སངས་རྒྱས་ལ་མཚན་སྨད་ཞུ་ཕྱིར་འབད་རྩོལ་བྱེད་པའི་བུད་མེད་སུནྡ་རི་

ཡོང་ཁུངས་Wikipedia

སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་སྡེ་བསྐྱངས་ནས་ལོ་ངོ་ཉི་ཤུ་པ་དེའི་སྐབས་སུ་ཆེས་ཤིན་ཏུ་གལ་གནད་ཆེ་བའི་ལོ་རྒྱུས་ཀྱི་བྱུང་བ་གཉིས་བྱུང་། གཅིག་ནི་ཇག་པ་སོར་ཕྲེང་ཅན་ཆོས་ལ་བཀོད་པའི་བྱུང་བ་དེ་ཡིན་ཞིང་། གཅིག་ནི་མཉན་ཡོད་དུ་ཕྲག་དོག་ཅན་གྱི་དཀའ་ཐུབ་པ་འགའ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་མཚན་སྨད་ཀྱི་ཕྱིར་འབད་རྩོལ་བྱས་པའི་སྐོར་གྱི་བྱུང་བ་དེ་ཡིན།

སྐབས་དེ་དུས་སངས་རྒྱས་བཅོམ་ལྡན་འདས་དང་ཁོང་གི་ཉན་ཐོས་རྣམས་མཉན་ཡོད་ཅེས་བྱ་བའི་གྲོང་ཁྱེར་ན་ཆེས་སྙན་གྲགས་ཆེ་ཞིང་བཀུར་བར་འོས་པའི་ཆོས་ཀྱི་སློབ་དཔོན་དུ་གྱུར་པར་བརྟེན། ཡུལ་དེའི་མི་མང་འབོར་ཆེན་འཆར་ཅན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ཏེ་གསུང་ཆོས་ཀྱི་གདམས་པ་ཞུས་ཤིང་། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་བསོད་སྙོམས་སོགས་ཀྱིས་བསྙེན་བཀུར་ཞུས་སོ། །

འོན་ཀྱང་མཉན་ཡོད་ན་རང་ཉིད་ཀྱི་ཆོས་ཚུལ་མཆོག་ཏུ་གྱུར་པར་རློམ་པའི་དཀའ་ཐུབ་པ་ཡང་ཧ་ཅང་མང་བར་བརྟེན། ཡུལ་དེའི་མི་མང་ཁྲོད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་མིན་པའང་ཧ་ཅང་མང་། གང་ལྟར་དཀའ་ཐུབ་པ་དེ་ཚོས་ཡུལ་མི་འབོར་ཆེན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ཏེ་ཁོང་སྐུ་འཁོར་དང་བཅས་པར་བསོད་སྙོམས་ཀྱིས་བཀུར་སྟི་རིམ་གྲོ་བྱེད་པ། གཞན་ཡང་གསོས་སྨན་དང་དགེ་འདུན་པའི་ན་བཟའ་སོགས་ཀྱིས་ལེགས་པའི་སྐྱེས་ཆེན་ཕུལ་བ་སོགས་མཐོང་བས་ཧ་ཅང་གི་རུ་ང་ཕྲག་དོག་སྐྱེས་ཏེ། རིང་པོར་མ་ཐོགས་པར་དཀའ་ཐུབ་པ་དེ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཚུལ་མིན་གྱི་བྱ་ངན་ཞིག་རྩོམ་རྒྱུའི་ཐག་གཅོད་བྱས།

མཉན་ཡོད་ན་མིང་ལ་སུནྡ་རི(SUNDARI)ཟེར་བའི་བུད་མེད་དཀའ་ཐུབ་པ་ཞིག་སྟེ་དུས་རྒྱུན་འཁྱམས་ཤིང་ཉུལ་ནས་སྡོད་མཁན་ཞིག་ཡོད། མོ་རང་ནི་མོ་ན་གཞོན་ཞིང་སྤྱོད་ལམ་ཡང་ཧ་ཅང་རྩིང་བར་བརྟེན། དཀའ་ཐུབ་པ་དེ་རྣམས་ཀྱིས་མོ་རང་བེད་སྤྱད་དེ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁོར་དང་བཅས་པའི་ཀུན་སྤྱོད་དང་མཚན་མཐོང་ལ་རྒོལ་རྡུང་གི་མཚན་སྨད་བྱེད་རྒྱུའི་འཆར་གཞི་བཏིང་།

