིན་དུ་ཐོས་པ་དང་འདྲ། དེའི་མོད་ལ་ང་རང་མོ་ལ་གདུང་སེམས་ཚད་མེད་པ་ཞིག་སྐྱེས་པ་དང་། ལྷ་སྐྱིད་ཀྱིས་ངའི་དོན་དུ་སྡུག་བསྔལ་སྣ་ཚོགས་མྱངས་པ་དེ་དྲན་ན་ཡིད་ལ་བཟོད་གླགས་མེད་པའི་ཟུག་ངུ་སྐྱེས་པ་དང་མིག་ལས་མཆི་མ་འཐོར་བའི་སེམས་སྡུག་བྱུང་།
འོ་ན། ལྷ་སྐྱིད་ང་ལ་བལྟ་རུ་མི་ཡོང་བར། བླ་བྲང་ལ་འགྲོ་དོན་ཅི་ཡིན་ནམ། གནད་དོན་དེ་ངས་གསལ་པོར་མི་ཤེས་སྟབས་ཕུ་བོ་ལ་དེ་ལྟར་དྲིས། འོ་ལེ། ངས་ཀྱང་བསམ་བློ་ཐེངས་མང་བཏང་བ་ཡིན་མོད། འོན་ཀྱང་ལན་འོས་མི་ཞིག་རྙེད་མ་ཐུབ། ཕལ་ཆེར་་་་་་་་་་་ ཤོད་ཡ། ཕུ་བོས་ཐེ་ཚོམ་བཟུང་བ་མཐོང་ནས་ངས་ནན་གྱིས་བསྐུལ་བ་ཡིན། ཕལ་ཆེར། ངས་བལྟས་ན་ཕལ་ཆེར་ལམ་སྐེད་ནས་བླ་བྲང་གི་ཕོ་གསར་རྐྱལ་སྟོང་ཞིག་དང་འཕྲད་ནས་ཁྱོད་ལ་ཁྲེལ་མེད་བྱས་པ་རེད།
ཨ། ཕུ་བོའི་ཚིག་དེ་ནི་གནམ་ལྕགས་ཐོག་གིས་བྲག་རི་གཏོར་བ་ལྟར་ངའི་གློ་སྙིང་གཉིས་ཀ་གས་སུ་བཅུག་པ་དང་། ཆུ་ལོག་བྱུང་ནས་ལུང་པ་ཕྱེས་པ་ལྟར་ངའི་གློ་མཆིན་གཉིས་ཀྱི་སྟེང་འོག་བརྗེས་པ་ལྟ་བུ་གྱུར་སོང་། ལྷ་སྐྱིད་ཡ་ལྷ་སྐྱིད། ཁྱོད་ངོ་མ་བློ་འགྱུར་བ་ཡིན་ནམ། ཁྱོད་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་གདོང་གི་སྐྱིད་པགས་འོག་ཏུ་དུག་ཚེར་བཞིན་དུ་རྩུབ་ཅིང་རྣོ་བའི་གཡོ་སྒྱུའི་རལ་གྲི་ཞིག་ཤོང་སྲིད་དམ། དཔེ་མི་སྲིད། དེ་འདྲ་གཏན་ནས་ཡིན་མི་སྲིད། ཡིན་ན་ཡང་། ཁྱོད་ནི་ས་མཐའ་ལ་འཁྱམས་དགོས་དོན་ཅི་ཞིག་ཡིན་ནམ། ད་ལྟ་ཁྱོད་རང་གང་ན་ཡོད་དམ།་་་་་་་་་་་་་ ངས་ཕྱོགས་ཡར་མར་ལ་འདང་བརྒྱབ་སྟེ་ནམ་གསལ་སློང་བྱས་པ་དང་། ཕུ་བོའི་སྔུར་སྒྲ་དང་བྱ་ཕོའི་སྐད་གསེང་གཉིས་དུས་མཉམ་དུ་ངའི་ཐོས་འཛིན་རྣ་ལམ་དུ་ལྷུང་བྱུང་།
ཚེ་རིང་། རྒད་པོ་ཆ་ཡོད་ཅིག་གི་སྐད་གྲགས་བྱུང་། བསམ་མི་དགོས། དེ་ནི་ལྷ་སྐྱིད་ཀྱི་ཨ་ཕ་ཕུན་ཚོགས་རེད།
