ས་སྐྱའི་ལེགས་བཤད་རྩ་འགྲེལ་

ཡོང་ཁུངས་Wikipedia

༄༅། །ས་སྐྱ་ལེགས་བཤད་ཀྱི་འགྲེལ་པ་བྱིས་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

༄༅། །མཚན་ཐོས་དྲན་པས་ལུས་ངག་ཉོན་མོངས་ཀུན། །ཤེས་རབ་རལ་གྲིས་དྲུང་ནས་གཅོད་མཛད་པའི། །

མ་རིག་མུན་སེལ་སྟོན་ཀའི་ཀུ་མུད་གཉེན། །འཇམ་དཔལ་སྨྲ་བའི་ཉི་མས་བདག་སྐྱོངས་ཤིག །


རབ་ཏུ་བརྗིད་པའི་མཚོ་འབྱུང་ལྷ་མོའི་ཞལ། །མཇལ་བ་ཙམ་གྱིས་སྙིང་ལ་ཉལ་བའི་མུན། །

རབ་ཏུ་འབྱིན་ཅིང་ཞིང་དེར་དབུག་དབུང་བའི། །འགྲོ་བའི་སྐྱེལ་མ་གང་དེར་གུས་པས་འདུད། །


འགྲོ་བའི་ཉོན་མོངས་ཆུ་ཡིས་ཁྲུད་པ་དང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་བསལ་བ་སོགས། །

སྲིད་པ་མིན་ཞེས་ཀུན་གྱིས་མཁྱེན་པའི་ཕྱིར། །ལེགས་བཤད་ཚིག་དོན་མདོར་བསྡུས་འདིར་བཤད་བྱ། །

ཞེས་བརྗོད་ཀྱི་ཀུ་མུད་འཕྲེང་བ་དཀར་པོ་མདུན་བསུས་ཏེ། གང་ཞིག་འབྲི་བར་བྱ་བ་ལ།


མཚན་དོན། གྱུར་ཕྱག མཆོད་པར་བརྗོད་པ། བརྩམ་པ་དམ་བཅའ་བ། གཞུང་དོན་དངོས་བཤད་པསྟེ་ ལྔཡོད་ས་ལས་ དང་པོམཚན་དོན།

རྒྱ་གར་སྐད་དུ། སུ་བྷཱ་ཥི་ཏ་རཏྣ་ནི་དྷེ་ནཱ་མ་ཤཱསྟྲ། བོད་སྐད་དུ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས། སྐད་གཉིས་ ཟུང་འཇུག་གི་ཐོག་ལས་བཤད་པ་ཅིན། སུ་བྷཱ་ཥི་ནི། ལེགས་པར་བཤད་པ། རཏྣ་དྷེ་ནི་རིན་པོ་ཆེའི་གཏེར། ནཱ་མ་ནི་ཞེས་བྱ་བ། ཤཱསྟྲ་ནི། བསྟན་བཅོས་ཟེར་ཨིན་པས། ལེགས་བཤད་འདི་བྱུང་བ་དཀོན་པ་ལ་སོགས་པའི་ཁྱད་ཆོས་ཚུ་དང་ལྡན་ནི་འདི་གི་ ལེགས་བཤད་འདིའི་མཚན་ཡང་དཔེའི་སྒོ་ལས་ ལེགས་བཤད་རིན་པོ་ཆེའི་གཏེར་ཟེར་བཏགས་ནུག །


གཉིས་པ་གྱུར་ཕྱག་ནི།

འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། །

གསུམ་པ་མཆོད་པ་བརྗོད་པ་ནི།

ལྷ་ཡི་མཆོག་དང་ཀླུ་དབང་གྲུབ་པ་རིག་འཛིན་གཙོ། །དྲང་སྲོང་རྒྱས་པ་གྲོག་མཁར་བ་དང་རྐང་མིག་སོགས། །

ཀུན་ནས་དགའ་བའི་གཙུག་གི་ནོར་བུས་ཞབས་མཆོད་པ། ། འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་ལ་བདག་ཕྱག་འཚལ། །

ཟེར་བའི་ཚིགས་བཅད་འདི་གི་གོ་དོན། འཇིག་རྟེན་པའི་ལྷ་མཆོག་ ཚངས་པ་ ཁྱབ་འཇུག་ དབང་ཕྱུག་དང་། ཀླུའི་དབང་པོ་དགའ་བོ་དང་། ཉེ་དགའ་བོ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྤྲིན་བཞོན་ལ་སོགས་པ་ གྲུབ་པའི་རིག་འཛིན་གཙོ་བོ་འདི་ཚུ་དང་། གཞན་ཡང་ཕྱི་པའི་ལྷ་ དྲང་སྲོང་རྒྱས་པ། གྱོག་མོའི་ཚང་ནང་ལུ་སྡོད་ཞིནམ་ལས་ གཏིང་ངེ་འཛིན་བསྒྲུབས་མི་ དྲང་སྲོང་གྲོག་མཁར་བ། མིག་ཏོ་རྐངམ་ལུ་ཕབ་ཞིནམ་ལས་ གཏིང་ངེ་འཛིན་སྒོམ་མི་ དྲང་སྲོང་རྐང་མིག་པ་ལ་སོགས་པ་དི་ཚུ་གིས་ དད་པ་དང་དགའ་བའི་སེམས་ཀྱི་སྒོ་ལས་ གཙུག་གི་ནོར་བུས་ ཞབས་ལུ་ ཕྱག་དང་མཆོད་པ་ཕུལ་སའི་ཡུལ་ འགྲོ་བ་སེམས་ཅན་ཚུ་གི་གཙོ་བོ་ སྐྱབས་དང་མགོན་དུ་གྱུར་པ་ ཀུན་མཁྱེན་ཐུབ་པའི་ དབང་པོའི་ཞབས་ལུ་ བསྟན་བཅོས་རྩོམ་པ་པོ་ང་ ཕྱག་འཚལ་ནི་ཨིན་ཟེར་བའི་དོན་ནོ། །


མཆོད་པར་བརྗོད་པའི་བསྡུས་དོན།

ཕྱི་ནང་གཉིས་ཀྱི་ལྷ་དང་འགྲོ་བ་སེམས་ཅན་ག་ར་གི་ སྐྱབས་གནས་གཙོ་བོ་ ཀུན་མཁྱེན་ཐུབ་པའི་དབང་པོ་ལུ་ མགོ་གསུམ་གུས་པའི་སྒོ་ལས་ བསྟན་བཅོས་རྩོམ་པ་པོ་ང་ ཕྱག་འཚལ་ནི་ཨིན་ཟེར་བའི་དོན་ཨི་པས།


བཞི་པ་བརྩམ་པར་དམ་བཅའ་བ་ནི།

རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །

དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །

ཟེར་བའི་ཚིགས་བཅད་འདི་གི་གོ་དོན། ལེགས་བཤད་རྩོམ་པ་པོ་རང་གིས་ ཤིན་ཏུ་ལྐོག་གྱུར་ལུ་ ལུང་ཚད་མ་གིས་དཔྱད། མངོན་སུམ་དུ་སྦེ་ མཐོང་ཡོད་མི་ལུ་ མངོན་སུམ་ཚད་མ་གིས་དཔྱད། ཅུང་ཟད་ལྐོག་གྱུར་ལུ་ རྗེས་དཔག་ཚད་མ་གིས་ བརྟགས་དཔྱད་འབད་དེ་ལྟ་བ་ཅིན་ ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འགལ་བ་མེདཔ་མ་ཚད་ མི་ཆོས་འཇིག་རྟེན་ཡ་རབ་ཀྱི་བྱ་སྤྱོད་ཡང་ ལེགས་ཤོམ་བསྒྲུབ་ཚུགས་པའི་ནུས་པ་ཡོད་མི་ སྔོན་བྱོན་དམ་པ་ འཕགས་པའི་གང་ཟག་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་ཚུ་གི་སྤྱོད་པ་ ག་བཟུམ་ཨིན་ན་ འདི་གི་སྐོར་ལས་ གསུངས་པའི་ལེགས་བཤད་འདི་ སྐྱེས་བོ་འདི་ཚུ་གི་ རེ་འདོད་བསྐོང་བའི་ ཡིད་བཞིན་གྱི་ནོར་བུ་ རིན་ཆེན་གཏེར་བཟུམ་ཅིག་ཨིནམ་ལས་ རིམ་པ་བཞིན་བཤད་ནི་ཨིན་ཟེར་བའི་དོན་ནོ། །