དཀའ་ཐུབ་པ་དེ་ཚོས་བུད་མེད་སུནྡ་རི་ལ་སྨྲས་པ། ལྕམ་མོ་ལགས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འུ་ཅག་ལ་རྒྱབ་སྐྱོར་དང་མཐུན་འགྱུར་ཞུ་མཁན་གྱི་ཡོན་བདག་མི་ཉུང་བ་ཞིག་ཁོ་རང་གི་སར་འཐེན་སོང་། དེར་བརྟེན་ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས་སུ་བྱ་འགུལ་ཞིག་སྤེལ་རྒྱུར་ལྕམ་མོ་ཁྱེད་ཀྱིས་ངེས་པར་དུ་ཕྱག་རོགས་གནང་དགོས། ཞེས་བཤད་པ་ན། སུནྡ་རི་ཡིས། ངས་ཁྱེད་ཚོར་ཕྱག་རོགས་ཅི་ཞིག་སྒྲུབ་ཐུབ་ཀྱི་རེད། ཅེས་བཤད་པར། ཡང་དཀའ་ཐུབ་པ་དག་ན་རེ། ཕྱག་རོགས་གནང་ཐུབ་དང་ཐུབ། ཁྱེད་ཉིན་གཅིག་ཀྱང་མ་ཆད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཆོས་གནང་སའི་རྒྱལ་བྱེད་ཚལ་དུ་སོང་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐོར་ལ་གང་ནུས་ཇི་འཇོན་གྱིས་གནས་ཚུལ་མང་དག་ཅིག་འཚོལ་སྒྲུབ་བྱོས་དང་། གནས་ཚུལ་དེ་ལ་བརྟེན་ནས་ང་རང་ཚོས་འུ་ཅག་གི་ཡོན་གྱི་བདག་པོ་རྣམས་ཚུལ་འགུག་རྒྱུར་འབད་རྩོལ་བྱེད། ཅེས་བཤད།

དེར་བརྟེན་དཀའ་ཐུབ་པ་དེ་རྣམས་ཀྱིས་མོ་རང་བྱ་ངན་ཅི་ཞིག་གི་ཕྱིར་རྒྱལ་བྱེད་ཚལ་དུ་བཏང་བ་ཡིན་སུནྡ་རི་རང་ཉིད་ཀྱིས་ཀྱང་ཤེས་ཀྱི་མེད་ནའང་། གང་ལྟར་ཉིན་གཅིག་ཀྱང་མ་ཆད་པར་རྒྱལ་བྱེད་ཚལ་གྱི་གསུང་ཆོས་ར་བར་སོང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐོར་ལ་གང་ནུས་ཀྱིས་སོ་ཉུལ་བྱས།

སུནྡ་རི་རྒྱལ་བྱེད་ཚལ་དུ་འཆར་ཅན་འགྲོ་བཞིན་པ་ཡུལ་མི་མང་པོ་ཞིག་གིས་མཐོང་རྗེས་ཀྱི་སྐབས་ཤིག དཀའ་ཐུབ་པ་དེ་རྣམས་ཀྱིས་མོ་རང་བསད་དེ་ས་དོང་ཆེན་པོ་ཞིག་གི་འཁྲིས་སུ་ས་སྦས་བྱས་ནས་རྒྱལ་པོ་རབ་གསལ་གྱི་སྐུ་དྲུང་དུ་ཕྱིན་ཏེ་ན་རེ། རྒྱལ་པོ་ཆེན་པོ་ལགས། ང་ཚོའི་གཅུང་མོ་སུནྡ་རི་རྒྱལ་བྱེད་ཚལ་གྱི་ཀུན་དགའ་ར་བར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་གསུང་ཆོས་ཞུ་བར་ཕྱིན་རྗེས་གར་སོང་ཆ་མེད་ངང་བོར་བརླག་ཏུ་ཕྱིན་སོང་ཞེས་ཞུས་པར། རྒྱལ་པོ་ན་རེ། འོ་ན་ཁྱོད་ཚོས་མོ་རང་ས་ཆ་འདི་འདྲ་ཞིག་ཏུ་མེད་དམ་སྙམ་པའི་དོགས་གཞི་འདྲ་འདུག་གམ། ཞེས་བཀའ་འདྲི་གནང་བར། དཀའ་ཐུབ་པ་དེ་དག་གིས། ཀྱེ། རྒྱལ་པོ་རིན་པོ་ཆེ། ངེད་ཅག་ལ་ཧ་ཅང་གི་སེམས་ཁྲལ་འདུག ཉེ་སྔོན་མོ་རང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་གསུང་ཆོས་ཞུ་བར་ཕྱིན་རྗེས་འདི་འདྲའི་རྒྱུན་རིང་པོ་ཞིག་ཏུ་ལྷག་མྱོང་མེད། དེས་ན་ང་ཚོས་བལྟས་ན། ཕལ་ཆེར་མོ་རང་ད་དུང་རྒྱལ་བྱེད་ཚལ་དུ་མེད་དམ་སྙམ། ཞེས་ཞུས།

