སངས་རྒྱས་ཀྱི་ས་ཆེན་པོ་

ཡོང་ཁུངས་Wikipedia

༄༅། །སངས་རྒྱས་ཀྱི་ས་ཆེན་པོ་ཞེས་གྲགས་པ་བཞུགས་སོ། ། སངས་རྒྱས་ཀྱི་སའི་མཚན་ཉིད་ལ་ཡོན་ཏན་གྱི་ཆོས་ཇི་ལྟར་གནས་པ་དང་། མཚན་ཉིད་དང་ཡོན་ཏན་དེ་དག་ཀྱང་ངེས་པའི་དོན་དུ་དེ་བཞིན་གཤེགས་པ་ཉིད་ཀྱི་དགོངས་པ་ལ་ཇི་ལྟར་གསུངས་པ་དེ་ལྟར་སྣང་ཞིང་ལྡན་པ་ཞིག་གམ། འོན་ཏེ་གདུལ་བྱ་རྣམས་ཀྱི་སྣང་བའི་དབང་དུ་བྱས་ཏེ་གསུངས་པ་ཞིག་གམ། ངེས་པའི་དོན་དུ་ཇི་ལྟར་བལྟ་ཞེས་རྟོག་པ་རྣམས་ལ། གང་ཟག་སོ་སོའི་འདོད་གཞུང་། གཞུང་གང་ལ་བརྟེན་པ་དང་བཅས་པ་མདོ་ཙམ་བཀོད་པ། དེ་ལ་མདོ་སྡེ་དང་། བསྟན་བཅོས་དང་། གསང་སྔགས་ཀྱི་ཚུལ་རྣམས་ལས་སངས་རྒྱས་པའི་ཆོས་སུ་གྱུར་པ་མདོར་བསྡུས་པ་དང་རྒྱས་པའི་སྒོ་ནས་གསུངས་པ་ནི། འདི་ལྟར་སྐུ་གསུང་ཐུགས་ཡེ་ཤེས་བཞི་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། གཞན་ཡང་སྟོབས་བཅུ་དང་། མ་འདྲེས་པ་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་གསུངས་པ་དང་། གཞན་ཡང་སངས་རྒྱས་ཀྱི་སྐུ་དང་ཞིང་དང་། སྐུའི་བཀོད་པ་ཕུན་སུམ་ཚོགས་པ་ཚུལ་སྣ་ཚོགས་སུ་བསྟན་པ་ནི། འདི་ལྟར་ཐུན་མོང་གི་མདོ་ཁ་ཅིག་ལས། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་འདིར་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལས། རབ་ཏུ་བྱུང་བའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། གཙོར་དགེ་སློང་གི་དགེ་འདུན་སྟོང་ཉིས་བརྒྱ་ལྔ་བཅུ་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་ཤིང་ཆོས་ཀྱི་འཁོར་ལོ་སྐོར་ཏེ་མཐར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །ཞེས་གྲགས་པ་དང་། གཞན་ཡང་མདོ་སྡེ་དང་གསང་སྔགས་ཁ་ཅིག་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་བརྙེས་པའི་གནས་ནི་འོག་མིན་ཡིན་ཏེ། འདི་སྐད་དུ་། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་བ་ཁྱོད་འཚང་རྒྱའོ། །ཞེས་གསུངས་པ་ལྟ་བུར་འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད། ལོངས་སྤྱོད་རྫོགས་པའི་སྐུ་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་ལྟ་བུའི་ཚུལ་དུ། གནས་དང་དུས་ངེས་པ་དག་ཏུ་ཚུལ་ངེས་པས་ཡོངས་སུ་དག་པའི་འཁོར་རྣམས་ལ། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་སྟོན་པར་མཛད་པ་ནི། སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་པའི་རྣམ་པར་སྨིན་པའི་སྐུ་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་དེའི་དབང་ལས་འཕྲུལ་པས། སྤྲུལ་པའི་སྐུ་འཛམ་བུ་གླིང་འདིར་སངས་རྒྱས་པར་བསྟན་པའོ། །ཞེས་གྲགས་པ་དང་། གཞན་ཡང་གསང་སྔགས་ཀྱི་ཚུལ་ཁ་ཅིག་ལས། སངས་རྒྱས་ནི་འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས་དཔའ་དེ་ཉིད་རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུར་བཞུགས་པ། འདུས་མ་བྱས་ཟག་པ་མེད་པའི་བདེ་བ་དང་ལྡན་པ། ལོངས་སྤྱོད་ཆེན་པོའི་བདེ་བ་དང་ལྡན་པ། ལྷ་མོའི་ཚོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ན་བཞུགས་ཤིང་། གཟུངས་མ་དང་གཉིས་སུ་མེད་པར་སྦྱོར་བའི་བདེ་བ་ཆེན་པོ་ལས་མི་གཡོ་བ། ཐུགས་རྗེ་ཆེན་པོས་མཉེས་གཤིན་པ། སེམས་ཅན་ཐམས་ཅད་བསྒྲལ་བ་ལ་བརྩོན་པར་མཛད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ། ཆོས་ཐམས་ཅད་དུ་རྣམ་པར་སྤྲུལ་པའི་མངའ་བདག །སངས་རྒྱས་ཐམས་ཅད་ཀྱི་བདག་པོར་གྲགས་ཞེས་བསྟན་པ་དང་། གཞན་ཡང་གསང་སྔགས་ཀྱི་ཚུལ་རྣམས་ལས། བདེ་བར་གཤེགས་པའི་དཀྱིལ་འཁོར་ནི། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་ཚུལ་དང་། ཞི་བ་དང་ཁྲོ་བོའི་ཚུལ་དང་། རིག་སྔགས་དང་གསང་སྔགས་ཀྱི་ཚུལ་ཅན། དཀྱིལ་འཁོར་ཆེན་པོ་དང་ཆུང་ངུའི་ཚུལ་དུ་བཞུགས་པ་ཇི་སྙེད་པར་གྲགས་པའི་གཞུང་འདི་དག་ལ་བརྟེན་ནས། ངེས་པའི་དོན་དུ་གཞུང་སོ་སོར་སྨྲ་བ་ནི་འདི་ལྟ་སྟེ། གང་ཟག་ཁ་ཅིག་ན་རེ་སངས་རྒྱས་པའི་ཆོས་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་དབང་དུ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་གྱི་ཡེ་ཤེས་དག་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་བསྡུས་པའི་གཟུགས་ཀྱི་སྐུ་དག་ཀྱང་མངའ་བ་མ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ཇི་ལྟ་བ་བཞིན་དུ། སེམས་ཅན་གྱི་སེམས་ཀྱང་དེ་དང་འདྲ་སྟེ། འོན་ཀྱང་ཤེས་ཤིང་རིག་པའི་མཚན་ཉིད་དུ་སྐྱེ་བ་ནི། གཟུང་འཛིན་དུ་སྣང་ཡང་རུང་། མི་སྣང་ཡང་རུང་སྟེ། བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་གྲུབ་པ་ཡིན་ལ། སྣང་བ་ནི་ཇི་ལྟར་སྣང་ཡང་འཁྲུལ་བ་ཡིན་ཏེ། དེ་བཞིན་དུ་ཡོད་པ་མ་ཡིན་པས་སེམས་ཅན་གྱི་དུས་ན་ཡང་རྣམ་པར་དག་པ་ཡིན་ཏེ། དེས་ན་རང་བྱུང་གི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། འདི་ལྟར་སྡོང་པོ་བཀོད་པའི་མདོ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བཞིན། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པ་ལྟ་བུར་སེམས་ཀྱང་ཤེས་རིག་གི་མཚན་ཉིད་འགྱུར་བ་མེད་པས། དེ་བཞིན་གཤེགས་པ་ཉིད་དང་འདྲ་སྟེ། འོན་ཀྱང་བྱེ་བྲག་ནི། སེམས་ཅན་གྱི་དུས་ན་འཁྲུལ་བའི་བག་ཆགས་ཀྱི་དབང་གིས་རྣམ་རྟོག་གི་ཤེས་པ་གཟུང་བ་དང་འཛིན་པར་སྣང་བ་སྐྱེའོ། །འོན་ཀྱང་དེ་བདེན་པ་མ་ཡིན་ནོ། །འཕགས་པའི་བདེན་པ་མཐོང་བ་རྣམས་ལ། རྣམ་པར་མི་རྟོག་པའི་མཚན་ཉིད་དུ་མཉམ་པར་བཞག་པའི་སྐབས་སུ་སྐྱེ་སྟེ། དེ་ཡང་རང་རིག་པ་ཉིད་བག་ཆགས་ཀྱི་སྟོབས་ལས་བྱུང་བ་རང་རིག་པའི་མཚན་ཉིད་དུ་མ་གྲུབ་བཞིན། ཤེས་རིག་གི་མཚན་ཉིད་དུ་སྐྱེ་བས། འདི་ཡང་འཁྲུལ་བའི་ཤེས་པའོ། །དེ་བཞིན་གཤེགས་པ་རྣམས་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་ཡོངས་སུ་ཟད་པས། ཤེས་རིག་གི་མཚན་ཉིད་དུ་སྐྱེ་བ་ཙམ་དང་ཡང་བྲལ་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དུ་གྱུར་པས། སེམས་ཅན་གྱི་སེམས་ཀྱི་རང་བཞིན་ལས་ཁྱད་པར་དུ་བྱུང་བ་ཐོབ་པ་ནི་འགའ་ཡང་མེད་ཀྱི། སེམས་ཀྱི་རང་བཞིན་ཇི་ལྟ་བ་ཡིན་པ་དེ་ལྟ་བ་ཉིད་དུ་གྱུར་བར་ཟད་དོ། །ཞེས་འདོད་དོ། །ཁ་ཅིག་ན་རེ། སངས་རྒྱས་ཀྱི་ས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། གཟུགས་ཀྱི་སྐུའི་བཀོད་པའི་ཁྱད་པར་དག་ནི་མི་མངའ་སྟེ། འདི་དག་ནི་གཟུང་འཛིན་གྱི་མཚན་མ་ཅན་ཡིན་པས། གལ་ཏེ་འདི་དག་མངའ་བར་ཁས་ལེན་ན། སངས་རྒྱས་ཀྱང་འཁྲུལ་བ་ཅན་ཉིད་དུ་ཁས་ལེན་པར་འདོད་དུ་ཟད་དོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ། སངས་རྒྱས་ཀྱི་ས་ནི་ཆོས་གསུམ་ཡིན་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །འདི་གསུམ་ཡང་ཆོས་དང་ཆོས་ཅན་གྱི་མཚན་ཉིད་དུ་དུས་གཅིག་ཏུ་གནས་ཏེ། སངས་རྒྱས་ལ་མཉམ་པར་མ་བཞག་པའི་ཐུགས་ནི་མི་མངའ་སྟེ། རྟག་ཏུ་མཉམ་པར་བཞག་བཞིན་དུ། དག་པ་འཇིག་རྟེན་པའི་ཡེ་ཤེས་འདི་ཡང་སྒྲིབ་པ་མེད་པར་འབྱུང་སྟེ། འདི་ནི་བདག་དང་གཞན་གྱི་དོན་ཡོངས་སུ་བྱེད་པའི་མཚན་ཉིད་ཡིན་པས་ཡོད་དགོས་སོ། །སྐུ་དང་བདེ་བ་ཉམས་སུ་མྱོང་བའི་ཚོར་བ་ལ་སོགས་པ་ནི་མི་མངའ་སྟེ། དེ་བཞིན་གཤེགས་པ་ལ་བསོད་ནམས་ཀྱིས་བསྒྲུབ་པའི་རྣམ་པར་སྨིན་པའི་སྐུ་དང་། ལོངས་སྤྱོད་ཀྱི་ཚོར་བ་མངའ་ན། སངས་རྒྱས་རྣམས་ལུས་དང་གནས་དང་ལོངས་སྤྱོད་ཅན་དུ་འགྱུར་བས་འདི་དག་ནི་མི་མངའོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ། སངས་རྒྱས་རྣམས་ལ་གཟུགས་ཀྱི་སྐུའི་བཀོད་པ་ནི་མི་མངའ་སྟེ། འོན་ཀྱང་ཉིད་རྫོགས་པར་ལོངས་སྤྱོད་པ་ཞེས་བྱ་བ། ཡེ་ཤེས་ཀྱི་བདེ་བ་ཆེན་པོ་ཟག་པ་མེད་པ་ཉམས་སུ་བསྟར་བ་ནི་ཡོད་དེ། དེ་ལྟར་ན་སངས་རྒྱས་རྣམས་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། འདུས་མ་བྱས་ཞི་བ་ཐུགས་སུ་ཆུད་པའི་བདེ་བ་དང་ལྡན་ཏེ། དེ་ལྟར་ཆོས་བཞི་དང་ལྡན་ནོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ། སངས་རྒྱས་རྣམས་ནི་རིགས་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་ཤིང་བསྒྲིབས་པའི་ཚོགས་མ་ལུས་པ་ཟད་པར་མཛད་པས། དེའི་དབང་གིས་ཡོངས་སུ་དག་པའི་ཞིང་ཁམས་སུ་དགེ་བའི་རྩ་བ་ཚད་མེད་པས་བསྒྲུབས་པའི་རྣམ་པར་སྨིན་པའི་སྐུ་བཟང་པོ་དཔེ་མེད་པ་མངོན་པར་གྲུབ་སྟེ། རྟག་ཏུ་སེམས་ཅན་ལ་ཕན་བཏགས་པའི་སྦྱོར་བ་ལས་བྱུང་ཞིང་། གདུལ་བྱ་ཐམས་ཅད་ལ་ཇི་ལྟར་འཚམས་པ་བཞིན་དུ་ཕན་འདོགས་པའི་བདག་ཉིད་ཀྱི་སྐུ་གྲུབ་པས། བསོད་ནམས་ཀྱི་སྐུ་ཞེས་བྱ་སྟེ། གཟུགས་ཀྱི་སྐུ་འདི་ལྟ་བུ་ཡང་སངས་རྒྱས་རྣམས་ལ་མངའ་བ་ཡིན་ལ། སྐུ་དེས་ཀྱང་ཏིང་ངེ་འཛིན་གྱི་ཡེ་ཤེས་བདག་ཉིད་ལ། དམིགས་པའི་བདེ་བ་ཆེན་པོ་ཉམས་སུ་བསྟར་བ་ཡིན་ཏེ། སྐུ་དེའི་ཉམས་སུ་བསྟར་བའི་བདེ་བ་དེ་ལ་སྐད་ཅིག་སྐད་ཅིག་མ་གཞན་གྱི་བར་སྐབས་མེད་དོ། །དེས་ན་སངས་རྒྱས་རྣམས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། བསོད་ནམས་ཀྱི་ཚོགས་ཚད་མེད་པ་ལས་བསྒྲུབས་པའི་གཟུགས་ཀྱི་སྐུ་དང་། འདུས་མ་བྱས་གཟིགས་པའི་ཐུགས་ཀྱི་བདེ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་དབང་ལས་གྱུར་པའི་སྐུ་ཡི་བདེ་བ་རྣམས་དང་ལྡན་ཏེ། བདེ་བའི་ཆོས་དྲུག་དང་ལྡན་ནོ། །ལྷ་མོའི་འཁོར་ལ་ལོངས་སྤྱོད་པའི་བདེ་བ་ནི། སྨད་པའི་གནས་ཡིན་པས་དེ་མི་མངའོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ། སངས་རྒྱས་རྣམས་ནི། ཉེས་པའི་སྐྱོན་ཐམས་ཅད་ནི་ས་བོན་དང་བཅས་ནས་ཡོངས་སུ་དག་པ་ཡིན་ལ། ལེགས་པའི་ཡོན་ཏན་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་གཏོགས་པ་ཐམས་ཅད་ཇི་ལྟར་ཚོགས་བསགས་པ་དེ་ལྟ་དེ་ལྟར་དོན་མེད་པར་འགའ་ཡང་མ་གྱུར་ཅིང་རྫོགས་ཤིང་མཐར་མ་ཕྱིན་པར་ཡང་འགའ་ཡང་མ་གྱུར་ཏེ། ཡོན་ཏན་ཐམས་ཅད་ཀྱི་འབྲས་བུའི་ངོ་བོར་བཞུགས་ལ། དེ་ལ་བར་ཆད་དང་གཞན་ འགྱུར་བ་ཡང་དུས་ཐམས་ཅད་དུ་མི་མངའ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་པའི་རྣམ་པར་སྨིན་པའི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་། ཞིང་བཀོད་པ་ཕུན་སུམ་ཚོགས་པ་ཡོངས་སུ་དག་པའི་ཞིང་ཁམས་ཁྱད་པར་ཅན་དག་ན། ལོངས་སྤྱོད་ཕུན་སུམ་ཚོགས་པ་མདོ་སྡེ་དག་ལས་གྲགས་པའི་སངས་རྒྱས་ཀྱི་ཞིང་བཀོད་པ་ཕུན་སུམ་ཚོགས་པ་ཐུན་མོང་དུ་གྲགས་པ་རྣམས་དང་། ཐུན་མོང་མ་ཡིན་པ་འདོད་པའི་ཡོན་ཏན་ལ་ཤིན་དུ་ལོངས་སྤྱོད་པའི་བདེ་བ་ཁྱད་པར་ཅན་དང་ལྡན་ཏེ། འདི་ལྟར་ཡེ་ཤེས་ཀྱི་ལྷ་མོའི་ཚོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ན་གཉིས་སུ་མེད་པར་སྦྱོར་བའི་རོལ་པའི་བདེ་བ་ཆེན་པོ་མཐར་ཐུག་པར་མི་འགྱུར་བ་དང་ཡང་ལྡན་ཞིང་། གཟུགས་དང་སྒྲ་ལ་སོགས་པའི་བདེ་བ་ཐམས་ཅད་ཀྱང་ཉམས་སུ་བསྟར་བས། ཕྱི་རོལ་གྱི་འདོད་པ་སྤྱད་པ་ལས་བྱུང་བའི་བདེ་བ་དང་། དགེ་བའི་རྩ་བའི་རྣམ་པར་སྨིན་པའི་སྐུ་གྲུབ་པས། རང་བཞིན་གྱི་སྐུའི་བདེ་བ་དང་། འདུས་མ་བྱས་པའི་ཆོས་ཉིད་ཞི་བ་གཟིགས་པས། ཐུགས་ཀྱི་བདེ་བ་དང་ཡང་ལྡན་ཏེ། དེས་ན་བདེ་བ་གསུམ་དང་བཞིས་ཀྱང་ཁྱད་པར་དུ་གྱུར་པའི་བདག་ཉིད་ཅན་ཡིན་ནོ། །ཞེས་ཀྱང་ཟེར་རོ། །དེ་དག་ནི་གཞུང་སོ་སོར་བཀོད་པ་ཙམ་སྨོས་པ་ཡིན་ནོ། ། ད་ནི་དེ་དག་གི་བརྒལ་བ་དང་ལན་རྣམས་བརྗོད་པར་བྱ་སྟེ། དེ་ལ་དང་པོར་སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡང་མི་འདོད་པའི་གཞུང་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་འདོད་པ་ལ་སོགས་པ་གཞུང་ལྷག་མ་འཛིན་པ་རྣམས་ཀྱིས་ཐུན་མོང་དུ་བརྒལ་བ། གལ་ཏེ་ཁྱོད་འདོད་པ་ལྟར་སངས་རྒྱས་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡང་མི་མངའ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་ལ་གདགས་སོ། །ཞེས་ཟེར་ན། ཉེས་པའི་སྐྱོན་མང་དུ་འབྱུང་སྟེ། མདོར་བསྡུ་ན་རྒྱལ་བའི་བཀའ་མཐའ་དག་དང་། སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་པའི་གཞུང་གི་ཚོགས་ཀུན་ལས། སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་དང་། ཐུགས་རྗེ་ཆེན་པོ་འབྱུང་བའི་ཚུལ་མཐའ་ཡས་པ་གསུངས་པས། དེ་ལྟ་ན་ཁྱེད་ཀྱིས་རྒྱལ་བའི་བཀའ་དང་། གཞུང་ཐམས་ཅད་ལ་མངོན་དུ་སྐུར་པ་བཏབ་པའི་ཕྱིར། ཁྱེད་དཀོན་མཆོག་གཉིས་པ་ཞིག་ཡིན་པར་ཁས་ལོངས་ཤིག །གཞན་ཡང་རིགས་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ལ་བརྟེན་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་པའི་འབད་པ་ཐམས་ཅད་ཆུད་གསན་ཏེ། འགྲོ་བའི་དོན་དུ་ཆེ་བའི་ཡོན་ཏན་འབྱུང་བའི་འབྲས་བུའི་ངོ་བོ་ཡང་མེད། དེའི་རྒྱུ་ཡང་མེད་རྐྱེན་ཡང་མེད། རྟེན་ཡང་མེད་པས་མཐའ་ཆད་པར་སྨྲ་བ་ཉིད་དུའང་འགྱུར་རོ། །གཞན་ཡང་མྱ་ངན་ལས་འདས་པ་མེ་ཤི་བ་ལྟ་བུར་སྨྲས་ཏེ། ཉན་ཐོས་ཞི་བ་ཕྱོགས་གཅིག་པ་དང་མཐུན་པར་གྱུར་ནས། ཐེག་པ་ཆེན་པོ་དོན་མེད་པར་འགྱུར་རོ། །དེ་ལྟར་ཉེས་པ་ཆེན་པོ་འདི་རྣམས་སྣང་བའི་ཕྱིར། ཁྱོད་ཀྱིས་གཞུང་འདི་ཐོང་ཞིག །དེ་ལ་སླར་སྨྲས་པ། ཁྱེད་ཀྱིས་བརྒལ་བའི་ཉེས་སྐྱོན་གསུམ་པོ་དེ་དག་ངའི་གྲུབ་མཐའ་འདི་ལ་མེད་དེ། དེ་ལ་དང་པོ་ཉིད་དུ་བཀའི་གཞུང་དང་འགལ་ལོ། །ཞེས་ཟེར་ཡང་། དེ་ལྟར་མ་ཡིན་ཏེ་ངེས་པའི་གཞུང་ཟབ་མོ་མཐའ་དག་ལས་གཞུང་འདི་ཉིད་གཙོར་བསྒྲུབས་ཏེ། འདི་ལྟར་རྡོ་རྗེ་གཅོད་པ་ལས། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །ཞེས་གསུངས་ཏེ། སངས་རྒྱས་ནི་ཆོས་ཉིད་ལ་བྱ་བར་གསུངས་ཀྱི་གཟུགས་དང་སྒྲའི་ཚུལ་གྱིས་སངས་རྒྱས་སུ་འཛིན་པ་ནི་སངས་རྒྱས་ཉིད་སྤོང་བར་བཤད་དོ། །དཀོན་མཆོག་བརྩེགས་པ་ལས་ཀྱང་། སངས་རྒྱས་གཟུགས་སུ་མི་བལྟ་མཚན་དང་ནི། །རིགས་དང་རྒྱུད་དུ་མི་བརྟག་སྒྲ་དང་ནི། །འཆད་པར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་མ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། །ཤེས་གསུངས་ཏེ། ཚུལ་འདིས་ཀྱང་ལུས་དང་ངག་དང་ཡིད་ཀྱིས་ཕྱེ་སྟེ། སངས་རྒྱས་སུ་མ་གཞག་གི ། ཆོས་ཉིད་གང་ཡིན་པ་སངས་རྒྱས་སུ་གཞག་གོ ། ཡེ་ཤེས་ནི་ཡིད་ཀྱིས་ཕྱེ་བ་ཡིན་ཏེ། མ་ན་ཞེས་བྱ་བ་སྐད་ཀྱི་བྱིངས་ལས། མངོན་པར་རྟོག་པ་དང་ཤེས་པའོ། །ཞེས་བཤད་དོ། །དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག ། འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ། རྟག་ཏུ་སྐྱེ་བ་མེད་པའི་ཆོས་ཉིད་དེ་བཞིན་གཤེགས་པ་ཡིན་པས། ཆོས་ཐམས་ཅད་ཀྱང་སྐྱེ་བ་མེད་པ་ཡིན་པས། དེས་ན་དེ་དང་འདྲའོ། །འོ་ན་འཇིག་རྟེན་པ་ལ་སྐྱེ་འགག་ཏུ་སྣང་བ་ཅི་ཞེ་ན། དེ་ནི་མེད་པའི་ཆོས་ལ་སྤྱོད་པ་སྟེ། སྨིག་རྒྱུའི་ཆུ་བོ་དང་འདྲའོ། །དེ་ལ་སོགས་པ་ལུང་ཟབ་མོ་རྣམས་ལས་ཀྱང་སངས་རྒྱས་ཀྱི་དངོས་པོ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་པར་གསུངས་སོ། །སྔོན་གྱི་མཁན་པོ་རྣམས་ཀྱི་མན་ངག་ལས་དེ་བཞིན་དུ་འབྱུང་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དག་པ་འཇིག་རྟེན་པ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་འཁྲུལ་བའི་ངོ་གང་ལ་སྣང་བ་ཙམ་ཡིན་ཏེ། དེ་ལྟར་མ་གྲུབ་པར་འབྱུང་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། དབུ་མའི་སེང་གེ་ལ་སོགས་པ་གཞུང་འདི་ལྟ་བུ་འཛིན་པའང་རིམ་གྱིས་བྱུང་སྟེ། དེ་བས་ན་གཞུང་འདི་ནི་ལམ་པོ་ཆེའི་སྲོལ་བཏོད་པ་ཉིད་དུ་འཇུག་པ་ཡིན་པས། འདི་སྐད་དུ་རྒྱལ་བའི་བཀའ་དང་། སྔོན་གྱི་མཁན་པོའི་གཞུང་ལ་སྐུར་བ་ཡིན་པའི་ཕྱིར་ཁྱོད་དཀོན་མཆོག་གཉིས་པ་ཡིན་པར་ཁས་ལེན་པ་ཡིན་ཞེས་མ་ཟེར་ཞིག །ཁོ་བོ་ཅག་ནི་བསྟན་པའི་སྙིང་པོ་ཉིད་ཀྱི་གཞུང་སྒྲུབ་པ་ཡིན་ནོ། །གཞན་ཡང་འདི་སྐད་དུ། །འགྲོ་བའི་དོན་དུ་འགྱུར་བའི་སྐུ་དང་ཡེ་ཤེས་ཀྱི་ཆེ་བ་དང་། ཐུགས་རྗེའི་འཕྲུལ་པ་དག་དེའི་བདག་ཉིད་ཀྱང་མེད། རྒྱུ་དང་རྐྱེན་ཡང་མེད། རྟེན་ཡང་མེད་པས། ཚོགས་བསགས་པ་ཆུད་ཟོས་ཏེ། མཐར་ཆད་པར་སྨྲ་བར་འགྱུར་རོ། །ཞེས་མ་ཟེར་ཅིག །དེ་ལ་ཉེས་པ་འདི་མེད་དེ། ཆད་པར་ལྟ་བ་ཞེས་བྱ་བ་ནི་ཐེང་གཅིག་ཡོད་ལ། དེ་ནས་དེའི་རྒྱུན་མེད་པར་འདོད་པ་ལ་བྱ་སྟེ། འདི་ལྟ་བུ་ནི་ཁོ་བོ་ཅག་མི་འདོད་དེ། དེ་ཡང་བདེན་པ་གཉིས་ཀྱི་ཚུལ་ལས་དོན་དམ་པའི་ཚུལ་ལ་ནི། ཚོགས་བསགས་པའམ། སྒྲིབ་པ་སྤངས་པའམ། སངས་རྒྱས་ཉིད་ཐོབ་པར་གྱུར་བའམ་སེམས་ཅན་སྒྲིབ་པ་དང་ལྡན་པ་ཞེས་བྱ་བ་གང་ཡང་དམིགས་སུ་མེད་དེ། བདག་ཉིད་ཐོབ་པ་མེད་ཅིང་གནས་པ་དང་གཞན་དུ་འགྱུར་བ་མེད་པ་ལ། ཆད་པ་དང་རྟག་པའི་ཐ་སྙད་ཇི་ལྟར་གཞག །ཀུན་རྫོབ་འཁྲུལ་བ་ལ་སྣང་བའི་ཚུལ་ལ་ནི། སེམས་ཅན་གྱི་དོན་མཛད་པའི་སྐུ་དང་ཡེ་ཤེས་ཀྱི་བྱེ་བྲག་ཡོན་ཏན་གྱི་ཆོས་རྒྱ་མཚོ་སྙེད་ཀྱི་བདག་ཉིད་ཀྱང་ཡོད། དེའི་རྒྱུ་ཡང་ཡོད། རྐྱེན་ཡང་ཡོད་ཀྱི། རྟེན་མི་དགོས་སོ། །དེ་ལ་ཡོན་ཏན་རྒྱ་མཚོ་འབྱུང་བའི་རྐྱེན་ནི་རྣམ་པ་གཉིས་ཏེ། དང་པོ་རིགས་དང་བཤེས་གཉེན་གྱི་སྟོབས་ཀྱི་སེམས་བསྐྱེད་པ་ནས་བཟུང་སྟེ། མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། དགེ་བའི་རྩ་བ་ཚད་མེད་པ་བསགས་ཤིང་ཡོངས་སུ་མ་ཆད་པའི་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། ཡོངས་སུ་མ་ཆད་པའི་སྨོན་ལམ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཤུགས་ལས། གདུལ་བྱའི་རྒྱུད་ལ་རང་དང་འཚམས་པའི་ཡོན་ཏན་སྣང་བར་འགྱུར་རོ། །གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་མ་ལུས་པར་ཡོངས་སུ་ཟད་པས་ཆོས་ཀྱི་དབྱིངས་མ་ལུས་པར་ཡོངས་སུ་དག་པར་གྱུར་པའི་དབང་ལས་ཀྱང་འབྱུང་སྟེ། རྫས་དང་ཞིང་དག་པའི་དབང་ལས་གཟུགས་བརྙན་འབྱུང་བ་ལྟ་བུའོ། །འདི་གཉིས་ནི་བདག་པོའི་རྐྱེན་ཡིན་ནོ། །གདུལ་བྱའི་རྒྱུད་ལ་འཁྲུལ་བ་མ་ཟད་པ་དང་དཀར་པོའི་བག་ཆགས་དང་ལྡན་པ་ནི། རྒྱུའི་རྐྱེན་ཡིན་ཏེ། འདི་ལྟར་ཡོན་ཏན་འབྱུང་བའི་རྒྱུ་ནི་འཁྲུལ་བའི་བག་ཆགས་ཡོད་པ་ཡིན་ལ། ཡོན་ཏན་དུ་སྣང་བའི་རྒྱུ་ནི་དཀར་པོའི་བག་ཆགས་ཡིན་ནོ། །རྟེན་ནི་འདི་ལ་དགོས་པ་མེད་དེ། དཔེར་ན་དྲང་སྲོང་དག་གིས་སྨོན་ལམ་འགྲུབ་པར་གྱུར་པ་ན། དུས་ཕྱིས་དགེ་བའམ་མི་དགེ་བ་གང་ཞིག་ཀྱང་རུང་སྟེ། འདི་ལྟ་བུ་ཞིག་ས་ཕྱོགས་འདིར་འབྱུང་བར་གྱུར་ཅིག །ཅེས་སྨོན་ལམ་གདབ་སྟེ། དྲང་སྲོང་ཤི་ནས་དུས་ཕྱིས་དགེ་ཤིས་ལ་སོགས་པ་འབྱུང་བར་གྱུར་པ་ན། རྟེན་ནུས་པ་ཅན་གྱི་དྲང་སྲོང་ཡང་མི་དགོས་ལ། ནུས་པ་བསྒོ་བར་བྱ་བའི་རྟེན་གཞན་ཡང་མེད་པར་ས་ཕྱོགས་དེར་ནུས་མཐུ་འབྱུང་བར་འགྱུར་རོ། །ཁ་ཅིག་ཏུ་ཡོན་ཏན་ཅན་གྱི་རྟེན་མེད་ཀྱང་། ཡོན་ཏན་གཞན་ལ་བསྒོས་པའི་རྟེན་གྱི་རྒྱུན་ལ་བརྟེན་ནས། དུས་གཞན་ན་འབྲས་བུ་འབྱུང་བར་འགྱུར་བ་ཡོད་དེ། དཔེར་ན་ནམ་མཁའ་ལྡིང་གི་སྔགས་གྲུབ་པས། ཆག་ཤིང་༼རྨུགས་སངས་ཤིང་པར་དུ་ཕྱག་ཤིང་ཞེས་བཅོས་འདུག །རྫོགས་ཆེན་ཤིང་པར་དུ་ཆག་ཤིང་ངོ་། །༽ལ་སྔགས་ཀྱིས་བཏབ་སྟེ་བཞག་ནས། སྔགས་མཁན་ཤི་ནས་ལོ་བརྒྱ་སྟོང་ལོན་པ་ན། དུག་གིས་ཟིན་པ་རྣམས་ལ་ཆག་ཤིང་དེས་བྱབས་ན། དུག་ནད་སོས་པར་འགྱུར་བ་ཡོད་དོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་སྒྲུབ་པའི་དུས་ན། ཐུགས་རྗེ་དང་སྨོན་ལམ་ཡོངས་སུ་བཏབ་པས། ཡོངས་སུ་སྒྲུབ་པར་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀུན་རྫོབ་ཀྱི་ཆོས་མ་ལུས་པ་ཟད་པར་གྱུར་ཀྱང་། གདུལ་བྱ་དུས་ལ་བབ་པའི་ཚེ་ཡོན་ཏན་གྱི་ཆོས་སྣང་བར་འགྱུར་བ་ན། ཡོན་ཏན་ཅན་གྱི་རྟེན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་པ་མེད་ཀྱང་གདུལ་བྱ་རྣམས་ཀྱི་ངོ་ག་ལ། རྒྱལ་བ་རྣམས་ཀྱི་སྐུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་ཚུལ་ཅན། རྣམ་པར་མི་རྟོག་པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་ཐུགས་རྗེ་དང་ལྡན་པ། དག་པ་དང་མ་དག་པའི་ཞིང་རྣམས་སུ་སྣང་བར་འགྱུར་ཏེ། འདི་ལྟ་བུ་ནི་ཡོན་ཏན་ཅན་གྱི་རྟེན་མེད་པར་སྣང་བ་ཞེས་བྱའོ། །གཞན་ཡང་གཞན་གྱི་རྟེན་ལ་བགོས་ནས་སྣང་བ་ནི། སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་སྣང་བ་དེ་ལ་བརྟེན་ནས། དེའི་དམ་ཚིག་དང་ཆོས་ལ་སོགས་པའི་ཕྱག་རྒྱ་རྣམས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་དུ་བཞག་ནས་སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་། དུས་ཕྱིས་ཕྱག་རྒྱ་དེས་སེམས་ཅན་གྱི་དོན་བྱེད་པ་སངས་རྒྱས་ཉིད་དང་འདྲ་བར་འགྱུར་ཏེ། འདི་སྐད་དུ། ཇི་ལྟར་སེམས་ཅན་འདུལ་གྱུར་པ། །དེ་ལྟར་དངོས་གྲུབ་སྣ་ཚོགས་བསྟན། །དེ་ལ་ཐབས་ནི་ཕྱག་རྒྱ་སྟེ། །ཇི་ལྟར་ཕྱག་རྒྱས་འགྲུབ་འགྱུར་བ། །དེ་ལྟར་བྱང་ཆུབ་སྤྱོད་ལ་སོགས། །ཐབས་ཀུན་ཆོ་གའི་རིམ་པ་ཡིས། །སངས་རྒྱས་སེམས་ཅན་དོན་མི་འགྲུབ། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་སྣང་བ་གྲུབ་པས། ཀུན་རྫོབ་ཀྱི་ཚུལ་བྱས་པ་དོན་མེད་པ་ཡང་མ་ཡིན་ལ། ཆད་པར་སྨྲ་བ་རྣམས་དང་མཐུན་པ་མ་ཡིན་ནོ། །གཞན་ཡང་ཚུལ་འདི་ཉིད་ཀྱིས་ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པ་ཡང་མ་ཡིན་ཏེ། བདག་གི་དོན་དུ་བག་ལ་ཉལ་ཐམས་ཅད་ཡོངས་སུ་ཟད་པར་གྱུར་པས། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དུ་གྱུར་པ་དང་། གཞན་གྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་བྱེད་པའི་རྐྱེན་ཉིད་དུ་འགྱུར་བ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས་ཀྱང་། གཞན་ལ་སྣང་བའི་རྐྱེན་དུ་འགྱུར་པས། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པས་སྤྱིར་ཁྱད་པར་མེད་པ་ནི་མ་ཡིན་ནོ། །ཉན་ཐོས་རྣམས་ཀྱིས་འདུས་མ་བྱས་ཅུང་ཟད་ཐོབ་པ་དང་། དེ་བཞིན་གཤེགས་པས་ཡོངས་སུ་དག་པར་ཐོབ་པའི་ཁྱད་པར་ཡོད་མོད་ཀྱི། འོན་ཀྱང་མྱ་ངན་ལས་འདས་པ་ཞེས་བྱ་བ། འདུས་མ་བྱས་པ་ཉིད་ལ་བྱ་བར་ནི་ཁྱད་པར་མེད་དེ། འདི་ལྟར་འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ ། ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ཁྱེད་ཀྱིས་སྐྱོན་བརྗོད་པ་དེ་དག་ཐམས་ཅད་ནི། ཁོ་བོ་ཅག་གི་གཞུང་ལ་མེད་ཀྱི་དེ་སྐད་མ་ཟེར་ཅིག །ད་ནི་ཁོ་བོ་ཅག་གིས་ཁྱེད་ཅག་གི་གཞུང་ལ་བརྒལ་བར་བྱ་ཡིས་རིགས་པར་ལན་ཐོབ་ཅིག དེ་ལ་དང་པོ་ཉིད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་འདོད་པ་ལ་དྲི་བར་བྱ་སྟེ། འདི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་བ་འདི། གདུལ་བྱ་རྣམས་ཀྱི་རྒྱུད་ལ་སངས་རྒྱས་རྣམས་ཡེ་ཤེས་ཆེན་པོ་དང་ལྡན་པར་སྣང་བ་ཙམ་མ་གཏོགས་པར། སངས་རྒྱས་ཉིད་ཀྱི་རྒྱུད་ཀྱི་དབང་ལ་ཤེས་པ་རང་རིག་པ་གཟུང་འཛིན་དུ་སྣང་བ་དང་བྲལ་བ། སྐད་ཅིག་མ་རྒྱུན་ཆགས་ཀྱིས་སྐྱེ་བའི་མཚན་ཉིད་ཅན་ཡོད་པར་འདོད་ན་ཡེ་ཤེས་རིགས་པས་གཞིག་ཏུ་མི་རུང་སྟེ་ཡོད་པར་འདོད་དམ། འོན་ཏེ་གཉེན་པོས་གཞིག་ཏུ་མི་རུང་སྟེ་ཡོད་པར་འདོད། འོན་ཏེ་དེ་དག་གང་ཡང་རུང་བས་གཞིག་ཏུ་རུང་བ་ཡིན་ཡང་། སངས་རྒྱས་རྣམས་ཆོས་ལ་མངའ་བརྙེས་པ་ཡིན་པས་དགོས་པ་ཞིག་ཡོད་པའི་ཕྱིར་འདི་ཙམ་མ་སྤང་བར་བཞག །འོན་ཏེ་དེ་དག་མ་ཡིན་པར་འདི་ཙམ་མངའ་བར་རིགས་པས་གྲུབ་ཅེས་བརྟག་གྲང་ན། དེ་ལ་རེ་ཞིག་དང་པོར་བློས་གཞིག་ཏུ་མི་རུང་བ་ནི་མེད་དེ། རྣལ་འབྱོར་སྤྱོད་པའི་འདོད་པ་ནི་དབུ་མ་པས་སུན་ཕྱུང་ཟིན་པ་ཡིན་ལ། རང་གི་གཞུང་ལ་ནི་ཀུན་རྫོབ་ཙམ་ལ་བློས་གཞིག་ཏུ་མི་རུང་བ་མི་སྲིད་དོ། །གཉེན་པོ་གཞིག་ཏུ་མི་རུང་བའང་མེད་དེ། འདི་སྐད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་སྒྲིབ་པ་སྤོང་བའི་གཉེན་པོ་ཡིན་པས་དེ་ཉིད་སྤང་བ་ལ་གཉེན་པོ་མེད་དོ་བྱ་ཡང་མི་རུང་སྟེ། མི་རྟོག་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་སྣང་བ་ལོག་པ་ལ་བྱ་བར་འདོད་ལ། དེ་ཡང་གཟུང་བ་དང་འཛིན་པའི་རྟོག་པ་མངོན་དུ་རྒྱུ་བ་ལོག་པ་ལ་ནི་བདེན་པ་མཐོང་ཞེས་འདོད་ལ། བག་ལ་ཉལ་མ་ལུས་པར་ཟད་པ་ལ་ནི་དེ་བཞིན་གཤེགས་ཉིད་ཅེས་འདོད་དེ། དེ་བས་ན་སྣང་བ་མངོན་དུ་རྒྱུ་དང་བག་ལ་ཉལ་རིམ་གྱིས་ལྡོག་པའི་ཤེས་པ་ཉིད་མི་མཐུན་པ་དང་གཉེན་པོར་སྦྱར་བར་ཟད་ཀྱི། རྟག་ཏུ་གཉེན་པོའི་ཆོས་འདི་འཛིན་པའི་ཤེས་པ་གང་ཡང་མེད་དོ། །དེ་བས་ན་བག་ལ་ཉལ་མ་ལུས་པ་ཟད་ན། རང་རིག་པར་ཤེས་པ་སྐྱེ་བའི་རྒྱུ་མེད་པས། དེས་ན་རྒྱུ་མེད་ན་འབྲས་བུ་མི་སྐྱེ་བའི་ཚུལ་དེ་ཉིད་ལ་གཉེན་པོས་བསལ་ཞེས་འདོགས་པར་ཟད་དོ། །གཞན་ཡང་འདི་སྐད་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རྒྱུ་ནི་དགེ་བའི་རྩ་བ་ཚད་མེད་པ་བསགས་པ། བདག་པོ་ནི་དྲན་པ། ཡུལ་ནི་ཆོས་ཀྱི་དབྱིངས་མ་ནོར་པ་ལ་དམིགས་པ་ལས་སྐྱེའོ་ཞེས་བཤད་པ་གང་ཡིན་པ་དེ་ནི། འཁྲུལ་བའི་བག་ལ་ཉལ་མ་ཟད་ཀྱི་བར་དུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྒྱུ་ལས་མཉམ་པར་གཞག་པའི་གནས་སྐབས་ན་གཟུང་བ་དང་འཛིན་པའི་མངོན་དུ་རྒྱུ་ནུབ་པའི་གནས་སྐབས་ཙམ་ལ་བཤད་པ་སྟེ། །སངས་རྒྱས་ཀྱི་ས་ལ་འདི་ལྟར་བཤད་ན། དོན་མེད་པ་ཉིད་འགྱུར་རོ། །དེའི་ཕྱིར་འདི་ལ་རིགས་པའམ་གཉེན་པོས་གཞིག་ཏུ་མི་རུང་བ་མེད་དོ། །གལ་ཏེ་དགོས་པ་ཞིག་ཡོད་པའི་ཕྱིར་ཆོས་ལ་དབང་སྒྱུར་བའི་རྒྱལ་བ་རྣམས་ཀྱིས་གཞིག་ཏུ་རུང་ཡང་། འདི་སྒྱུ་མ་ཙམ་དུ་ཟད་པར་མ་མཛད་དོ་ཞེ་ན། འདི་ཟད་པར་མ་མཛད་པ་ལ་དགོས་པ་ཅི་ཞིག་ཡོད། བདག་གི་དོན་ལ་ནི་ཟག་པ་མེད་པའི་ཆོས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བདེ་བ་ཆེན་པོ་ཡིན་ཏེ། སྡུག་བསྔལ་གྱི་སྣང་བ་ལས་འདས་སོ། །ཞི་བ་ཡིན་ཏེ་མཚན་མ་མེད་པས་སོ། །རྟག་པ་ཡིན་ཏེ་འདུས་བྱས་ཀྱི་ཆོས་རབ་ཏུ་ནུབ་པས་སོ། །དེ་བས་ན་འདི་ཙམ་ལ་བདག་གི་དོན་ཞེས་བྱ་སྟེ། བདེ་བའི་ཚོར་བའམ། ཞི་བའི་རྣམ་པའམ། རྟག་པའི་བདག་ཉིད་ཡོད་པ་ནི་མ་ཡིན་ནོ། །གཞན་གྱི་དོན་དུ་ནི་རྒྱུ་འདི་ལ་མ་བརྟེན་ཡང་སེམས་ཅན་ཐམས་ཅད་ཀྱི་སྐལ་པ་དང་མོས་པ་ཇི་ལྟར་འཚམས་པ་བཞིན་དུ་ཡོན་ཏན་གྱི་ཆོས་བཀག་པ་མེད་པར་འབྱུང་བས་འདི་ལ་དོན་ཡོད་པ་མ་ཡིན་ནོ། །གཞན་ཡང་འདི་སྐད་དུ་འདི་ནི་རིག་པའམ་གཉེན་པོས་གཞིག་ཏུ་མི་རུང་བའང་མེད་དེ། རྒྱལ་བ་རྣམས་ཀྱིས་འདི་ཙམ་དགོས་པའི་ཕྱིར་ཆོས་ལ་དབང་བསྒྱུར་ཏེ་བཞག་པའང་མ་ཡིན་མོད་ཀྱི་ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་ཡོད་པར་རིགས་པས་གྲུབ་པ། འདི་ཙམ་ཡོད་པར་ཁས་བླང་དགོས་སོ་ཞེ་ན། འདི་ལ་རིགས་པ་དེ་ལྟར་མེད་དེ་གལ་ཏེ་འདི་མངོན་སུམ་གྱིས་གྲུབ་བོ་ཞེ་ན་ནི། འདི་ཤེས་པ་གང་གི་མངོན་དུ་བྱས། རྗེས་སུ་དཔགས་པས་གྲུབ་བོ་ཞེ་ན་ནི། འདི་ལ་རྟགས་ངེས་པ་གང་ཞིག་ཡོད། འདི་སྐད་དུ་མི་རྟོག་པའི་ཡེ་ཤེས་རང་གིས་མངོན་དུ་བྱས་སོ་ཞེ་ན་ནི། དེ་ལྟ་ན