དྲི་བ།

༡ མཚན་བཏགས་ཚུལ་མ་འདྲཝ་ག་དེ་སྦེ་ར་ཡོདཔ་སྨོ།

༢ གཞུང་འདི་ལུ་ མཚན་འདི་ ག་ཅི་གི་སྒོ་ལས་བཏགས་ནུག །

༣ མཆོད་པར་བརྗོད་པ་དང་འགྱུར་ཕྱག་གཉིས་ལུ་ཁྱད་པར་ག་ཅི་ཡོད།

༤ འགྱུར་ཕྱག་འཇམ་དཔལ་དབྱངས་ལུ་མཛད་དགོ་པའི་ རྒྱུ་མཚན་ག་ཅི་ཨིན་ན།

 

ལྔ་པ་གཞུང་དོན་དངོས་བཤད་པ་ལ། རབ་བྱེད་དགུ་ཡོད་ས་ལས་ དང་པོ་མི་མཁས་པ་བརྟགས་པའི་རབ་བྱེད།

དེ་ཡང་མཁས་པའི་གང་ཟག་ཚུ་ ལེགས་བཤད་ཀྱི་ མཛོད་ཨིན་པའི་ཁུངས་ དཔེ་དོན་སྦྱར་ཏེ་བཤད་པ།

མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །

རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །

ཟེར་བའི་ཚིགས་བཅད་འདི་གི་གོ་དོན། འཆད་རྩོད་རྩོམ་གསུམ་གྱི་ ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ མཁས་པ་ ཡོན་ཏན་མཛོད་འཛིན་པའི་སྐྱེས་བུ་ འདི་ཚུ་གི་རྒྱུད་ལུ་ ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་འདི་ཡོད་རུང་ ད་རུང་དདཀའཝ་དཔག་ཏུ་མེདཔ་སྤྱད་དེ་ ནོར་བུ་རིན་པོ་ཆེ་དང་འདྲ་བའི་ ལེགས་བཤད་རིན་པོ་ཆེ་ བློའི་བང་མཛོད་ནང་ལུ་ སྡུདཝ་ཨིན། དཔེ་འབད་བ་ཅིན་ རྒྱ་མཚོ་འདི་ ཆུ་ག་ར་ལས་སྦོམ་ཤོས་ ཆུ་གི་གཏེར་བཟུམ་ཅིག་ཨིན་རུང་ ཡང་སྐྱར་ ཆུ་ཕྲན་ཚུ་ག་ར་ རང་བཞིན་གྱིས་ བབས་དོ་བཟུམ་ཅིག་ཨིན། དེ་འབདཝ་ལས་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་གསུངས་ཡོད་མི་ ལེགས་བཤད་ཚུ་ མཁས་པའི་གང་ཟག་དང་སྙིང་སྟོབས་ཡོད་མི་ ཚུ་གིས་རྐྱངམ་ཅིག་མ་གཏོགས་ མི་ཕལ་པ་ཚུ་གིས་ ཐོབ་མི་ཚུགས་ནི་ཨིནམ་མ་ཚད་ ལེགས་བཤད་འདི་གི་དོན་ལས་ དཀའཝ་ཡང་སྤྱད་ མི་ཚུགས་ནི་ཨིན་པས།


དེ་འབདཝ་ལས་ མཁས་པ་ཡོན་ཏན་ཡོད་མི་ཚུ་གིས་འབད་བ་ཅིན་ ལེགས་བཤད་འདི་ཚུ་ ཨ་ལོ་གི་རྒྱུད་ལུ་ཡོད་དེ་སྦེ་རུང་ ཚུར་ལེན་ནི་ཨིན་པས། ཨིན་རུང་ མི་རྩ་རྒས་ ང་རྒྱལ་ཡོད་མི་གཅིག་ཨིན་པ་ཅིན་ མཁས་པའི་གང་ཟག་ཚུ་མཐོངམ་ད་ལུ་ ས་གནས་གཞན་ལ་མགྱོགས་འགྱོ་འོང་ཟེར་གསུངས་བཞག་ནུག།[1]


འདི་བཟུམ་སྦེ་རང་ ལོ་རྒྱུས་ཀྱི་ཐོག་ལས་སྦེ་བ་ཅིན་ ཆོས་འགྲུབ། (༢༠༠༣) བསྐལ་པ་གྲངས་མེད་པའི་ཧེ་མ་ འཛམ་གླིང་ནང་ལུ་རྒྱལ་པོ་ གན་ཤ་ནི་པ་ལི་ཟེར་མི་ འཁོར་བཙུན་མོ་སྟོང་ཕྲག་ཉི་ཤུ་དང་བློན་པོ་སྟོང་ཕྲག་བཅུ་གིས་བསྐོར་སྟེ་ རྒྱལ་ཁབ་ག་ར་ལུ་དབང་བསྒྱུར་མི་གཅིག་སྡོད་ནུག །རྒྱལ་པོ་དེ་སྙིང་རྗེའི་རང་བཞིན་ཅན་ཅིག་ཨིནམ་ལས་ རྒྱལ་ཁབ་ཡང་ཆོས་བཞིན་དུ་བསྐྱངས་ འབངས་མི་སེར་ཚུ་ཡང་ ནད་མུག་འཁྲུགས་བརྩོད་མེད་པར་ དགའ་སྐྱིད་ཀྱི་མེ་ཏོག་ལུ་ལོངས་སྤྱོད་པའི་གོ་སྐབས་ཐོབ་ནུག །མི་སེར་འདི་ཚུ་གིས་རྒྱལཔོ་ལུ་ རྩི་བཀུར་ཡོདཔ་མ་ཚད་ ཕམ་བཟུམ་མནོ་བསམ་བཏང་དོ་ཡོདཔ་ད་ རྒྱལཔོ་གིས་ཡང་འབངས་མི་སེར་ཚུ་ལུ་ ཕན་ཐོག་ནི་གི་མནོ་བསམ་རྐྱངམ་ཅིག་མ་གཏོགས་ གཞན་ལུ་གནོད་སེམས་ཚུ་ རྩ་ལས་རང་མེདཔ་ཨིན་པས།


ཚར་ཅིག་སྦེཝ་ད་ རྒྱལཔོ་གིས་དམ་པའི་ཆོས་རིན་པོ་ཆེ་གི་ཐོག་ལས་ འབངས་མི་སེར་ཚུ་ལུ་ ཕན་ཐོགཔ་ཅིག་འབད་དགོ་སྦེ་ཟེར་ ཐུགས་བསམ་བཞེས་ཏེ་ བློན་པོ་ཚུ་ལུ་ ག་ལུ་དམ་པའི་ཆོས་ཡོད་ དམ་པའི་ཆོས་བསྟན་པ་ཅིན་ ང་གིས་ ག་ཅི་དགོ་ཟེར་བསླབ་མི་གཅིག་ སྦྱིན་ནི་ཨིན་ཟེར་བཀའ་གནངཔ་ད་ བྲམ་ཟེ་ལེའུ་དུ་ཆ་ཟེར་མི་གཅིག་ རྒྱལ་པོའི་ཕོ་བྲང་གི་སྒོ་ཁར་འོང་ཞིནམ་ལས་ དམ་པའི་ཆོས་ང་ལུ་ཡོད་ཟེར་སླབ་ནུག །དེ་ལས་རྒྱལ་པོ་གིས་ ཕོ་བྲང་ནང་ལུ་གདན་བཏིངས་ཞིནམ་ལས་ གདན་འདྲེན་ཞུ་སྟེ་གདན་ཐོག་ལུ་བཞུགས་བཅུག་སྟེ་ ང་བཅས་འདོད་ཆགས་ ཞེས་སྡང་གཏི་མུག་ དུག་གསུམ་གྱིས་མནར་བའི་སེམས་ཅན་ཚུ་ལུ་ ཐུགས་བརྩེ་བའི་སྒོ་ལས་ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བཀའ་དྲིན་བསྐྱང་གནས་ཟེར་གསོལཝ་བཏབ་ད་ བྲམ་ཟེ་གིས་རྒྱལཔོ་ལུ་ ང་གིས་ཤེས་མི་དམ་ཆོས་རིན་པོ་ཆེ་འདི་ སྟོན་གནང་ཟེར་སླབ་ཙམ་གྱི་མི་བཏུབ་ཟེར་སླབ་ད། རྒྱལ་པོ་གིས་ ཁྱོད་རང་ ང་ལས་ག་ཅི་རང་དགོ་ནི་སྨོ་ སླབ་ད་ཟེར་གསུངས་ནུག།


