སངས་རྒྱས་བཅོམ་ལྡན་འདས་དང་དགེ་སློང་ནད་པ་ཞིག་

ཡོང་ཁུངས་Wikipedia

ཐེངས་ཤིག་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དགོན་པ་ཞིག་ཏུ་གཟིགས་སྐོར་ལ་ཕེབས་ནས། དགེ་སློང་ཞིག་ལ་ཆེས་ཉེན་ཚབས་ཆེ་ཞིང་སྐྱུག་བྲོ་བའི་ནད་ངན་གྱིས་ཟིན་ཏེ་སྡུག་བསྔལ་མྱོང་བཞིན་ཡོད་པ་དེའི་གྲྭ་ཤག་ཏུ་འཛུལ། སྐབས་དེ་དུས་དགོན་པ་དེའི་ནང་དགེ་འདུན་པ(BHIKKHU)ཆེས་མང་བོ་བཞུགས་ཡོད་ནའང་། ནད་ཀྱིས་མནར་བའི་དགེ་སློང་དེ་ལ་ཐུགས་ཁུར་དང་ནད་གཡོག་བྱེད་མཁན་གཅིག་ཀྱང་བྱུང་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་མྱོང་བཞིན་པའི་དགེ་སློང་དེའི་གནས་སྟངས་ལ་གཟིགས་ནས། ཁོང་གིས་ཉན་ཐོས་ཀུན་དགའ་བོ(ANAND)ལ་གསུང་གནང་སྟེ། ཁོང་རྣམ་གཉིས་ཀྱིས་གང་མགྱོགས་ངང་དགེ་སློང་དེ་ལ་སྨན་བཅོས་གནང་ཞིང་། ནད་ཀྱིས་མནར་བའི་དགེ་སློང་ཁོང་མི་གཙང་བཙོག་པས་ཁེངས་པའི་མལ་ཁྲི་ལས་ཡར་བཀྱགས་ཏེ་ཁོང་གི་སྐུ་གཟུགས་འཁྲུད་ཅིང་། ངལ་གསོ་ཐེབས་སའི་ཉམས་བདེ་ས་ཞིག་ཏུ་བཞག་པས་ནད་པ་ཁོང་གི་ན་ཟུག་དེ་ཡང་སྔར་ལས་ཅུང་ཙམ་དྲག་སྐྱེད་བྱུང་། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོན་པ་དེར་བཞུགས་པའི་དགེ་འདུན་པ་དག་ལ་ནད་ཀྱིས་མནར་བའི་དགེ་སློང་ཁོང་སྣང་མེད་དུ་བཞག་པ་ལ་བཀའ་བཀྱོན་དང་འབྲེལ་བའི་བཀའ་སློབ་གནང་སྟེ་སྨྲས་པ། སླད་ཕྱིན་ཆད་ནད་ཀྱིས་མནར་བའམ་སྡུག་བསྔལ་གྱིས་ནོན་པ་སོགས་གང་ཡོད་ལ་ཕྱག་རོགས་ཞབས་ཏོག་བསྒྲུབ་དགོས་ཤིང་། མི་སུ་ཞིག་ཡིན་རུང་ནད་ཀྱིས་མནར་བ་དེ་དག་ལ་ཕྱག་རོགས་ཞབས་ཏོག་བསྒྲུབས་པས་ང་ལ་ཞབས་ཏོག་བསྒྲུབ་པར་འགྲོའོ། །ཞེས་མཇུག་སྡོམ་གྱི་བཀའ་སློབ་གནང་ནས་བྱོན་ནོ། །