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སུའང་མི་འགྱུར་ལ། སངས་རྒྱས་ཀྱི་སྤྱོད་ཡུལ་གང་ཟག་ཏུ་ཁས་ལེན་པར་ཡང་འགྱུར་རོ། །གལ་ཏེ་དག་པ་འཇིག་རྟེན་པས་མངོན་དུ་བྱས་སོ་ཞེ་ན་ནི། མི་ནུས་པ་དང་ཁྱོད་ཉིད་དག་པ་འཇིག་རྟེན་པ་འདོད་པ་མ་ཡིན་ནོ། །དེས་ན་མངོན་སུམ་གྱིས་མ་གྲུབ་བོ། །རྗེས་སུ་དཔག་པས་ཀྱང་མི་འགྲུབ་སྟེ། ཡོན་ཏན་དམིགས་པས་ཡོན་ཏན་ཅན་རྗེས་སུ་དཔག་གོ་ཞེས་ཟེར་ན། ཡོན་ཏན་མི་རྟོག་པའི་ཡེ་ཤེས་ལ་མ་ལྟོས་ཀྱང་འབྱུང་དུ་རུང་བར་གོང་དུ་བསྟན་པས་རྗེས་སུ་དཔག་པས་མ་གྲུབ་བོ། །ཡོད་ན་སྐྱོན་དུ་འགྱུར་བ་ནི་གྲུབ་སྟེ། འདི་ལྟར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ་ཆོས་ཀྱི་དབྱིངས་དང་མཐུན་པར་སྐྱེས་པ་ལ་བྱའོ་ཞེས་འདོད་པ་མ་ཡིན་ནམ། རང་རིག་པ་སྐད་ཅིག་མའི་མཚན་ཉིད་ཙམ་དུ་སྐྱེ་ན་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་རང་རིག་པ་དང་མཐུན་པར་སྐད་ཅིག་མར་སྐྱེ་བ་ཡིན་པར་འགྱུར་རམ། དེ་ལྟ་མ་ཡིན་ན་དེ་ལྟ་བུའི་མཚན་ཉིད་དུ་སྐྱེས་པས་ཇི་ལྟར་མཐུན་པར་སྐྱེ་ཞེས་བརྗོད། དེས་ན་མཐུན་པར་སྐྱེས་པ་ཡང་མི་འགྲུབ་བོ། །གཞན་ཡང་གོང་དུ་བསྟན་པ་ལྟར་ཤེས་པ་ཐམས་ཅད་རང་རིག་པར་ཤེས་པའང་སྤྲོས་པའི་བག་ཆགས་ཀྱི་དབང་མ་ཡིན་ནམ། གང་གི་ཕྱིར་རིག་པ་ཙམ་ཉིད་ཀྱང་སྤྲོས་པ་ཡིན་པ་དེ་ཡི་ཕྱིར་སྤྲོས་པ་ཉེ་བར་ཞི་བ་ལ་ནི་རིག་པ་ཙམ་ཡང་ཁས་བླང་བར་མི་རུང་ངོ་། །ཆོས་ཀྱི་དབྱིངས་དང་མཐུན་པར་སྐྱེས་ཤེས་བརྗོད་པའང་། རིག་པའི་ཆོས་རྒྱུད་ལ་སྐྱེས་པ་ནི་མ་ཡིན་གྱི། དེ་ལྟ་བུར་གྱུར་པ་ལ་སྐྱེས་ཞེས་བརྗོད་དོ། །དེ་ལྟར་ན་གཞིག་ཏུ་མི་རུང་བ་མེད་པ་དང་། ཆེད་དུ་གཞག་པའི་དགོས་པ་མེད་པ་དང་། རེ་ཞིག་སྒྱུ་མ་ཙམ་དུ་སྒྲུབ་པའི་རིགས་པའང་མེད་པ་དང་། དགག་པའི་རིག་པའང་ཡོད་པས། འདི་སྐད་དུ། སངས་རྒྱས་རྣམས་ཀྱི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངའོ་ཞེས་མ་ཟེར་ཅིག །འདི་ནི་མདོ་ལས་ཀྱང་གསུངས་པ་ཡིན་ཏེ། འདི་སྐད་དུ། དེ་བཞིན་གཤེགས་པའི་དགེ་ཆོས་ཟག་མེད་ནི། །ཆོས་ཀྱི་སྐུ་མཆོག་ཡིན་ཏེ་དེ་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་མེད་དེ། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་མཚན་ཉིད་ཡོད་པ་མ་ཡིན་མོད་ཀྱི། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དག་ནི། གཟུགས་བརྙན་ཀུན་ཏུ་སྣང་བའོ། །ཞེས་གསུངས་ལ་གཟུགས་བརྙན་ནི་དབང་ལས་སྣང་བའོ། །སྤྲོས་པ་དང་བྲལ་བའི་དོན་དེ་ཉིད་གསང་སྔགས་ཀྱི་ངོ་བོར་ཡང་གསུངས་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱང་བསྟན། ཆོ་ག་སྣ་ཚོགས་སུ་བྱིན་གྱིས་བརླབས་ཞེས་ཀྱང་བསྟན་ཏེ། དེ་ཉིད་འདུས་པའི་རྒྱུད་ཆེན་པོ་ལས་གསང་སྔགས་ཀྱི་ཐབས་ཀྱི་ཆོ་གའི་སྐབས་སུ་བཤད་པ། བདེན་ལས་འཇིག་རྟེན་འདི་ཉམས་པས། །སྔགས་ཀྱི་དངོས་གྲུབ་ཐོབ་མི་འགྱུར། །སྤྲོས་པ་མེད་པའི་ཐབས་ཀྱིས་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་གསུངས་ཏེ། གསང་སྔགས་ཀྱི་དངོས་པོ་ནི་སྤྲོས་པ་མེད་པ་ཡིན་ལ། དེའི་ཐབས་ཀྱི་ཆོ་ག་ནི་སྐྱེད་པའི་ཆོས་རྣམས་ཡིན་ནོ། །གསང་སྔགས་ཞེས་བྱ་བ་སྤྲོས་པ་མེད་པའི་དོན་དེ་ཉིད་དེ་བསྐྱེད་པའི་ཐབས་ཀྱི་ཆོ་ག་ཐམས་ཅད་དུ་བྱིན་གྱིས་བརླབས་པར་ཡང་བསྟན་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། གསང་བ་པའི་བདག་པོ། སྔགས་ཀྱི་མཚན་ཉིད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་མཛད། བྱེད་དུ་མ་བཅུག །རྗེས་སུ་ཡི་རངས་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་ཆོས་ཉིད་དོ། །ཞེས་བྱ་བ་ནས། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ཆོས་ཉིད་དེ། ཚུལ་སྣ་ཚོགས་དང་དགོས་པ་སྣ་ཚོགས་ཀྱིས། སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ། ཚིག་སྣ་ཚོགས་དང་། ཡིག་འབྲུ་སྣ་ཚོགས་དང་། ཡུལ་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ། །ཞེས་ཇི་སྐད་གསུངས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ལ་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ། རིག་པ་དང་རྟོག་པའི་མཚན་ཉིད་ཅན་ཡོད་པར་སྒྲུབ་པ་འདི་ལ་རིགས་པ་འགའ་ཡང་མ་མཐོང་ངོ་། །དེ་ལ་སླར་དྲིས་པ། ཡོན་ཏན་གྱི་རྟེན་ཡེ་ཤེས་མི་མངའ་ན། འགྲོ་བའི་དོན་དུ་ཡོན་ཏན་སྣང་བའི་རྒྱུ་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བསྐྱེད་པའི་སྨོན་ལམ་དང་། སྙིང་རྗེ་ཡིན་པ་དེ་ལྟ་ན་དེ་བཞིན་གཤེགས་པའི་ཡོན་ཏན་དུ་མི་འགྱུར་གྱི། འདི་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་དུ་འགྱུར་རོ་ཞེ་ན། སྐྱོན་འདི་ནི་ཁྱེད་ཉིད་ལ་ཡང་མཚུངས་པ་སྟེ། འདི་སྐད་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཡིད་བཞིན་གྱི་ནོར་བུ་ཆེན་པོ་བཞིན་དུ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་འབྱུང་ངོ་། །ཞེས་འདོད་དེ། སངས་རྒྱས་ནས་ཀྱང་འགྲོ་བ་པའི་དོན་བརྩལ་དགོས་སོ། །ཞེས་ནི་མི་འདོད་དོ། །འདི་སྐད་དུ་སློབ་པ་དང་མི་སློབ་པའི་འབྲས་བུའི་ངོ་བོ་ཉིད་ནི་སངས་རྒྱས་ཏེ། ཞེས་གསུངས་པས། འདི་ལ་ཡེ་ཤེས་ཙམ་ཡོད་པས་སྔོན་གྱི་ཐུགས་རྗེ་དང་སྨོན་ལམ་གཞན་གྱི་དོན་གྱི་རྒྱུར་མི་འགྱུར་བ་ལ་ཕན་པ་མེད་དོ། །ཡང་དྲིས་པ། བྱང་ཆུབ་སེམས་དཔའི་ས་ལ་སྒྲིབ་པ་རིམ་གྱིས་སྤོང་བའི་ཚེ་ཡེ་ཤེས་རིམ་གྱིས་འཕེལ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་དུས་གཅིག་ཏུ་རྒྱུན་ཆད་པར་ཇི་ལྟར་རུང་། སྨྲས་པ། ས་དང་པོ་ཐོབ་ནས་སྣང་བ་རིམ་གྱིས་ལོག་སྟེ། ས་ལྔ་པ་ལ་བདག་དང་གཞན་གྱི་རྒྱུད་དུ་སྣང་བ་ལོག་ནས། དྲུག་པ་ལ་མཚན་མ་མེད་པ་ལ་ངང་གིས་འཇུག་པས་རིམ་གྱིས་སྣང་བ་ལོག་པར་བཤད་པ་མ་ཡིན་ནམ། སྣང་བ་ཇི་ལྟར་ལོག་པ་ལྟར་སྣང་བའི་གཞི་ཤེས་པའང་ལོག་པ་མ་ཡིན་ནམ། དེ་ལྟར་ན་སྣང་བ་མ་ལུས་པར་ལོག་པ་ལ། དེའི་གཞི་པོའི་ཤེས་པ་ཅི་ཞིག་ལུས། དེས་ན་ཡེ་ཤེས་སྐྱེས་ཞེས་ཟེར་བ་ནི། མཚན་མ་ཆེས་ཞི་བར་གྱུར་པ་ལ་བྱ་བར་ཟད་དེ། དེ་བས་ན་འདི་ལ་སྐྱོན་ཡོད་པ་མ་སྨྲ་ཞིག །དེ་ནས་ཡང་དག་པ་འཇིག་རྟེན་པའི་ཡེ་ཤེས་འདོད་པས་མི་འདོད་པ་དེ་གཉིས་ལ་བརྒལ་བ། བདག་དང་གཞན་གྱི་དོན་དུ་ཆེ་བའི་ཡོན་ཏན་གྱི་ཚོགས་གྲུབ་པ་ལ། དག་པ་འཇིག་རྟེན་པའི་ཡེ་ཤེས་འདི་དགོས་པ་མེད་པ་ཁྱེད་སྨྲ་བ་བདེན་དུ་ཆུག་ཀྱང་། རྣམ་པར་མི་རྟོག་པ་ཇི་ལྟར་ཐོབ་པ་ལྟར་མངོན་པར་ཤེས་པ་དང་སྟོབས་རྣམས་འཕེལ་བར་བཤད་པ་དེ་ཁྱེད་ཉིད་ཀྱང་འདོད་པ་མ་ཡིན་ནམ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་ལ་ཡེ་ཤེས་འཕེལ་བར་གྱུར་པ་དེ། སངས་རྒྱས་ཀྱི་ས་ལ་རྒྱུན་ཆད་པ་འདི་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་། སངས་རྒྱས་རྣམས་ཀྱིས་འགྲོ་བའི་རྒྱུད་མཁྱེན་པའི་ཡེ་ཤེས་མེད་ན། ཕྱོགས་གཅིག་ལ་རྨོངས་པར་ཡང་འགྱུར་རོ་ཞེ་ན། སླར་སྨྲས་པ། འདི་ལ་རིགས་པ་ཡོད་དེ། དཔེར་ན་གང་ཟག་གང་ཞིག་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་ནས། བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཐོབ་ཀྱི་བར་དུ། ཏིང་ངེ་འཛིན་དེ་ལ་བརྟེན་ནས་མངོན་པར་ཤེས་པ་འཕེལ་བར་འགྱུར་གྱི། དེ་བས་ཆེས་ཞི་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་ནས་སྣ་ཚོགས་ཀྱི་འདུ་ཤེས་མི་འབྱུང་བ་དང་འདྲ་བར། ས་དང་པོ་ནས་བཅུ་པའི་བར་དུ་ཏིང་ངེ་འཛིན་ཞི་བར་གྱུར་ཅིང་མངོན་པར་ཤེས་པ་དང་སྟོབས་འཕེལ་བ་རིགས་ཀྱི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གནས་འགྱུར་ནས། མཚན་མ་ལ་དམིགས་པའི་ཤེས་པ་སྐྱེ་བར་མི་རིགས་སོ། །ཕྱོགས་གཅིག་ལ་རྨོངས་པའང་མ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་རྣམ་པར་དག་པར་གྱུར་པ་ཉིད། མ་ལུས་པར་མཁྱེན་པ་ཉིད་ཡིན་ནོ། །ཡང་བརྒལ་བ། སངས་རྒྱས་ཀྱི་ས་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་ཏེ་སོ་སོའི་སྐྱེ་བོའི་རིགས་པས་གནོད་པ་འདྲ་བ་སྣང་ཡང་། ངེས་པར་ཚད་མས་གཞལ་བར་བྱ་བ་མ་ཡིན་པས་ཡེ་ཤེས་འདི་ཁྱེད་ཀྱིས་སྤང་དུ་མི་རུང་ངོ་ཞེ་ན། དེ་ནི་ཁོ་བོ་ཅག་ཀྱང་འདོད་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། འདི་དག་སྤོང་བའི་གཟུ་བོ་མི་བྱེད་ཀྱིས། ཁྱེད་ཅག་རྣམས་ཀྱང་གོང་དུ་བཤད་པ་རྣམས་ལ་སྐུར་བར་མ་བྱེད་ཅིག །རིགས་པས་རྣམ་པར་བཞག་ན། ཆེས་ཆེ་བ་ཉིད་དུ་གྱུར་པ་འདི་ལ། ང་རྒྱལ་གྱིས་བརྩད་པས་དོན་རྙེད་པར་མ་མཐོང་ངོ་། །དེ་བས་ན་འདི་ལྟར་རྟོགས་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་འདི་དག་ལ། རིགས་པ་ཆེ་ཆུང་ཡོད་ཀྱང་ཆོས་ཐམས་ཅད་ཀྱི་གཞུང་ལས་སྤྱིར་གྲགས་པ་འདི་རྣམས་སྐྱེ་བོའི་ཚོགས་ཀྱི་ནང་དུ་ཇི་སྐད་བཤད་པའི་སྤྱི་སྐད་དུ་བཤད་པར་བྱའོ། །རང་གི་གྲུབ་པའི་མཐའ་ལ་རིགས་པ་གང་ཆེ་བ་ལྟར་གཟུང་བར་རིགས་སོ། །འོན་ཀྱང་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་པས། ཡེ་ཤེས་རྣམ་པ་གཉིས་པོ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བར་འདོད་པའི་གཞུང་འདི་ལ་ངེས་པར་སྐུར་བ་ཡང་མི་བྱ་སྟེ། སྔོན་གྱི་སློབ་དཔོན་སངས་རྒྱས་གསང་བ་དང་། ཉི་མའི་འོད་འཕྲོ་བ་ལ་སོགས་པས་ཀྱང་། འདི་ལྟ་བུ་དག་ལ་རྣམ་པར་དབྱེ་བ་ཡང་མཛད་ནས། ཡོང་འདི་ལྟ་བུ་ནི་བདག་ཅག་ལྟ་བུའི་སྤྱོད་ཡུལ་མ་ཡིན་པས། འདི་དག་ནི་གཞག་པར་བྱའོ། །ཞེས་གསུངས་པ་བཞིན་དུ་གང་ཟག་གཞན་གྱིས་ཀྱང་རང་གི་བློ་ལ་ཇི་ལྟར་རིག་པ་ཙམ་གཞག་པར་བྱའོ། །ངེས་པར་ཁས་བླང་བར་མི་བྱའོ། །ཤིན་ཏུ་འགལ་བ་ཆེ་བ་རྣམས་ནི་སུན་དབྱུང་བར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་ཀྱི་རྒྱུད་ཀྱིས་བཟུང་ཞིང་། གནས་སུ་བྱིན་གྱིས་བརླབས། གཟུགས་ཀྱི་སྐུ་མངའོ། །ཞེས་འདོད་པ་དང་། སྐུ་དེ་ལ་ཡང་ཚོར་བ་བདེ་བ་མངའ་འོ། །ཞེས་འདོད་པ་དང་། སྐུ་དེའང་སྐྱེས་པའི་གཟུགས་ཅན་ནོ། །ཞེས་འདོད་པ་དང་། གཞན་ཡང་བུད་མེད་ལ་ལོངས་མི་སྤྱོད་དོ། །ཞེས་འདོད་པ་དང་། བུད་མེད་ལ་ལོངས་སྤྱོད་དེ་འདི་ལྟར་རྟག་ཏུ་བདེ་བ་མི་འགྱུར་བ་དང་ལྡན་ཏེ། དེའི་ཁུངས་ཀྱང་རྒྱུད་དང་མན་ངག་རྣམས་ལ་བརྟེན་ནས། ཆོས་ཉིད་ཀྱི་རོ་མྱོང་བ་ལ་བརྟེན་ནས་ཐུགས་ཀྱི་བདེ་བ་དང་། སྐུའི་བདེ་བ་གཉིས་དང་ལྡན་པ་དང་། ལྷ་མོ་ལ་སོགས་པ་ཡུལ་གྱི་བདེ་བ་ལ་བརྟེན་ནས་རོལ་པའི་བདེ་བ་དང་། ཕྱི་རོལ་གྱི་བདེ་བ་གཉིས་དང་ལྡན་ཏེ། འདི་ལྟ་བུ་ལ་སོགས་པ་བདེ་བའི་རྒྱ་མཚོ་མི་འགྱུར་བ་མངའ་བ་དང་། དེ་ལ་ཡང་འདོད་ཆགས་ལ་སོགས་པའི་ཟག་པ་མི་མངའ་བ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་ཡན་ལག་དྲུག་ལ་སོགས་པའི་ཆོས་འདི་དག་འདོད