དེ་ལས་བྲམ་ཟེ་གིས་ རྒྱལཔོ་ཁྱོད་ཀྱི་གཟུགས་ལུ་ མར་མེ་སྟོང་བཙུགས་ཞིནམ་ལས་ མཆོད་པ་ཕུལ་ཚུགས་པ་ཅིན་  དམ་ཆོས་རིན་པོ་ཆེ་འདི་བསྟན་འོང་ཟེར་གསུངས་ནུག དེ་ལས་རྒྱལཔོ་དེ་འདྲོག་ནི་ཕར་བཞག་ སེམས་གདིང་ལས་དགའ་ཞིནམ་ལས་ ཁོ་གིས་མངའ་འོག་ལུ་ཡོད་པའི་རྒྱལ་ཁབ་ཡོད་ཚད་ལུ་ རྒྱལཔོ་གན་ཤ་ནི་པ་ལི་ཟེར་མི་འདི་ བདུན་ཕྲག་གཅིག་གི་རྒྱབ་ལས་ དམ་པའི་ཆོས་ཀྱི་དོན་ལས་ གཟུགས་ལུ་མར་མེད་སྟོང་བཙུགས་ཞིནམ་ལས་ མཆོད་པ་འབུལ་ནི་ཨིན་ཟེར་བཀའ་ཤོག་གནང་ནུག།


འདི་བཟུམ་གྱི་གནས་ཚུལ་གོཝ་ཅི་ མི་སེར་དང་བཙུན་མོ་ བློན་པོ་དང་སྲས་སྲསམོ་འདི་ཚུ་ག་ར་འདྲོག་ཞིནམ་ལས་ རྒྱལཔོ་ཁྱོད་ཀྱི་སྐུ་གཟུགས་ལུ་ མར་མེ་སྟོང་བཙུགས་ཞིནམ་ལས་ མཆོད་པ་འབུལ་བ་ཅིན་ང་བཅས་ཚུ་གི་སྐྱིད་སྡུག་ ག་གིས་གཟིགས་ནི་ རྒྱལཔོ་ཁྱོད་ཀྱིས་དེ་བཟུམ་མཛད་མ་གནང་ཟེར་ མི་སེར་འབུམ་དང་བཙུན་མོ་ཁྲི་ བློན་པོ་ཁྲི་དང་རྒྱལ་ཚབ་ རྒྱལ་སྲས་ལ་སོགས་པ་འདི་ཚུ་ག་ར་གི་ གསོལཝ་བཏབ་རུང་ རྒྱལཔོ་གིས་མ་བསན་པར་ རྒྱལཔོ་གིས་ ང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཅིན་ ཁྱོད་འདི་ཚུ་ཐེ་ཚོམ་མེད་པར་སངས་རྒྱས་ཀྱི་གོ་འཕང་ལུ་ བསྐྱལ་འོང་ཟེར་གསུངསཔ་ཅི་ མི་སེར་དང་བློན་པོ་ལ་སོགས་པ་ག་ར་དྲན་མེད་འགྱེལ་ནུག།


དེ་ལས་རྒྱལ་པོ་བྲམ་ཟེ་ལུ་ ད་ལུས་ལུ་ མར་མེ་སྟོང་བཙུགས་ནི་གི་ དུས་ཚོད་ལུ་ལྷོད་ཅི་ མར་མེ་བཙུགས་ད་ ཟེར་གསུངས་ནུག དེ་ལས་རྒྱལཔོ་གི་ ལུས་ལུ་ གདོང་རྐོ་ཞིནམ་ལས་ མར་ཁུ་འདི་ཚུ་བླུགས་ འཁོར་བློན་པོ་དང་ བཙུན་མོ་ལ་སོགས་པ་ འདི་ཚུ་གིས་མཐོང་སྟེ་ ད་རུང་ཡང་ ས་ལུ་དྲན་མེད་འགྱེལ་སོང་ནུག དེ་ལས་རྒྱལ་པོ་གིས་བྲམ་ཟེ་ཞུ་ནུག་ ང་ཤི་བ་ཅིན་དམ་པའི་ཆོས་ མི་གོ་ནི་ཨིནམ་ལས་ མར་མེ་མ་ཕུལ་བའི་ཧེ་མ་ ང་ལུ་དམ་པའི་ཆོས་གསུངས་གནང་ཟེར་ཞུཝ་ད་ བྲམ་ཟེ་གིས་ མི་རྟག་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ་། །འདུ་བ་ཡོད་ན་འབྲལ་བ་འོང་། །སྐྱེས་བ་ཡོད་ན་འཆི་བར་འགྱུར། །ཟེར་གསུངསཔ་ད་ རྒྱལ་པོ་དེ་བློ་འགྱོད་བསྐྱེད་ནི་ཕར་ཞག་ སེམས་དགའ་ཞིནམ་ལས་ ད་རུང་དམ་བཅའ་མཛད་དེ་དམ་པའི་ཆོས་ཀྱི་དོན་ལས་དཀཝ་སྤྱད་གནང་ནུག འདི་བཟུམ་སྦེ་ མི་མཁས་པ་གཅིག་ཨིན་པ་ཅིན་ དཀའཝ་བརྒྱ་ཕྲག་ལས་སྤྱད་དེ་ ལེགས་བཤད་འདི་ཚུ་བསྡུ་ཞིནམ་ལས་ཉམས་ལེན་མཛད་པ་ཨིན་པས།      


མི་ལུ་ཡོན་ཏན་ ཡོད་མེད་ཀྱི་ཁྱད་པར་ དཔེ་དོན་གཉིས་ཀྱི་ ཐོག་ལས་བསྟན་པ།

སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །

རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །

ཞེས་གསུངས་པའི་ ཚིགས་བཅད་འདི་གི་གོ་དོན། མི་འདི་གི་རྒྱུད་ལུ་ཡོན་ཏན་ཡོདཔ་ཨིན་ན་ མེདཔ་ཨིན་ན་འདི་ ང་བཅས་ཚུ་གིས་ བླང་དོར་གྱི་ཤེས་རབ་དང་ལྡན་ནུག་ག་ མ་ལྡན་ནུག་ག་ རྟགས་མཚན་འདི་ལུ་ལྟ་སྟེ་ ཧ་གོ་ཚུགསཔ་ཨིན། བླང་དོར་གྱི་གནས་ཤེས་པའི་ ཤེས་རབ་དང་ལྡན་པ་ཅིན་ མི་འདི་ལུ་མཁས་པ་ཟེར་བསླབ་ནི་དང་། འདི་མ་ལྡན་པ་ཅིན་ མི་འདི་ཡོན་ཏན་མེད་པའི་ རྩ་རྒས་ཟེར་བསླབ་ཨིན་པས། འདི་སྦེཝ་ལས་བརྟེན་ མི་འདི་ཚུ་ཡོན་ཏན་དང་ལྡན་པའི་མཁས་པ་དང་ ཡོན་ཏན་མེད་པའི་ རྩ་རྒས་ཨིནམ་དང་མེནམ་ཡང་ རྟགས་མཚན་འདི་ལུ་བལྟ་སྟེ་ཤེས་ཚུགསཔ་ཨིན། དཔེ་འབད་བ་ཅིན་ ཐལཝ་ནང་ལུ་ཡོད་མི་ ལྕགས་ཕྱེ་འདི་ཚུ་ ལྕགས་ཀྱི་ཕྱེ་ཨིན་ན། རྡོ་གི་ཕྱེ་ཨིན་ན་གི་ ཁྱད་པར་ཡང་ ཁབ་ལེན་རྡོ་གིས་ ལེན་ཐངས་ལུ་བལྟ་དེ་ ཤེས་ཚུགས་དོ་བཟུམ་ཅི་ མཁས་བླུན་གྱི་ཁྱད་པར་ གོང་ལུ་བཀོད་མི་ རྟགས་མཚན་འདི་ལུ་ལྟ་སྟེ་ ཧ་གོ་ཚུགསཔ་ཨིན།


དེ་འབད་ཨིན་པའི་ཁུངས་ ལོ་རྒྱུས་ཀྱི་ཐོག་ལས་འབད་བ་ཅིན་  (གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་པོ།, ༡༩༩༦) དེ་ཡང་ཧེ་མ་བོད་གླིང་དཀར་སྟོད་ཟེར་མི་ས་ཆ་གཅིག་གི་ནང་ལུ་ ཨའི་གཅིག་ལུ་བུ་ཤེས་རབ་ཅན་ གཤིས་རྒྱུད་བཟང་བ་ ཡ་རབ་ཀྱི་རྟགས་ཐམས་ཅད་ཚང་བ་ གཞོན་ནུ་བློ་ལྡན་ཟེར་མི་གཅིག་ཡོདཔ་ཨིན་པས།


