Jump to content

སངས་རྒྱས་ཀྱིས་རྫུ་འཕྲུལ་སྐོར་ལ་དགོངས་པ་བཞེས་སྟངས་

ཡོང་ཁུངས་Wikipedia
ཐེངས་ཤིག་སངས་རྒྱས་བཅོམ་ལྡན་འདས་ནཱ་ལནྡཱ་(NALANDA)ཡི་པ་ཝ་རི་ཀ་ཞེས་པའི་སྐྱེད་མོས་ཚལ་(PAVARIKA GROVE)དུ་བཞུགས་སྐབས། མིང་ལ་ཀེ་ཝད་དྷ་(KEVADDHA)ཞེས་པའི་མི་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ཏེ་གུས་ཞབས་ཆེན་པོའི་ཐོག་ནས་ཞུས་པ། ཀྱེ། བདག་ཉིད་ཆེན་པོ་ལགས། ནཱ་ལནྡཱ་ནི་ཆེས་ཕུན་སུམ་ཚོགས་ཤིང་ཚགས་ཚུད་པའི་གྲོང་ཁྱེར་ཞིག་ཡིན་ལ། དེའི་ཡུལ་མི་རྣམས་ཀྱང་ཧ་ཅང་གི་དར་རྒྱས་གོང་འཕེལ་ཆེ་ཞིང་ཁྱེད་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པ་ཞིག་ཡིན། དེས་ན་བརྩེ་བའི་བདག་ཉིད་ཆེན་པོ་ལགས། གལ་སྲིད་ཁྱེད་ཀྱིས་རང་གི་ཉན་ཐོས་ཤིག་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་བྱ་བ་བྱེད་རྒྱུའི་ཐད་བསྐོ་གཞག་གནང་ན། ནཱ་ལནྡཱའི་ཡུལ་མི་རྣམས་ཁྱེད་ལ་དེ་སྔོན་ལས་ཀྱང་ཆེས་ཆེར་ལྷག་པའི་ཡིད་ཆེས་ཀྱི་དད་པ་འཕེལ་བར་ངེས་སོ། །ཞེས་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཀེ་ཝད་དྷ། ངས་དེ་འདྲའི་ཆོ་འཕྲུལ་གྱི་བྱེད་ཐབས་ཐོག་ནས་རང་གི་སློབ་མའི་ཚོགས་ལ་སློབ་ཁྲིད་གནང་གི་མིན། ཞེས་གསུངས་པར་སླར་ཡང་མི་དེས་ཐེངས་གསུམ་གྱི་བར་དུ་དེ་ལྟར་ཞུས་ན་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གོང་དང་གཅིག་མཚུངས་ཀྱི་བཀའ་ལན་གནང་། དེ་ནས་ཐེངས་གསུམ་པའི་དྲི་བ་དེའི་རྗེས་སུ་ཁོང་གིས་ཀེ་ཝད་དྷ་ལ་སྨྲས་པ། སྤྱིར་རྫུ་འཕྲུལ་ལ་རིགས་མི་འདྲ་བ་གསུམ་ཡོད་དེ། 

༡༽རྫུ་འཕྲུལ་གྱི་རིགས་དང་པོ་དེ་ནི་སྤྲུལ་གཞི་གཅིག་སྟེ་གང་ཟག་གཅིག་གང་ཟག་དུ་མར་སྤྲུལ་བ་དང་། རྩིག་པ་ལ་ཐོགས་མེད་དུ་རྒྱུ་བ། མཁའ་དབྱིངས་སུ་འཕུར་བསྐྱོད་བྱེད་པ། ཆུ་ཡི་ཐོག་ཏུ་གོམ་པ་སྤོ་བ་སོགས་མཐའ་ཡས་པ་ཞིག་ཡོད་ན་ཡང་། རྫུ་འཕྲུལ་དེ་དག་ལ་ནི་སྐྱེ་བོ་ཕལ་བས་བྱེད་མི་ནུས་པའི་ལུས་ཀྱི་རྫུ་འཕྲུལ་ཞེས་བྱའོ། ། ༢༽རྫུ་འཕྲུལ་གྱི་རིགས་གཉིས་པ་དེ་ཡིས་གང་ཟག་གཞན་གྱི་སེམས་རྒྱུད་ཤེས་པར་བྱེད། ༣༽རྫུ་འཕྲུལ་གྱི་རིགས་གསུམ་པ་དེ་ཡིས་རང་གི་སློབ་མའི་ཆེད་ཁོང་ཚོའི་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་དུ། དེ་རྣམས་ཀྱི་བསམ་བློའི་གནས་ཚད་དང་མཐུན་པར་ཐབས་ལམ་རན་པའི་སྒོ་ནས་ཆོས་ཀྱི་ལམ་སྟོན་བྱེད་པ་དེའོ། །