་པ་ནི་གདུལ་བྱ་ལ་སྣང་བ་མ་གཏོགས་པར་སངས་རྒྱས་ཉིད་ཀྱི་རྒྱུད་ལ་ངེས་པར་མངའ་བར་འདོད་ན། གདོན་མི་ཟ་བར་སུན་དབྱུང་བར་བྱ་སྟེ། དེ་ལ་གཏན་ཚིགས་འདི་དག་བརྗོད་པར་བྱ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་ལུས་ལེན་པ་ནི་བདག་ཏུ་ལྟ་བ་དང་བཅས་པའི་སྲེད་པས་འགྲུབ་པ་ཡིན་ཏེ། འདི་ནི་ཁྱེད་ཅག་ཀྱང་འདོད་པ་མ་ཡིན་ནམ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་གྱི་ལུས་འགྲུབ་པའི་རྒྱུ་ནི། བདག་ཏུ་ལྟ་བའི་བག་ལ་ཉལ་ལ་བརྟེན་ནས་གནས་ཀྱི་སའི་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་པར་ཁྱེད་ཉིད་ཀྱང་འདོད་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་རྣམས་ནི་བདག་ཏུ་ལྟ་བའི་བག་ཆགས་ཐམས་ཅད་མ་ལུས་པ་ཟད་པས། གནས་ཀྱི་སའི་མ་རིག་པའང་མི་མངའ་ན་གནས་སུ་འཛིན་པ་མི་མངའ་བ་བཞིན་དུ་ཤེས་པ་གང་གིས་ལུས་ལེན་པར་འགྱུར། འདི་སྐད་དུ། བདག་ཏུ་ལྟ་བ་སྤངས་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །ཞེས་གསུངས་པ་འདི་ལྟ་བུ་ཡང་ཁྱེད་ཅག་སྐུར་བར་བྱེད་དམ། གཞན་དུ་འདྲེན་པར་བྱེད། བསོད་ནམས་ཀྱི་རྒྱུ་ལས་བྱུང་ངོ་། །ཞེ་ན་ཡང་། འཁོར་བའི་ཆུ་བོ་ལས་མ་རྒལ་བའི་དུས་ན་བསོད་ནམས་ཀྱི་ལམ་གྱི་གྲུའི་ཚོགས་ཀྱང་བསྟེན་ཅིང་ལྡན་པར་བཤད་ཀྱི། བྱང་ཆུབ་བརྙེས་བཞིན་དུ་ད་དུང་ལུས་དང་ལོངས་སྤྱོད་དང་བཅས་པ་འཛིན་པ་ནི་སྐྱེ་བོ་རྣམས་ཀྱི་བློས་མི་ཤེས་ཀྱིས། ཁྱེད་ཉིད་སངས་རྒྱས་སུ་ཁས་ལོངས་ལ་སྨྲོས་ཤིག །གཞན་ཡང་འདི་སྐད་དུ། སངས་རྒྱས་སྐྱེས་ལུས་སུ་སྒྲུབ་ཏུ་རུང་བའང་མེད་ཀྱི། ལྷ་ཆེན་པོའི་བཤད་པ་དང་འདྲ་བར། བདག་ཡོངས་སུ་དག་ཅེས་བྱ་བ་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་དེ། བདེ་བའི་ཚོར་བ་ཐམས་ཅད་དང་ལྡན་པའི་དབང་ཕྱུག་མི་འགྱུར་བ་ཞིག་ཡོད་པར་འདོད་པ་དང་ཁྱད་པར་ཅུང་ཟད་ཀྱང་མེད་ཀྱིས། ཁྱེད་ཅག་རྣམས་ལྟ་བ་འདི་གཏོང་བར་མི་སྤྲོ་ན། སངས་རྒྱས་ཀྱིས་བསྟན་པའི་ཆོས་ལ་བརྩལ་མི་དགོས་ཀྱིས། དབང་ཕྱུག་གིས་བསྟན་པའི་ཆོས་ལ་སྤྲོ་བར་གྱིས་ཤིག །དེ་དག་གིས་སླར་དྲིས་པ། བདག་ཅག་གཞུང་འདི་ཡང་རང་བཟོ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བཀའ་ཉིད་ལས་སྣང་བ་ཉིད་ཡིན་པས། ཉེས་པར་མི་འགྱུར་རོ་ཞེ་ན། དེ་ལ་སྨྲས་པ། སངས་རྒྱས་ཀྱི་བཀའ་ལས་དེ་ལྟར་འབྱུང་བ་དང་། ལས་དག་པ་རྣམས་ཀྱི་གདུལ་བྱ་ལ་དེ་བཞིན་དུ་བྱུང་བ་ནི་བརྫུན་པ་མ་ཡིན་ཏེ། ཡོད་པ་ཡིན་པས། ད་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདི་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐྱེས་པའི་ལུས་ལ་རྒྱལ་རིགས་ལས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཉེ་བར་བསྟེན་པའི་འཁོར་རྣམ་བཞི་དང་། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་སྤྱིའི་འཁོར་གྱི་དཀྱིལ་འཁོར་དུ་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་སྣང་བ་བརྫུན་པ་མ་ཡིན་པ་དེ་བཞིན་དུ། དཔལ་རྣམ་པར་སྣང་མཛད་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ན། གདུལ་བྱ་སྨིན་པར་མཛད་པ་དང་། དཔལ་རྡོ་རྗེ་སེམས་དཔའ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་ན། འདོད་པའི་ཡོན་ཏན་ལ་རོལ་པས་གདུལ་བྱ་སྨིན་པར་མཛད་པར་སྣང་བའང་། བརྫུན་པ་མ་ཡིན་པར་མཚུངས་མོད་ཀྱི། དེ་དག་ཐམས་ཅད་ལའང་ཐུན་མོང་དུ་ཡེ་ཤེས་ཀྱི་རྒྱུད་ཀྱིས་གཟུགས་ཀྱི་སྐུ་གཟུང་བ་མི་མངའ་སྟེ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། སྨོན་ལམ་གྱི་དབང་ངམ། ཡང་ན་དེ་དག་གི་སྟེང་དུ་ཡེ་ཤེས་ཆེན་པོའི་དབང་ལས་ཀྱང་དེ་ལྟ་བུ་དག་སྣང་སྟེ། དེས་ན་དཔེར་ན་མེ་ལོང་གི་གཟུགས་བརྙན་མེ་ལོང་དག་པའི་དབང་དང་། བཞིན་གྱི་རྒྱུ་ལས་སྣང་ཡང་། མེ་ལོང་ལས་མ་འདས་པས། མེ་ལོང་གི་ཆོས་སུ་བརྩི་ཞིང་གཞི་མེ་ལོང་གིས་བཟུང་བ་འདྲ་ནའང་། གཟུགས་བརྙན་ལ་རྟེན་གྱི་འབྱུང་བ་ཆེན་པོ་མེད་པས། མེ་ལོང་གིས་བཟུང་བ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའང་། ཆོས་ཀྱི་སྐུའི་དབང་ལས་སྣང་ཞིང་དེ་ལས་འདས་པ་མེད་པས། ཆོས་ཀྱི་སྐུ་དེ་བཞིན་དུ་བཤད་ཅིང་སངས་རྒྱས་ཀྱི་སྐུར་བགྲངས་ཀྱང་། ཆོས་ཀྱི་སྐུ་ལ་བདག་ཏུ་ལྟ་བའི་གནས་མེད་པས་གཟུགས་ཀྱི་སྐུ་ལ་རྟེན་པའི་ཕྱིར། ཡེ་ཤེས་ཀྱི་རྒྱུད་ཀྱིས་གཟུགས་ཀྱི་སྐུ་བཟུང་བར་སྨྲར་མི་རུང་ངོ་། །དེ་ཉིད་ཀྱིས་ན། གཟུགས་ཀྱི་སྐུའི་ཆོས་ཐམས་ཅད་ཀྱང་བློས་གཟུང་ཀྱང་རྟེན་མི་རྙེད་དེ། ཇི་ལྟར་བྱིས་པ་ཆུས་ཁྱེར་བས་རྩ་དྲུང་ཕྱུང་ལ་འཛིན་པ་དང་འདྲའོ། །སངས་རྒྱས་ཀྱི་སའི་ལྟ་བའི་བྱེ་བྲག་འདི་དག་གི་དབྱེ་བ་རྣམ་པར་གཞག་པ་འདི་ལྟ་བུ་ནི། བདག་ཅག་ལྟ་བུའི་སྤྱོད་ཡུལ་མ་ཡིན་ཡང་། དུས་ཀྱིས་མནར་བའི་གང་ཟག་རྣམས་རྒྱལ་བའི་བཀའི་ཚིག་ཙམ་ལ་བརྟེན་ནས་འཇུག་པ་དང་། གང་ཟག་གི་ཕྱིར་འབྲངས་ཏེ། ལྟ་བ་དམན་པའི་ཕྱོགས་ལ་ལྟ་བ་དམ་པར་བཟུང་ནས། རིགས་པ་མེད་པར་སྒྲོ་སྐུར་དུ་སྤྱོད་པའང་མང་དུ་སྣང་བས། དེ་དག་གི་དོན་དུ་འགྱུར་ཡང་སྲིད་པ་དང་། རང་གི་རྗེས་སུ་འབྲང་བའི་སློབ་མ་རྣམས་ཀྱིས་ཚུལ་འདི་དག་གི་རིགས་པ་གཟུང་བའི་དོན་དུ་བརྗེད་བྱང་དུ་བྲིས་པ་ཡིན་ནོ། ། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པ་རྫོགས་སོ། །། །