ཨིན་རུང་ཡབ་འདི་ཆུང་ཀུ་ལས་རང་ དབང་མེད་འཆི་བའི་ལམ་ལུ་འགྱོ་ནི་གིས་ བཟང་པོའི་བསླབ་བྱ་སྦྱིན་མི་མེད་པར་ ཆ་རོགས་ངན་པའི་དབང་ལུ་ཐལ་ཏེ་ ཤོབ་རྐྱབ་ནི་དང་མགོ་སྐོར་རྐྱབ་ནི་ལ་སོགས་པ་མ་རབ་ཀྱི་སྤྱོད་པ་ལུ་གྱུར་དོ་ཡོདཔ་ད་ ཉིནམ་ཅིག་གི་ཚེ་ ཨ་རྒས་མགོ་ཏོ་དཀརཔོ་སྦེ་ ལགཔ་ལུ་འཁརཝ་རིངཔོ་གཅིག་བཟུང་སྟེ་ གཟུགས་འདི་ཚུ་ག་ར་དར་ཏེ་ ལམ་འགྱོ་ས་མཐོངཔ་ད་ འདི་ལུ་ལྟ་སྟེ་ ཧ་ཧ་ཟེར་དགོད་བྲ་ཞིནམ་ལས་ “མགོ་ལ་ཚར་དཀར་མ་གྱོན་རུང་། །གུན་འཁྱག་བ་མོ་འདི་ན་མེད། །ལྕང་དཀར་དབྱུག་པ་མ་བཟུང་རུང་། །སྒོ་ཁྱི་བཙན་པོ་འདི་ན་མེད། །ལྡེམ་ལྡེམ་གོམ་པ་མ་སྤོ་རུང་། །བྲོ་གར་འགྲན་ཡ་འདི་ན་མེད། །རྒན་པོ་ས་ཆ་གང་ནས་ཡིན། །ད་ནང་གང་ནས་འོང་བ་ཡིན། །དོ་དགོང་གང་དུ་འགྲོ་རྒྱུ་ཡིན། །” ཟེར་བསླབ་ནུག།  


དེ་ལས་ཨ་རྒས་ཀྱིས་ མིག་ཏོ་ཕུར་ཞིནམ་ལས་ ཨ་ཧོ། གོམ་པ་སྤོ་སྟངས་ཁྲེལ་ལུགས་ལ། །ལོ་ཆུང་ཅོར་མགོ་ཅན་ཞིག་འདྲ། །ཁ་བརྒྱག་རྩོམ་ལ་མཁས་ལུགས་ལ། །མ་རབ་བློ་རིག་ཅན་ཞིག་འདྲ། །མགོ་དཀར་རྒན་པོ་འཕྱ་ལུགས་ལ། །ཕ་མེད་གྲོགས་ངན་ཅན་ཞིག་འདྲ། །རྒས་པ་རྡོ་རྗེའི་བྲག་ལ་ཡོད། །བྲ་རྒས་དམར་ཡག་སྟག་ལ་ཡོད། །བཟང་ངན་ཕ་གཅིག་བུ་ལ་ཡོད། །གཞོན་ནུ་ཤ་རྒྱས་ཁྲག་རྒྱས་དུས། །ཁྱོད་ལས་ཡག་ཞིག་ང་ཡང་ཡིན། །ཁ་མིག་དབང་པོ་གསལ་བའི་དུས། །ཁྱོད་ལས་མཁས་ཞིག་ང་ཡང་ཡིན། །རང་ཡུལ་ཕ་ཁྱིམ་ཡོད་པའི་དུས། །ཁྱོད་ལས་དྲག་ཞིག་ང་ཡང་ཡིན། །ང་ས་ཆ་མདོ་ཁམས་སྒང་ནས་ཡིན། །ད་ནང་འཁོར་བའི་གནས་ནས་འོང་། །དོ་དགོང་ཐར་པའི་གླིང་དུ་འགྲོ། །ཟེར་ལན་རྐྱབ་ནུག།

དེ་ལས་གཞོན་ནུ་བློ་ལྡན་གྱིས་ ཨ་རྒས་འདི་མི་གཞན་དང་འདྲཝ་ མཁས་པ་གཅིག་ཨིནམ་སྦེ་ཧ་གོ་སྟེ་ དེ་ལས་ཨ་རྒས་ལུ་གཏམ་ཅིག་གསུངས་གནང་ཟེར་ཞུཝ་ད་ ཨ་རྒས་ཀྱིས་ གཏམ་ག་ཅི་བསླབ་ནི་སྨོ། ཆོས་ཀྱི་གཏམ་འདི་ང་རང་གིས་ཡང་མི་ཤེས། འཇིག་རྟེན་པའི་གཏམ་འདི་ཁྱོད་ཀྱིས་ཡང་མི་ཉན། དེ་ལས་ང་རང་འགྱོ་བ་ཅིན་དྲག་ཟེར་བསླབ་ད་ གཞོན་བློ་ལྡན་གྱིས་ ཨ་རྒས་ཁྱོད་ཀྱིས་ག་ཅི་བསླབ་མི་ཅིག་ ང་གིས་ཉན་ནི་ཨིན་ཟེར་བསླབ་སྟེ་ ཨ་རྒས་ལུ་དགེ་སྡིག་བླང་འདོར་གྱི་སྐོར་ལས་ གཏམ་བསླབ་བཅུག་ཡོདཔ་ཨིན་པས།


དེ་ལས་ཨ་རྒས་ཀྱིས་འཇིག་རྟེན་སྐྱོང་ལུགས་དང་གོང་མ་བསྐུར་ལུགས་ གཞན་ཡང་ཆོས་ཀྱི་བསླབ་བྱ་ཚུ་ལེ་ཤ་གནངམ་ལས་བརྟེན་ གཞོན་ནུ་བློ་ལྡན་ཡང་ལོག་སྟེ་ ཡ་རབ་ཀྱི་ལམ་འགྱོ་ནུག་ འདི་བཟུམ་སྦེ་ ཡོན་ཏན་ཡོདཔ་མེདཔ་འདི་ ཡ་རབ་ཀྱི་བྱ་སྤྱོད་དང་ དགེ་སྡིག་བླང་འདོར་གྱི་རྣམ་བཞག་ཤེས་མ་ཤེས་ལུ་རག་ལསཔ་མ་གཏོགས་ ཁ་མཁས་པ་དང་རྒྱུ་ནོར་ སྟོབས་ཤུགས་ཡོད་མེདཔ་གི་མི་ཤེས་ཟེར་བའི་དོན་ནོ། །


ལེགས་བཤད་ཀྱི་དོན་ རྣམ་དཔྱོད་དང་ལྡན་པའི་ མཁས་པ་གིས་རྐྱངམ་ཅིག་ རྟོགས་ཚུགསཔ་ཨིན་པའི་ཁུངས་བསྟན་པ།

ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །

ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །

ཚིགས་འདི་གི་གོ་དོན། གོང་ལུ་བཤད་དོ་བཟུམ་ ལེགས་བཤད་འདི་ཚུ་ མཁས་པའི་བློ་གྲོས་ཀྱི་རྒྱ་མཚོ་ནང་ལུ་བབས་ཨིནམ་མ་ཚད་ ལེགས་བཤད་ཀྱི་དོན་འདི་ཚུ་ཡང་ མཁས་པའི་སྐྱེས་བུ་འདི་ཚུ་ རྐྱངམ་གཅིག་གིས་ ཧ་གོ་ཚུགསཔ་མ་གཏོགས་ གཞན་བླུན་པོ་འདི་ཚུས་ཧ་གོ་མི་ཚུགས།


དཔེ་སྦེ་བ་ཅིན་ ཉིམ་གི་འོད་ཟེར་ཤརཝ་ད་ལུ་ བྱ་གཞན་འདི་ཚུས་རྐྱངམ་གཅིག་གསལ་ཏོག་ཏོ་ མཐོང་ཚུགསཔ་མ་གཏོགས་ འབྱུང་པོའི་བྱ་འུག་པ་ལ་སོགས་པ་ ཚུ་གིས་མིག་ཏོ་ གཞརཝ་བཟུམ་མཐོང་མ་ཚུགས་པར་ ལུས་དོ་བཟུམ་ བླུན་པོ་འདི་ཚུ་གིས་ཡང་ ལེགས་བཤད་གྱི་དོན་འདི་ཚུ་ཧ་གོ་མ་ཚུགས་པར་ལུསཔ་ཨིན།