དེ་ནས་རྒྱལ་པོ་ཆེན་པོས། འོ་ན་ཁྱེད་ཅག་མྱུར་སྟབས་ཀྱིས་རྒྱལ་བྱེད་ཚལ་དུ་ཕྱིན་ཏེ་མོ་རང་དེར་ཡོད་མེད་འཚོལ་ཞིབ་གྱིས་ཤིག ཅེས་གསུངས་པས། དཀའ་ཐུབ་པ་དེ་རྣམས་རྒྱལ་བྱེད་ཚལ་དུ་ཕྱིན་ནས་དུས་ཡུན་རིང་པོའི་བར་འཚོལ་གྱི་ཡོད་པའི་ཁུལ་བརྫུ་བྱས་ཏེ། སུནྡ་རི་གང་དུ་ས་སྦས་བྱས་ཡོད་སའི་གནས་དེར་ཕྱིན་ནས། མོ་རང་གི་བེམ་རོ་ས་དོང་ལས་ཡར་བླངས་ཏེ་རོ་འདྲེན་འགྱོགས་འཇམ་ཞིག་ཏུ་ཁུར་ནས་མཉན་ཡོད་དུ་ཡོང་སྟེ། དཀའ་ཐུབ་པ་དེ་རྣམས་ཀྱིས་སྐད་གསེང་མཐོན་པོའི་སྒོ་ནས། ཀྱེ་རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་གཟིགས་དང་། རང་ཉིད་སྐྱེས་བུ་དམ་པར་རློམ་པའི་དགེ་སྦྱོང་དེ་རྣམས་ཀྱི་བྱེད་སྟངས་ལ་ཅིག་གཟིགས་དང་ཁོང་ཚོ་ནི་ཇི་འདྲའི་ངོ་ཚ་བྲལ་ཞིང་གཡོ་ཁྲམ་དང་ངན་སྤྱོད་ཀྱི་རང་བཞིན་ཅན། ཁོང་ཚོས་བྱས་པའི་ལས་ཀ་ལ་གཟིགས་དང་། དགེ་སྦྱོང་དེ་རྣམས་ཀྱིས་ཉམ་ཐག་པའི་སུནྡ་རི་ལ་བཙན་གཡེམ་བྱས་ཏེ་སོ་སོའི་ནག་ཉེས་འགེབས་སྲུང་བྱེད་ཆེད་མོ་རང་བསད་ནས་ས་སྦས་བྱས་འདུག ཅེས་ཞུས།

སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་ཚོགས་རྣམས་ནི་རང་ཉིད་ལ་ཉེས་མེད་སྐྱོན་འཛུགས་བྱས་པར་འཇིགས་ཤིང་སྐྲག་སྟེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞི་ཞིང་བྱམས་པའི་སྒོ་ནས་ཁོང་གི་ཉན་ཐོས་རྣམས་ལ་འཇིགས་སྐྲག་ལྡོག་པའི་ཕྱིར་སྨྲས་པ། ཉན་ཐོས་རྣམས། ཁྱེད་ཅག་ནི་གནད་དོན་འདི་དང་འབྲེལ་བ་ཡེ་ནས་མེད་པས། འདིའི་ཐད་ལ་ཞེད་སྣང་བྱེད་དགོས་དོན་མེད། དེས་ན་ཡུལ་མི་རྣམས་ཀྱིས་ཁྱེད་ཅག་ལ་སྐྱོན་བརྗོད་དང་ཁ་རྡུང་ཅི་ཙམ་བྱས་ཀྱང་། ཁྱེད་ཅག་གིས་ཞལ་འདོན་གསུང་བཞིན་བཞུགས་པ་ལས་གཞན་གང་ཡང་བྱེད་མི་དགོས། རྫུན་བཤད་མཁན་དང་ནག་ཉེས་ངོས་མི་ལེན་མཁན་གཉིས་ཀས་གཅིག་མཚུངས་ཀྱི་ལས་ངན་བསགས་པ་ཡིན་པས་དེའི་འབྲས་བུར་སྡུག་བསྔལ་མྱོང་དགོས། དེས་ན་ཁྱེད་ཅག་གིས་བཟོད་སྒོམ་བྱས་ཏེ་བཞུགས་ཤིག་དང་། ཡུལ་མི་རྣམས་ཀྱིས་ཁྱེད་ཅག་ལ་ཁ་རྡུང་བསྙོན་འཛུགས་བྱེད་རྒྱུ་ངལ་བར་གྱུར་ཏེ་མཚམས་ཆད་ནས། ཁྱེད་ཅག་གི་མཛད་སྤྱོད་དེ་ཡང་ཇི་ཙམ་གྱིས་ཞི་བ་ཡིན་མིན་རྟོགས་ཐུབ། མ་ཟད་བདུན་ཕྲག་གཅིག་གི་ནང་ཚུད་དུ་སྐྱོན་འཛུགས་ཀྱི་ཁ་རྡུང་དེ་ཡང་འཇགས་འགྲོ་གི་རེད། ཅེས་གསུངས་སོ། །