     དེས་ན་མི་སུ་འདྲ་ཞིག་ཡིན་རུང་རྫུ་འཕྲུལ་གྱི་རིགས་དང་པོ་དེ་གཙོ་བོ་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་སློབ་མའི་ཚོགས་དགའ་བར་བྱེད་པའི་ཕྱིར་བཀོལ་སྤྱོད་བྱས་ན། དེ་ནི་སྒྱུ་མ་མཁན་གྱིས་སྒྱུ་མའི་མིག་འཕྲུལ་བསྟན་པ་དང་གཉིས་སུ་མ་མཆིས་སོ། །དགེ་འདུན་པ་སུ་ཞིག་ཡིན་རུང་འཇིག་རྟེན་པའི་རྫུ་འཕྲུལ་དེ་ལྟ་བུ་ཉམས་སུ་བླངས་ན་དེ་ནི་ངོ་ཚ་དགོས་ཤིང་བརྙས་སྨོད་དང་ཁྲེལ་བ་སོགས་ཀྱི་གནས་སུ་གྱུར་པ་ཡིན། གང་ལགས་ཤེ་ན། དེ་ལྟ་བུའི་རྫུ་འཕྲུལ་གྱི་སྤྱོད་ཚུལ་དེ་ཡིས་འཕྲལ་དུ་རང་གི་སློབ་མའི་ཡིད་ལ་དགའ་མགུ་སྐྱེད་དེ་སེམས་ལ་འགྱུར་ལྡོག་ཅུང་ཙམ་རེ་གཏོང་ཐུབ་སྲིད་ཀྱང་། སྤྱོད་ལམ་དེས་སྡུག་བསྔལ་རྩད་ནས་བཅད་དེ་སངས་རྒྱས་ཀྱི་གོ་འཕང་ལ་འཁྲིད་ཐུབ་པ་ནི་དུས་ནམ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་གོང་གི་ནུས་པ་གསུམ་པ་དེ་ལ་རྫུ་འཕྲུལ་ཞེས་མིང་གིས་སྙད་ནའང་འགྲིག་ཅིང་། དེས་སྐྱེ་བོའི་ཤེས་རྒྱུད་ཀྱི་སྡུག་བསྔལ་མཐའ་དག་སྤོང་བར་བྱེད་ནུས་པས། དེ་ནི་ངེས་པར་ཉམས་སུ་ལེན་དགོས་ཤིང་ལེན་འོས་པའི་ནུས་པ་ཁྱད་པར་ཅན་དེ་ཡིན། དེ་ལྟར་ངེས་པར་ཉམས་སུ་ལེན་དགོས་པ་འབའ་ཞིག་པ་དག་ནི་འདི་ལྟར། ཁྱོད་ཀྱིས་མི་ཞིག་འདོད་ཆགས་དང་། ཧམ་སེམས། སེར་སྣ་སོགས་ཀྱིས་སེམས་ཡོངས་སུ་འཁྲུགས་པ་མཐོང་བ་ན། དེ་དུས་ཁྱེད་ཀྱིས་སློབ་སྟོན་གྱི་གདམས་པའི་སྒོ་ནས་མི་དེའི་སེམས་ཁོང་གི་ཉོན་མོངས་རྣམས་ཞི་བར་བྱེད་དགོས་པ་ཡིན། དེ་བཞིན་མི་ཞིག་ཞེ་སྡང་དང་། ཁོང་ཁྲོ་སོགས་ཀྱིས་སེམས་རྒྱུད་ཡོངས་སུ་མནན་པ་མཐོང་དུས། ཁྱེད་ཀྱིས་རང་གི་ནུས་པ་བཀོལ་སྤྱོད་བྱས་ཏེ་མི་དེའི་ཁོང་ཁྲོ་དང་། ཞེ་སྡང་སོགས་ལ་སྟངས་འཛིན་བྱེད་དགོས། གཞན་ཡང་ཁྱེད་ཀྱིས་མ་རིག་པས་ཡོངས་སུ་བསྒྲིབས་ཏེ་བདེན་པའི་གནས་ལུགས་(མཆན། འཇིག་རྟེན་གྱི་བྱ་དངོས་མཐའ་དག་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་དང་བདག་གིར་མེད་པ་)མ་མཐོང་བའི་སྐྱེ་བོ་དག་གི་གམ་དུ་བཅར་ནས། རང་གི་ནུས་པ་བེད་སྤྱད་དེ་གང་ཟག་དེའི་མ་རིག་པ་ཡོངས་སུ་སེལ་དགོས་པ་ཡིན། དེས་ན་བྱེད་ཐབས་འདི་དག་ནི་ཁྱེད་རྣམས་ཀྱིས་ཉམས་སུ་ལེན་འོས་ཤིང་བྱེད་ཀྱང་ཐུབ་པའི་རྫུ་འཕྲུལ་ཁྱད་དུ་འཕགས་པ་དེ་ཡིན་ནོ། །ཞེས་བཀའ་བསྩལ།
     སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀེ་ཝད་དྷ་ལ་ཇི་ལྟར་གསུངས་པ་ལྟར། རྫུ་འཕྲུལ་གྱི་རིགས་དང་པོ་གཉིས་ཁོ་ན་ལ་བརྟེན་ནས་གདུལ་བྱ་སངས་རྒྱས་ཀྱི་ལམ་ལ་འཁྲིད་མི་ནུས་པས། འདུལ་བའི་སྡེ་སྣོད་དུའང་གཞན་སེམས་མགུ་བར་བྱས་ཏེ་རང་ཕྱོགས་སུ་འཁྲིད་ཐབས་ཁོ་ནའི་ཆེད། དགེ་སློང་རྣམས་ཀྱིས་རྫུ་འཕྲུལ་སྟོན་རྒྱུ་སོགས་ལ་བཀག་སྡོམ་ནན་པོ་གནང་ཡོད། དེས་ན་བརྒྱུད་རིམ་འདིའི་སྐོར་དགྲ་བཅོམ་པ་པིན་དོ་ལའི(PINDOLA)བྱུང་བ་ལ་གཟིགས་ན་ཧ་ཅང་གི་གསལ་བར་འགྱུར་རོ། །
     དགྲ་བཅོམ་པ་པིན་དོ་ལ་ཞེས་པ་ནི་ལུས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་སྤྲུལ་སྒྱུར་བྱེད་རྒྱུར་ཧ་ཅང་གིས་སྙན་གྲགས་ཆེ་བ་ཞིག་ཡིན། ཐེངས་ཤིག་ཁོང་ལ་འབྱོར་ཕྱུག་ལྡན་པའི་ཁྱིམ་བདག་ཅིག་ཡོན་བདག་ཏུ་ཐོབ་ཆེད། དེ་ལ་རང་གི་ནུས་པ་གསལ་སྟོན་བྱེད་པར་ལུས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་མཛེས་ཤིང་ཡིད་དུ་འོང་བའི་ཕོར་པ་ཞིག་ཤིན་ཏུ་མཐོ་བའི་བར་སྣང་གི་མཐོངས་སུ་བཞག་སྟེ་ན་རེ། ཁྱེད་རྣམས་ཀྱི་ཁྲོད་ངའི་ཁ་གཏད་དུ་ལངས་ཏེ་ཕོར་པ་འདི་བར་སྣང་གི་མཐོངས་ནས་ལེན་ཐུབ་པའི་སྐྱེས་བུ་དམ་པ་རེ་ཡོད་ན་ངའི་ཕོར་པ་འདི་སོ་སོས་ཉར་ན་འགྲིག  ཅེས་བཤད། 
     དེ་ནས་དགྲ་བཅོམ་པ་པིན་དོ་ལ་རྫུ་འཕྲུལ་གྱིས་ནམ་མཁར་འཕུར་ཏེ་དཀའ་ཚེགས་ཅི་ཡང་མེད་པའི་སྒོ་ནས་ཕོར་པ་དེ་མར་བླངས། བྱེད་ཐབས་འདི་ནི་འབྱོར་ལྡན་གྱི་ཁྱིམ་བདག་དེ་ལ་དགྲ་བཅོམ་པ་ཁོང་འཇིག་རྟེན་འདིའི་ཐོག་གི་སྐྱེས་བུ་དམ་པ་ཞིག་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་ཕྱིར་བྱས་པ་ཞིག་ཡིན་ན་ཡང་། དོན་དངོས་སུ་འབྱོར་ལྡན་ཁྱིམ་བདག་དེས་པིན་དོ་ལ་ལ་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད། 
     གནས་ཚུལ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་མ་ཐག  ཁོང་གིས་དགྲ་བཅོམ་པ་པིན་དོ་ལ་ལ། ཁྱོད་ཀྱིས་ཕོར་བ་བསྣམས་ནས་ངའི་རྩར་ཤོག་ཅེས་ཡར་བོས་ཏེ། དགེ་འདུན་པའི་འདུ་ཚོགས་ཆེན་པོ་ཞིག་གི་ཁྲོད་ཕོར་པ་དེ་དུམ་བུ་ཚལ་པ་དུ་མར་བཅག་སྟེ་སྨྲས་པ། པིན་དོ་ལ། ཁྱོད་ཀྱི་རྫུ་འཕྲུལ་གྱི་ལྟད་མོ་དེ་ཡིས་ངའི་ཡིད་སེམས་ཕངས་ཤིང་ཡི་མུག་པ་བྱས། དེས་ན་དུས་ད་ནས་བཟུང་ཁྱོད་ཀྱིས་གཉིད་རྨོངས་ལས་མ་གྲོལ་བའི་སྐྱེ་བོ་དག་གི་ཡིད་མགུ་བ་ཁོ་ནའི་ཕྱིར། རྫུ་འཕྲུལ་གྱི་ནུས་པ་བཀོལ་སྤྱོད་བྱེད་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས། ཞེས་སོགས་བཀའ་བསྩལ་ཏོ། །