འདི་མ་ཚད་ མི་མནོ་བསམ་བཏང་མ་ཤེས་མི་གཅིག་ཨིན་པ་ཅིན་ ང་བཅས་ཀྱིས་ཁོ་ལུ་ ཕན་པའི་གཏམ་ བསླབ་བྱ་འདི་ཚུ་སླབ་འདི་འབད་རུང་ཧ་མ་གོ་བར་ ཁོ་ལུ་སྨད་པ་རྐྱབ་མས་ཟེར་མནོ་སྟེ་བསྡད་འོང་། དེ་འབདཝ་ལས་བརྟེན་ བསླབ་བྱ་བཟང་པོ་དང་ གཏམ་བཟང་པོ་འདི་ཚུ་ཡང་ མི་མནོ་བསམ་བཏང་ཤེས་མི་འདི་གིས་རྐྱངམ་ཅིག་གོ་ནི་དང་ གཞན་མནོ་བསམ་བཏང་མ་ཤེས་མི་འདི་ཚུ་གིས་མི་གོ་ནི་ཨིནམ་པ་ཅིན་ མཁས་པའི་ལེགས་བཤད་འདི་ཚུ་འདི་ བསླབ་རང་མི་དགོ་ནི་ཨིན།

ལཱ་བཟང་ངན་གྱི་ཁྱད་པར་ཕྱེ་ཚུགསཔ་མི་ ཤེས་རབ་ཨིན་པའི་ཁུངས་བསྟན་པ།

ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །

ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསོད་པར་ནུས་ཀྱི་ཁྭ་ཏས་མིན། །

ཚིགས་བཅད་འདི་གི་གོ་དོན། ལཱ་བཟང་པོ་ག་ཅི་ཨིན་ན་ ངན་པ་ག་ཅི་ཨིན་ན་གི་ཁྱད་པར་འདི་ ཤེས་རབ་རྣམ་དཔྱོད་དང་ལྡན་མི་གིས་ ཁྱད་པར་ཕྱེ་ཚུགསཔ་ཨིན་རུང་ གཞན་ཤེས་རབ་ རྣམ་དཔྱོད་མེད་མི་ བླུན་པོ་ཚུ་གིས་ལཱ་བཟང་ངན་གྱི་ཁྱད་པར་ ཕྱེད་མ་ཚུགས་པར་ མགོ་རྨོངས་ཏེ་ལུསཔ་ཨིན། དཔེ་འབད་བ་ཅིན་ ནམ་མཁའ་ལྡིང་ བྱ་རྒོད་ཀྱིས་ སྦུལ་ དུག་ཡོད་མི་འདི་ཚུ་ བསད་ཚུགསཔ་ཨིན་རུང་ བྱ་ཨོ་ལ་གིས་བསད་མི་ཚུགས་དོ་བཟུམ་ཅིག་ཨིན།


རྒྱུ་མཚན་འདི་ལུ་བརྟེན་ མི་ཤེས་རབ་དང་ལྡན་གཅིག་མི་ཨིན་པ་ཅིན་ རང་གི་ཕམ་དང་གོངམ་ཚུ་ཡང་ངོ་ཤེས་ཏེ་ ཕམ་དང་སློབ་དཔོན་ཚུ་ལུ་ཞབས་ཏོག་ཡང་ལེགས་ཤོམ་སྦེ་ཞུ་ཨིན་རུང་ མི་བླུན་པོ་ ལྐུག་པ་གཅིག་ཨིན་པ་ཅིན་ ཁ་སླབ་ཤེས་རུང་ཡང་མནོ་བསམ་བཏང་མ་ཤེསཔ་ལས་ ཕམ་སློབ་དཔོན་ཚུ་ལུ་ཡང་ བཀའ་དྲིན་བསམ་ནི་ཕར་བཞག་ ངོ་ལོག་རྐྱབ་སྟེ་ བསད་ནི་དང་རྡུང་རྫོབ་ལ་སོགས་པ་ཚུ་འབད་འབདཝ་ཨིན།  དེ་མ་ཚད་མི་གཞན་གྱི་གདོང་ཁར་ལུ་ ངོ་ཚ་ནི་མེད་པར་ཕམ་ཚུ་ངོ་ལོག་རྐྱབ་སྟེ་ ད་རུང་དཔའ་ཉམས་བཏོན་ཏེ་སྡོདཔ་ཨིན། འདི་བཟུམ་གྱི་ལཱ་འབད་མི་ཨིན་པ་ཅིན་ བླུན་པོ་ ལྐུག་པའི་གྲལ་ལུ་ཚུདཔ་ མ་གཏོགས་ མཁས་པ་ དཔའ་ཉམས་ཡོད་མི་གི་ གྲལ་ལུ་མི་ཚད་ནི་ཨིན་པས།


འདི་བཟུམ་གྱི་ ལཱ་ངན་འབད་མི་གཙོ་བོ་རང་ བཟང་ངན་ག་ཅི་ཨིན་ན་ ཁྱད་པར་ཕྱེད་ཚུགས་པའི་ ཤེས་རབ་མེད་མི་ བླུན་པོ་ ལྐུག་པ་ཚུ་ལུ་བྱུངམ་ཨིན་པའི་ལོ་རྒྱུས་འདི་ཡང་ ཧེ་མ་རྒྱ་གར་ལུ་ རྒྱལ་པོ་གཅིག་གིས་ གཡུས་བཤལ་དེ་བྱོནམ་ད་ལུ་ བུཚ་གཅིག་གིས་ཨ་པ་གི་ཐོག་ཁར་འཛེགས་ཏེ་ ཨ་པ་ དྲང་སྡོད་ས་ གཟིགས་ནུག དེ་ལས་རྒྱལ་པོ་གིས་ བུཚ་འདི་ལུ་ ཝེ་་་་ ཁྱོད་ཨ་པ་ག་ཅི་སྦེ་དྲང་སྨོ་ཟེརཝ་ད། བུཚ་གིས་ང་ཨ་པ་བཏུལཝ་ཨིན་ཟེར་སླབ་ནུག།


དེ་ལས་རྒྱལ་པོས་ ཝེ་་་་ འཇིག་རྟེན་ཁམས་ནང་ལུ་ ཞབས་ཏོག་དང་བསྙེན་བཀུར་ཞུ་དགོཔ་འདི་ ཕམ་དང་དཀོན་མཆོག་ལུ་ཨིན། ཁྱོད་ཀྱིས་འདི་བཟུམ་གྱི་ སྤྱོད་པ་ངན་པ་འདི་ སྤང་དགོ་ཟེར་གསུངཔ་ད་ ཁོ་གིས་སླབ་ནུག་ ཞབས་ཏོག་དང་བསྙེན་བཀུར་འདི་ ཕམ་ལུ་མེན་པར་ ཕམ་གྱི་བུཚ་ལུ་འབད་དགོཔ་ཨིན་ཟེར་སླབ་ནུག དེ་ལས་རྒྱལ་པོས་ ཕམ་འདི་ཚུ་ ང་བཅས་ལུ་བཀའ་དྲིན་ཆེཝ་ཨིན་པའི་ཁུངས་དང་ ཕམ་ལུ་ཞབས་ཏོག་ཞུ་དགོ་པའི་སྐོར་བསླབ་བྱ་གནང་ནུག།