ངས་ད་དུང་ཨ་ལན་མ་བྱིན་པར་ཡོད་ཙ་ན། ང་ཉལ་སའི་ཤིང་ཁང་གི་འདེད་སྒོ་ཙིར་གྱིས་ཕྱེས་པ་དང་། དེ་དང་ཆབ་ཅིག་ཕུ་བོ་དང་ངེད་གཉིས་འཕྲོ་རིམ་འཕྲོར་ཡར་ཙོག་པ་ཡིན། ནམ་ལངས་ཐག་ཆོད་འདུག ཕུན་ཚོགས་ཀྱིས་མིག་མཆི་མ་ཤར་ལེ། ཚེ་རིང་ལོ་ལོ། ད་ཁྱོད་ལ་ཐབས་ཤེས་ཤིག་མེད་ན། ང་རྒད་པོ་ཤི་ཁ་རྒས་ཁར་བཙོན་ཁང་ལ་འགྲོ་དགོས་རྒྱུ་རེད། འདིར་ལྟོས་དང་། གདོན་མོ་དེ། ཞེས་བཤད་བཞིན་དུ་གནག་ཅིང་སྣུམ་ལ་སྦོམ་ཞིང་རིང་བའི་སྐྲའི་ལན་བུ་གཉིས་ང་ལ་བསྟན་བྱུང་།
ངས་སྐྲའི་ལན་བུ་དེ་གཉིས་ལ་ཞིང་ལྟ་ཞིག་བྱས་པ་ལ། དེ་གཉིས་ལ་རིང་ཐུང་ཅུང་ཟད་ཡོད་པ་དང་། ཕར་བལྟས་ཚོད་ཀྱིས་སྐྲ་རྟིང་ནས་དཀྱིལ་མཐོ་གང་ལྷག་ཡོད་སའི་མཚམས་ནས་བཙན་ཚུགས་ཀྱིས་བྲེགས་པ་འདྲ། འདི་ལྷ་སྐྱིད་ཀྱི་ལན་བུ་མ་ཡིན་ནམ། ངའི་སེམས་འཚུབ་བྱུང་།
རེད། གདོན་མོ་དེའི་རེད། ཕུན་ཚོགས་ཁོང་ཁྲོ་ལངས་འདུག ཕུན་ཚོགས་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་པས། ཕལ་ཆེར་ལྷ་སྐྱིད་ཀྱིས་ཁོའི་ངག་ལ་མ་ཉན་སྟབས། ཁྲོས་ཐོག་ནས་ལྷ་སྐྱིད་ཀྱི་ལན་བུ་བྲེགས་ཡོང་བ་རེད། སྐབས་དེར་ཕུ་བོས་བཤད་པའི་སྐད་ཆ་རྣམས་དབང་མེད་དུ་ངའི་སེམས་ལ་ཤར་འོངས་པ་དང་། སྡུག་བསྔལ་དང་ཁོང་ཁྲོ་ཅིག་ཅར་དུ་སྐྱེས་ཏེ་བཟོད་གླགས་མེད་པ་ཞིག་བྱུང་།
ཁྱོད་ཀྱིས་ལན་བུ་བྲེགས་ནས་ཅི་བྱེད། མིན། ཚེ་རིང་། ལན་བུ་འདི་འབྲེག་མཁན་ང་མིན། འོ་ན་སུ་རེད། གདོན་་་་་་་་་་་་གདོན་མོ་དེ་རེད། ཁྱོད་ཀྱིས་ལྟོས་དང་ང་ལ་འདི་ལྟར་བརྙས་བཅོས་བྱེད་ཚུལ་ཨེ་ཡོད། ང་ལ་ཡང་སྐྱོན་ཡོད་ན་ཐང་། ཡིན་ན་ཡང་། ལན་བུ་འདི་་་་་་་་་་་་ཞེས་སོགས་ཐོས་པས་ངའི་སྙིང་དྲག་ཏུ་འཕྱོ་ཞིང་དྲན་པ་ཐོར་བ་ལྟར་གྱུར། ངས་ཀྱང་ལྷ་སྐྱིད་ལ་བཟང་ཞིག་བཅའ་ཨེ་ཐུབ་སྙམ་པ་ཡིན། ཡིན་ན་ཡང་། ལྷ་སྐྱིད་མོ་རང་་་་་་་་་་
རང་གི་བུ་མོ་སྤྲང་པོ་ལྟར་བརྩིས་ནས་ག་ས་ག་ལ་ལྡོམ་དུ་བཅུག་ན་བཟང་བཅོས་པ་ཨེ་རེད། ཤ་ཞིམ་པོ་ཨ་ཕོ་སྤྱང་ཀིས་ཟོས། ཁག་ངན་པ་ཨ་ཆེ་ཝ་མོར་བཀལ་ཟེར་བ་དེ་ཅིས་མ་བདེན། རང་སྐྱོན་རི་འདྲ་བ་བསྐྱུར་ན་གཞན་སྐྱོན་ཤིག་འདྲ་བ་གླེང་ནས་ཅི་བྱེད། ཁྱོད་ལ་ངན་ཁག་དཀྲི་རྒྱུ་མེད་ན། ལྷ་སྐྱིད་ལ་ལེ་འདེད་རྒྱུ་མི་འདུག