དེ་ནས་རིང་པོར་མ་ཐོགས་པར་ཡུལ་མི་རྣམས་ཀྱི་ཁྲོད་དུ། སངས་རྒྱས་བཅོམ་ལྡན་འདས་དང་ཁོང་གི་ཉན་ཐོས་རྣམས་རྒྱུ་མཚན་ཅིའི་ཕྱིར་དེ་འདྲའི་ཞི་ཞིང་དུལ་བའི་ངང་བཞུགས་པ་ཡིན་ནམ་ཞེས་ཕན་ཚུན་ལབ་གླེང་བྱེད་མགོ་ཚུགས་ཏེ། ཡུལ་མི་རྣམས་ཀྱི་བསམ་པར། སངས་རྒྱས་བཅོམ་ལྡན་འདས་དང་ཁོང་གི་ཉན་ཐོས་རྣམས་ནི་ལྷག་པའི་ཚུལ་ཁྲིམས་དང་ལྡན་པར་བརྟེན། དེ་སྔོན་ལས་ངན་གྱི་བྱ་བ་སྒྲུབ་པའི་གནས་ཚུལ་ཡེ་ནས་གྲགས་མྱོང་མེད། མ་ཟད་སྙིང་རྗེའི་གཞན་དབང་དུ་གྱུར་པའི་ཆོས་ཀྱི་སློབ་དཔོན་འདི་ལྟ་བུ་ཞིག་གིས་འདི་འདྲའི་ཚུལ་མིན་གྱི་བྱ་བ་ག་ལ་སྒྲུབ། དེས་ན་སུནྡ་རི་གསོད་མཁན་གྱི་ལག་དམར་བ་དེ་ནི་སྐྱེ་བོ་གཞན་པ་ཞིག་ཡིན་པ་ཐག་གིས་ཆོད་སྙམ་མོ། །

མཐའ་གཞུག་དེར་སྐྱོན་བརྗོད་ཀྱི་ཁ་རྡུང་མཚམས་ཆད་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བྱུང་བ་དེ་ལ་བརྟེན་ནས་ཁོང་གི་ཉན་ཐོས་རྣམས་ལ་སྨྲས་པ། མི་གཞན་གྱིས་དགེ་འདུན་པར་ཚིག་རྩུབ་ཀྱི་སྐུར་བ་འདེབས་སྐབས་རང་ཉིད་ཀྱི་སེམས་མ་འཁྲུགས་པའི་སྒོ་ནས་དཀའ་ངལ་ལ་གདོང་ལེན་བྱེད་དགོས། ཞེས་གཞན་གྱིས་ངན་སྨྲས་བྱས་པར་བཟོད་བསྲན་དང་བཅས་ཏེ་གདོང་ལེན་ཇི་ལྟར་གནང་དགོས་པའི་སྐོར་ལ་བཀའ་སློབ་རིམ་པར་གནང་། དུས་ཡུན་ཅུང་ཙམ་ཕྱིན་རྗེས། རྒྱལ་པོ་རབ་གསལ་གྱིས་སུནྡ་རི་གསོད་མཁན་གྱི་ལག་དམར་བ་དེ་ནི་དཀའ་ཐུབ་པ་དེ་རྣམས་ཡིན་པ་རྩད་ཆོད་ནས། ཁོང་ཚོ་རྒྱལ་པོའི་སྐུ་དྲུང་དུ་ཁྲིད་དེ་མང་ཚོགས་འདུ་འཛོམས་སར་ནག་ཉེས་ངོས་ལེན་ཞུས་པས། ཁོང་ཚོ་ལ་ནག་ཉེས་དེ་དང་མཐུན་པའི་ཁྲིམས་གཅོད་བྱས། བྱུང་བ་དེའི་རྗེས་སུ་སངས་རྒྱས་བཅོམ་ལྡན་འདས་འཁོར་ཉན་ཐོས་དང་བཅས་པ་སྔར་ལས་ཀྱང་བཀུར་བར་འོས་ཤིང་མཚན་མཐོང་ཆེ་རུ་ཕྱིན་ཏོ། །