དེ་ལས་རྐྱངམ་ཅིག་ བུཚ་འདི་གི་ སེམས་ཁར་ལུ་མནོ་ནི་འོང་ཅིག་ནུག དེ་ལས་བུཚ་འདི་གིས་ཞུ་ནུག་ རྒྱལ་པོ་ ང་གི་ཕམ་རྐྱངམ་བཀའ་དྲིན་ཆེཝ་སྨོ་ འཇིག་རྟེན་ནང་གི་ཕམ་ག་ར་ ང་བཅས་བུཚ་དང་བུམ་ཚུ་ལུ་ བཀའ་དྲིན་ཆེཝ་སྨོ་ཟེར་ཞུཝ་ད། རྒྱལ་པོ་གིས་ འཇིག་རྟེན་ནང་གི་ ཕམ་མ་ཚད་ སྲིད་པ་གསུམ་གྱི་ཕམ་ཡོད་རེ་ཡོད་ཚད་ ག་ར་ང་བཅས་བུཚ་དང་བུམ་ཚུ་ལུ་བཀའ་དྲིན་ཆེཝ་ཨིན་ཟེར་གསུངས་ནུག བཀའ་དྲིན་ཆེ་དགོ་པའི་རྒྱུ་མཚན་ཡང་ དང་པ་ཕམ་ཨའི་གིས་འབད་བ་ཅིན་ ཟླཝ་དགུ་ལྷགཔ་ཅིག་ ཕོ་ནང་འབག་ དེ་ལས་སྐྱེ་ཞིནམ་ལས་ ཆབ་གསང་ཚུ་ལགཔ་གིས་འཕྱག གནམ་དགུན་ལུ་གྱང་རུང་སྡོད་ནི་མེད་པར་ ཆབ་གསང་གི་གོ་ལ་ཚུ་འཁྱུ། འདི་མ་ཚད་གྱང་མ་བཅུགས་ ཚ་བ་མེ་དང་གྲང་བ་ཆུ་ལུ་འགྱོ་མ་བཅུགས་ ཟས་ཞིམ་ཏོག་ཏོ་དང་ བཅུད་ཅན་ཚུ་ཡོདན་རང་ལས་སྟོན་ མེདན་རོགས་ལས་འཚོལ་ཏེ་ གཅེས་གཅེས་ཕང་ཕང་གི་ཐོག་ལས་ དྲིན་གྱིས་བསྐྱངས་ནུག་འདི་བཟུམ་གྱི་གནས་བཏང་ལུ་མནོ་བསམ་བཏང་པ་ཅིན་ ཕམ་འདི་ཚུ་ལུ་བཀའ་དྲིན་མེད་འོང་ནི་བཟུམ་འདུག་ག་ ཟེར་དྲིཝ་ད་ དེ་ལས་རྐྱངམ་གཅིག་ཁོ་གིས་ ཕམ་འདི་བཀའ་དྲིན་ཆེཝ་ཨིནམ་ཧ་གོ་ནུག ཚིག་བཅད་འདི་ནང་ལུ་ཉེས་པ་ཟེར་ཡོད་མི་འདི་ལུ་ གོ་ཐང་མ་འདྲཝ་ལེ་ཤ་ལུ་གོ་ནི་ཡོད་རུང་ ད་ལྟོ་སྦེ་བ་ཅིན་བཟང་ངན་བླང་དོར་གྱི་ཁྱད་པར་ཕྱེད་མ་ཚུགས་མི་ལུ་གོ་ནི་ཨིན།

ཤེས་རབ་ཁག་ཆེ་བའི་སྐོར་བསྟན་པ།

བློ་གྲོས་ཆེན་པོ་རྒུད་ན་ཡང་། །ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །

རི་དྭགས་རྒྱལ་པོ་བཀྲེས་པ་ན། །གླང་ཆེན་སྤྱི་བོ་མྱུར་དུ་འགེམས། །

ཚིགས་བཅད་འདི་གི་གོ་དོན། བློ་གྲོས་ཆེན་པོ་ཟེར་མི་འདི་ གོ་བ་མ་འདྲཝ་ལེ་ཤ་ལུ་ གོ་ནི་ཨིན་རུང་ ད་ལྟོ་བཟུམ་ཅི་ནང་འབད་བ་ཅིན་ ཤེས་རབ་དང་ལྡན་མི་གཅིག་ལུ་གོ་ཨིན་པས། ཤེས་རབ་དང་ལྡན་མི་གཅིག་ཨིན་པ་ཅིན་ མི་འདི་དབང་རྟ་དང་རླུང་རྟ་རྒུད་པའི་དབང་གིས་འབད་ དཀའ་ངལ་གྱི་ནང་ལུ་ཚུད་སོང་རུང་  སླར་གསོ་བའི་ཐབས་དང་ཤེས་རབ་འདི་སྟོབས་དང་ལྡན་སྦེ་ཡོདཔ་ལས་ རྐྱེན་ངན་འདི་ཚེ་སེལ་ཞིནམམ་ལས་ ཨ་རྟགས་ཁ་ལུ་འགྱུར་འོང་། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེ་འདི་ཁ་སྐོམ། ལྟོ་སྐྱེཝ་ད་ལུ་ ལུས་དང་སྟོབས་ཤུགས་ཆེ་བའི་གླང་ཆེན་ཨིན་རུང་ བཟུང་ཞིན་ན་ལས་མགུ་ཏོ་ནང་གི་གླེཔ་དང་ཤ་ཁྲག་ལ་སོགས་པ་ཚུ་ག་ར་འཐུང་སྟེ་ རྒུད་པ་ཚུ་སེལ་ཏེ་ ཨ་རྟག་ཁ་ལུ་གྱུར་དོ་བཟུམ་ཅིག་ཨིན།


ཐབས་དང་ཤེས་རབ་ཡོད་པ་ཅིན་ གནས་སྐབས་ཀྱི་རྐྱེན་ངན་ཚུ་ བསལ་ཚུགས་ནི་ཨིན་པའི་ ལོ་རྒྱུས་འདི་ཡང་ ཧེ་མ་ནག་ཚལ་གཅིག་ནང་ལུ་ སེངྒེ་རྡོེ་ཟེར་མི་གཅིག་དང་། ཝ་དང་ལྕེ་སྤྱང་ཁོང་གསུམ་སྡོད་ནུག སེངྒེ་འདི་གནམ་མེད་ས་མེད་ལྟོ་བཀྱེས་ཏེ་ ཁོ་གི་ཞབས་ཕྱི་ ཝ་དང་ལྕེ་སྤྱང་གཉིས་ལུ་ ལྟོ་འཚོལ་དགོཔ་སྦེ་སླབ་དོ་བཟུམ་ ཁོང་གཉིས་ཀྱིས་ལྟོ་ག་ཏེ་འཚོལ་རུང་ལྟོ་མ་ཐོབ་པས། ཚར་གཅིག་སྦེཝ་ད་གླངཔོ་ཆེ་དུང་རྣ་ཟེར་མི་ སོར་བཅུ་གཉིས་ཡོད་མི་གཅིག་ཐོབ་ནུག་ འདི་བཟུང་ཞིནམ་ལས་སེངྒེ་ལུ་སྦྱིནམ་ད་ལུ་ སེངྒེ་སེམས་དགའ་ཞིནམ་ལས་ སེངྒེ་གིས་ཆེཝ་གི་འབད་བསད་དེ་བཟའ་ནུག  འདི་བཟུམ་སྦེ་བློ་གྲོས་ཆེན་པོ་རྒུད་རུང་ ཐབས་ཤེས་རྣམ་པ་སྣ་ཚོགས་སྟོན་འོང་ཟེར་ཨིན་པས།

མཁས་པ་ཨིན་མེན་ བརྟགས་དཔྱད་འབད་ནི་གི་ ཐབས་ལམ།

མཁས་པ་རྩད་ཅིང་མ་དྲིས་པར། །དེ་ཡི་བར་དུ་གཏིང་མི་དཔོགས། །

རྔ་ལ་དབྱུག་གུས་མ་བསྣུན་པར། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །

ཚིགས་བཅད་འདི་གི་གོ་དོན། ང་བཅས་འཇིག་རྟེན་གྱི་དཔྱེ་གཏམ་ལུ་ཡང་ ཨིན་ན་མིན་ན་བལྟཝ་ད་ཤེས། །རྡོ་རྗེ་གྲོལ་ལོ་འཆམ་ད་ཤེས། །ཟེར་བསླབ་དོ་བཟུམ་ མི་མཁས་པ་ཨིན་ན་མེན་ན་འདི་ རྩོད་པ་རྩད་ དྲི་བ་ཚུ་དྲིས་ལྟཝ་ད་རྐྱངམ་ཅིག་ ཁོ་གི་རྒྱུད་ལུ་ཡོན་ཏན་ཡོད་མེད་ ཧ་གོ་ཚུགཔ་མ་གཏོགས་ ཕྱི་ལས་ལྟཝ་ད་ ཟི་བརྗིད་ཆེཝ་སྦེ་མཐོང་མི་དང་ དབང་ཐངདང་རྒྱུ་ནོར་ ཁ་ཤུགས་ལ་སོགས་པ་ཚུ་ཡོད་མེད་ལུ་ལྟ་སྟེ་ ཁོ་གི་རྒྱུད་ལུ་ཡོན་ཏན་ ཡོད་མེད་ རྩ་ལས་རང་ཧ་གོ་མི་ཚུགས་ཟེར་ཨིན་པས།