ངོ་མ་རེད། ངོ་མ་རེད། ད་ཁྱོད་ལ་གསལ། ང་ལ་ཐབས་ཤེས་ཅི་ཡང་མི་འདུག ཕུན་ཚོགས་ཀྱིས་མགོ་བོ་འཕྲེད་དུ་གཡུག་བཞིན་ཁོ་རང་བླ་བྲང་ལ་སོང་བའི་གནས་ཚུལ་རྣམས་གཅིག་གཅིག་དང་གཉིས་གཉིས་བྱས་ནས་ང་ལ་ལབ། དེར་མཐུད་ནས། ཕུན་ཚོགས་ཀྱིས་རུམ་ནས་ཡི་གེ་ཞིག་བླངས་ཏེ་ང་ལ་བྱིན་ཏེ། འདི་ན་ད་དུང་ཡི་གེ་ཞིག་ཡོད་ཟེར། ཞེ་ཁྲེལ་ལྡན་ལ་ཁོག་རྒྱ་ཡངས་པའི་གཞོན་ནུ་ཚེ་རིང་ལ་ཞུ་རྒྱུར།
ང་ནི་ཇོ་མོ་ཞིག་ཡིན་པ་དང་། ངའི་མིང་ལ་སྒྲོལ་མ་ཟེར། ལྷ་སྐྱིད་ཀྱིས་ཁྱོད་ཀྱི་དོན་དུ་སྡུག་བསྔལ་དང་བརྙས་བཅོས་གང་མང་མྱངས་སྟབས། མོའི་ལང་ཚོའི་མེ་ཏོག་ནི་སད་དང་ཁ་བས་འཇིག་ལ་ཉེ་བ་དང་། ཁྱོད་ལ་ཕྱོགས་པའི་བརྩེ་དུངས་ཀྱི་འདབ་མ་ཡང་ཟུམ་ལ་ཉེ་བར་གྱུར་འདུག ཡིན་ན་ཡང་མོའི་བློ་གཏོང་ས་དང་ཉིན་མཚན་ཀུན་ཏུ་རེ་སྒུག་བྱེད་ས་ནི་ཁྱོད་རང་གཅིག་པུ་ལས་མེད་པས། གལ་སྲིད་ཁྱོད་ལ་ཞེ་དང་ཁྲེལ་གཞུང་ཡོད་ན། མ་འགྱངས་པར་ལྷ་སྐྱིད་བསུ་བར་ཤོག ལྷ་སྐྱིད་ཀྱི་བདེ་སྡུག་ཐམས་ཅད་ཁྱོད་ལ་རག་ལས་ཡོད་པས་དོན་དེ་ཡིད་ལ་འཇགས་པར་གྱིས། གནས་ཚུལ་ཞིབ་མོ་འདིར་འཆད་མི་བདེ་བས། འུ་ཅག་ངོ་འཕྲད་དུས་ཞུས་ཆོག
ཟླ་ཚེས་བཟང་བོ་ལ་ཕུལ།
ད་ནི་ངང་སྒུག་བྱ་རྒྱུ་ཅི་ཡང་མི་འདུག ང་མྱུར་མོར་མལ་ལས་ལངས་ཏེ་ཀུང་ཧྲེའི་ནང་དུ་སོང་བ་དང་། སློབ་སྦྱོང་གི་གནས་ཚུལ་རྣམས་ཡར་ཞུ་བྱས་རྗེས། ཉིན་བཅོ་ལྔའི་གནང་བ་ཞུས་ཏེ་ལྷ་སྐྱིད་བསུ་བར་ཆས་པ་ཡིན། འདས་པའི་བྱ་བ་རྣམས་ནི་བཞུར་བའི་ཆུ་རྒྱུན་དང་མཉམ་དུ་ཕར་འདས་སོང་། ངའི་མིག་ལམ་དུ་སྣང་བ་ནི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཡིན་པ་དང་། སྣ་ལམ་དུ་མནམས་པ་ནི་མེ་ཏོག་གི་དྲི་བསུང་རེད། རྒྱང་རིང་གི་ནགས་གསེབ་ན་ཁུ་བྱུག་གི་གླུ་དབྱངས་ལེན་གྱིན་འདུག ཁུ་བྱུག་མོན་ནས་ཡོང་དུས། ། དཔྱིད་གསུམ་ཚེས་མགོ་ཡིན་ཡང་། ། ལྗོན་པའི་གསེབ་ལ་བསླེབས་དུས། ། དབྱར་གྱི་དཔལ་མོ་བཞད་འདུག ། ངོ་མ། དཔྱིད་ཀྱི་ཕོ་ཉ་ཁྱོད་ངའི་ཕ་ཡུལ་དུ་འབྱོར་སྐབས་དབྱར་གཞུང་ལ་བསླེབས་སྐབས་འདུག སྤྱིར་ཁྱེད་རང་ཕེབས་རྒྱུ་ཅུང་ཟད་འཕྱིས་ཀྱང་། ཁྱེད་ཀྱི་གསུང་སྙན་ནི་ཅི་འདྲིའི་འགྱུར་ཁུགས་ལྡན་པ་ཞིག་རེད་ཨང་།་་་་་་་་་་་