དཔེ་འབད་བ་ཅིན་ རྔ་འདིའི་སྐད་ལེགས་ཤོམ་འདུག་ག་ མིན་འདུག་འདི་ རྔ་དབྱུག་པ་གིས་ཚར་གཅིག་བརྡུང་ལྟཝ་ལས་ མི་ཤེས་དོ་བཟུམ་ མཁས་པ་ཨིནམ་མིན་ཡང་ དྲི་བ་དྲིས་ལན་ལ་སོགས་པ་ཚུ་འབད་ལྟཝ་ད་ལས་ མི་ཤེས་ཟེར་ཨིན་པའི་ཁུངས་འདི་ཡང་ ལོ་རྒྱུས་ཀྱི་ཐོག་ལས་འབད་བ་ཅིན་ རོང་སྟོན་ཆོས་ཀྱི་རྒྱལ་པོ་གྲུབ་དབང་སྐལ་ལྡན་རྒྱ་མཚོའི་གསུང་ལས་ འཇམ་དབྱངས་ས་པཎ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་མཐོང་ཐོས་དོན་ལྡན། (n.d)  དེ་ཡང་ཧེ་མ་ས་སྐྱ་པཎྜི་ཏ་འདི་ མདོ་སྔགས་རིག་གནས་ལུ་མཁས་པའི་སྐྱེས་བུ་དམ་པ་གཅིག་ཨིནམ་ཞིན་དུ་ ཁོ་གི་སློབ་མ་འདི་ཚུ་རྒྱ་གར་ལུ་འགྱོ་ཞིནམ་ལས་ རྡོ་རྗེ་གདན་གྱི་སྒོ་ལུ་ ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །འགྲོ་ཀུན་བདེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཟེར་བསྟོད་སྔགས་ལེ་ཤ་ བརྗོད་ས་ མཐོངམ་ལས་བརྟེན་ མུ་སྟེག་འཕྲོག་བྱེད་དགའ་བོ་ལ་སོགས་པ་ཚུ་ མཁས་པ་ཨིན་ཟེཝ་ད་ཡིད་མ་ཆེསཔ་ལས་ རྩོད་པ་བརྩད་དགོ་སྦེ་མནོ་སྟེ་ དུས་བཏབ་བཟོ་ཞིན་ལས་ རྩོད་པ་རྩད་ནུག།


དེ་ཚེ་ཕྱི་པའི་སྟོན་པ་ མུ་སྟེག་འཕྲོག་བྱེད་དགའ་བོ་འདི་ ལུང་དང་རིགས་པ་ དུ་མ་གིས་ ཚར་བཅད་དེ་ ཕམ་བཏང་བའི་ཤུལས་ མུ་སྟེག་གི་སྟོན་པ་རྐྱངམ་ཅིག་གི་མ་ཚད་པར་ ནང་པའི་གང་ཟག་ག་ར་གིས་ མདོ་སྔགས་ གཞུང་ལུགས་ ཀུན་ལ་མཁས་པའི་ སྐྱེས་བུ་གཅིག་ ཨིནམ་སྦེ་ཧ་གོ་ཚུགས་ནུག འདི་བཟུམ་སྦེ་མཁས་པ་ཨིན་ན་མིན་ན་རྩོད་པ་བརྩད། དྲི་བ་དྲིས་འབདཝ་ད་རྐྱངམ་ཅིག་ལས་མི་ཤེས་ཟེར་བའི་དོན་ཨིན་པས།

མི་ཚེ་ནང་ལུ་ཡོན་ཏན་ ཁག་ཆེ་བའི་ཁུངས་ དཔེ་དོན་སྦྱར་ནས་བསྟན་པ།

རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །

སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །

ཚིག་བཅད་འདི་གི་གོ་དོན་སྦེ་བ་ཅིན། རིག་པའི་གནས་འདི་ཚུ་ལུ་ ང་བཅས་ག་ཨིན་རུང་ ཟླཝ་གཅིག་གི་རྒྱབ་ལས་ཤི་ནི་ཨིན་པ་ཅིན་ཕར་ཞག་ བསྡད་ནི་དུས་ཚོད་ ད་རིས་གཅིག་ལས་ མེད་དེ་སྦེ་རུང་ཡང་ ལྷབ་དགོ་ཟེར་ཨིན་པས། རྒྱུ་མཚན་ག་ཅི་སྦེ་སྨོ་ཟེར་བ་ཅིན། རིག་པའི་གནས་ལུ་སྦྱང་བརྩོན་འབད་མི་ལུ་བརྟེན་ ཚེ་ད་ལྟོ་མཁས་པའི་གོ་འཕང་མ་ཐོབ་རུང་ སྐྱེ་བ་ཕྱི་མར་ལུ་ལྷོདཔ་ད་ ང་བཅས་ཀྱི་རྒྱུ་ནོར་ རོགས་ལུ་བཏམས་བཞག་མི་འདི་ ལོག་སྟེ་རང་ལུ་ལེན་དོ་བཟུམ་ སྐྱེས་བ་ཧེ་མ་ རིག་པའི་གནས་ལུ་སྦྱང་བརྩོན་འབད་བའི་ བག་ཆགས་ཀྱི་དབང་གིས་སྐྱེས་བ་ཕྱི་མ་ལུ་རང་བཞིན་གྱིས་མཁས་པའི་གོ་འཕང་ནི་ལུ་ལྷོད་ནི་གི་ ཁེ་ཕན་སྦོམ་ཡོད།


འདི་མ་ཚད་ མི་ཚེ་གནག་དུང་དུ་ནང་ལུ་ རིག་པའི་གནས་ལུ་ སྦྱང་སྟེ་ཐོབ་པའི་ ཤེས་ཡོན་གྱི་གློག་མེ་འདི་མེད་པ་ཅིན་ མི་ཚེ་འདི་ནང་ བཟང་ངན་བླང་དོར་གྱི་ཁྱད་པར་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་པར་ལུ་ནི་ཨིནམ་ལས་བརྟེན་ རིག་པའི་གནས་ཚུ་སྦྱང་དགོཔ་འདི་ཁག་ཆེཝ་ཨིན་པས།  

རང་གི་རྒྱུད་ལུ་ ཡོན་ཏན་ཡོད་པ་ཅིན་ འཁོར་སློབ་མ་ཚུ་ རང་བཞིན་གྱིས་ འཁོར་ནི་ཨིན་པའི་ཁུངས་བསྟན་པ།

ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །

དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །

ཚིགས་བཅད་འདི་གི་གོ་དོན་འབད་བ་ཅིན། འཇིག་རྟེན་པའི་ དཔྱེ་གཏམ་ལུ་ ཨ་མའི་བུ་ལ་ཡོན་ཏན་ཡོད་ན། །དགའ་ལྡན་ཁྲི་ལ་བདག་པོ་མེད། །ཟེར་དོ་བཟུམ་ རང་གི་རྒྱུད་ལུ་ཡོན་ཏན་རང་ཡོད་པ་ཅིན་ ཆོས་ཞུ་མི་ སློབ་མ་འདི་ཚུ་ མ་ཐོབ་ནི་གི་ ཚ་གྱང་མེད་པ་ ང་བཅས་ཚུ་གིས་ འཚོལ་ཞིནམ་ལས་ ཤོགས་ཟེར་མ་འབོ་འདི་འབད་རུ་ རང་བཞིན་གྱིས་ ང་བཅས་ཀྱི་ འཁོར་སློབ་མ་འབད་དེ་ ཆོས་ཞུ་བ་ཐོན་འོང་ཟེར་ཨིན་པས།


དེ་སྦེ་འོང་ནི་ཨིན་པའི་ དཔེ་འདི་ཡང་ དྲི་ཞིམ་པའི་མེ་ཏོག་འདི་ ས་ཐག་རྒྱང་རིང་ལུ་ཤར་འདི་ཡོད་རུང་ མེ་ཏོག་སྦེ་སར་གསེར་སྦྱམ་འདི་ཚུ་ སྦྱང་ལེན་པ་ རང་བཞིན་གྱིས་ས་མུ་འཁོར་དོ་བཟུམ་ འཁོར་འོང་ཟེར་ཨིན་པས། དོན་བཅུད་བསྡུ་བ་ཅིན་ རང་གི་རྒྱུད་ལུ་སྦྲང་རྩི་དང་འདྲ་བའི་ཡོན་ཏན་རང་ཡོད་པ་ཅིན་ གསེར་སྦྱམ་དང་འདྲ་བའི་སྐྱེ་བོ་འདི་ཚུ་ཡང་རང་བཞིན་གྱིས་ མེ་ཏོག་ལུ་འཁོར་དོ་བཟུམ་རང་བཞིན་གྱིས་འཁོར་ཏེ་འཐོན་འོང་ཟེར་ཨིན་པས།


དེ་སྦེ་ཨིན་པའི་ཁུངས་ཡང་ ལོ་རྒྱུས་ཀྱི་ཐོག་ལས་བཤད་པ་ཅིན། སྐྱེས་པའི་རབས་ཀྱི་རྒྱུད། (n.d) དེ་ཡང་ཧེ་མ་སངས་རྒྱས་བཅོམ་ལྡན་འདི་ སངས་མ་རྒྱས་པའི་ཧེ་མ་ དོན་མཐུན་པ། དོན་སྤྱོད་པ། སྦྱིན་པ་སྦྱིན་པ། སྙན་པར་སྨྲ་བ་སྟེ་འདུ་བའི་དངོས་པོ་བཞི་དང་། གཞན་ཡང་ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཁྱད་དུ་འཕགས་པ་ཡོདཔ་ལས་བརྟེན་ རིགས་ཁྱད་པར་ཅན་བྲམ་ཟེའི་རིགས་གཅིག་ལུ་སྐྱེས་བ་བཞེས་ནུག དེའི་སྐབས་ལུ་ཧེ་མའི་བག་ཆག་གིས་དབང་གིས་ ལེ་ལོ་མེད་པ་རིག་པ་ཅན་ རིགས་པའི་གནས་བཅོ་བརྒྱད་ལ་སོགས་པ་ ག་ཅི་ཨིན་རུང་སློབ་དཔོན་གྱིས་སྟོནམ་ཅིག་ ཤེས་ཚུགས་ནུག།  


དེ་ལས་རིག་བྱེད་དང་སྒྱུ་རྩལ་ལ་སོགས་པ་ཚུ་གཞན་ལུ་སྟོན་དགོ་རུང་ སྟོན་ཚུགས་པའི་སློབ་དཔོན་གཅིག་ལུ་གྱུར་ཡོདཔ་ལས་ མི་འདི་ཚུ་གིས་མ་ཚད་པར་ རྒྱལ་པོ་ག་ར་གི་རྩི་བཀུར་འབད་དེ་ རྒྱལ་པོ་བཟུམ་གཅིག་ལུ་གྱུར་ཏེ་ རྙེད་པ་དང་བཀུར་སྟི་ སྙན་གྲགས་ཀྱིས་ འཇིག་རྟེན་ས་གསུམ་ཡང་ཁྱབ་སོང་ཡོདཔ་ཨིན་པས།


ཨིན་རུང་འདོད་པའི་ཡོན་ཏན་འདི་ ལན་ཚྭའི་ཆུ་བཟུམ་ སྙིང་པོ་མེད་པར་གཟིགས་ཏེ་ རི་ཁྲོད་ལུ་བྱོན་ནུག དེ་ལས་ཤེས་རབ་དང་ལྡན་པ་ རྒྱུད་ཞི་ཞིང་འདུལ་བ་ འཇིག་རྟེན་པའི་སྤྱོད་པ་དང་བྲལ་བ། ངན་པའི་སྤྱོད་པ་མཐའ་དག་སྤངས་བ། རྙེད་བཀུར་དང་གྲགས་པ་ལུ་ཆགས་པ་མེད་པ། འདོད་ཆུང་ཆོག་ཤེས་པ། རྒྱུད་སྙིང་རྗེ་དང་བྱམས་པས་གང་བ། སེམས་དྲང་བ་ ཚུལ་ཁྲིམས་གཙང་ཞིང་ དབང་པོ་ཡོངས་འདུལ་བ་ ཡོདཔ་ལས་བརྟེན་ སློབ་མའི་ཚོགས་རྣམས་ རང་བཞིན་གྱིས་གསེར་སྦྱངམ་མེ་ཏོག་ལུ་འཁོར་དོ་བཟུམ་འཁོར་དེ་ འཁོར་སློབ་མ་དཔག་ཏུ་མེད་པ་བྱུང་ནུག།


ཡོན་ཏན་མཐར་ཕྱིན་པའི་མཁས་པ་ལུ་ བསྟོད་བསྔགས་བརྗོད་པ།

མཁས་པ་ཡོན་ཏན་ཀུན་བསླབས་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ།

བློ་ངན་ཤེས་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །

ཞེས་གསུངས་མི་ཚིགས་བཅད་འདིའི་གོ་དོན་སྦེ་བ་ཅིན། མི་མཁས་པ་ཕྱི་ནང་གི་ཡོན་ཏན་ག་ར་མཐར་ཕྱིན་སྦེ་ལྷབ་ཚར་བའི་ མི་གཅིག་གིས་ཀྱང་ འཇིག་རྟེན་ནང་ལུ་ཡོད་པའི་ སེམས་ཅན་འདི་ཚུ་གི་དོན་ མཛད་ཚུགས་ནི་ཨིན་པའི་ དཔེ་འདི་ཡང་ ཉིནམ་ཤརཝ་ད་ལུ་ འཇིག་རྟེན་འགྲོ་བ་སེམས་ཅན་ཚུ་གི་ མུན་པ་འདི་བསལ་ཞིནམ་ལས་ འགྱོ་ནི་དང་སྡོད་ནི་ ལ་སོགས་པའི་ལཱ་ཚུ་བསྒྲུབས་ཚུགས་དོ་བཟུམ་ཨིན་པས།


ཨིན་རུང་ བློ་གྲོས་ངན་པ་ ཤེས་ཡོན་མཐར་ཕྱིན་མ་ཚུགས་མི་ གཅིག་ཨིནམ་པ་ཅིན་  ཁོ་གི་རྒྱུད་ལུ་ ཆུང་ཀུ་རེ་ཤེས་པའི་ ཡོན་ཏན་ལེ་ཤ་ཡོད་འདི་སྦེ་རུང་ མཐར་ཕྱིན་སྦེ་ལྷབ་མི་ གཅིག་ཡང་མེདཔ་ལས་ འཇིག་རྟེན་ནང་ འགྲོ་བ་སེམས་ཅན་ཚུ་གི་དོན་འབད་ཚུགས་ནི་ཕར་བཞག་ རང་གི་དོན་ཡང་བསྒྲུབ་མི་ཚུགས་ནི་ཨིན་པས། དཔེ་འབད་བ་ཅིན་ ཉིནམ་ཤརཝ་ཅིག་ འཇིག་རྟེན་ག་ར་ལུ་ཁྱབ་ མུན་པ་བསལ་ཞིནམ་ལས་ འཇིག་རྟེན་ནང་ འགྲོ་བ་སེམས་ཅན་ཚུ་གི་ འགྱོ་ནི་དང་སྡོད་ནི་ལ་སོགས་པའི་ ལཱ་ཚུ་ག་ར་འབད་ནི་ལུ་ ཁེ་ཕན་བྱུང་ཚུགསཔ་ཨིན། ཨིན་རུང་  ནམ་མཁའ་ལུ་སྐརམ་ བརྒྱ་སྟོང་ལེ་ཤ་ ཤར་འདི་རང་སྦེ་རུང་ འཇིག་རྟེན་ནང་གི་ མུན་པ་ཚུ་ག་ར་བསལ་ཏེ་ འགྲོ་བ་སེམས་ཅན་ཚུ་གི་ ལཱ་འབད་ནི་ལུ་ ཕན་པ་བྱུང་མི་ཚུགས་དོ་བཟུམ་ཨིན་པས།


དེ་སྦེཝ་ལས་ ཡོན་ཏན་མཐར་ཕྱིན་སྦེ་ལྷབ་དགོཔ་འདི་ ཁག་ཆེཝ་ཨིན་པའི་ ལོ་རྒྱུས་འདི་ཡང་ བསེ་ཚང་བློ་བཟང་དཔལ་ལྡན་གྱིས། (༢༠༠༡) དེ་ཡང་ཧེ་མ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ རབ་ཏུ་མ་བྱུང་བའི་ཧེ་མ་རྒྱལ་པོའི་སྲས་སྦེ་བཞུགསཔ་ད་ དགུང་ལོ་བདུན་ལས་འགོ་བཟུང་བཅུ་དྲུག་ཚུན་ བཟོའི་རིགས་ཡིག་རིགས་དྲུག་ཅུ་རྩ་བཞི་དང་། སྟོབས་དང་སྒྱུ་རྩལ་ལ་སོགས་པ་ཕྱི་ནང་མཐུན་མོང་གི་བསྟན་བཅོས་སྨྲ་བ་དང་། ལུས་ངག་གི་བྱ་སྤྱོད་ག་ར། དེ་ལས་སློབ་དཔོན་ཀུན་གྱི་བཤེས་གཉེན་ཟེར་མི་ལས་ཡིག་རིགས་ལྷབ་སྟེ་ཚར་གཅིག་གུ་ ཐོག་པ་མེདཔ་མཁྱེན་ཏེ་མཁས་པ་ལུ་གྱུར་སོང་ནུག་ འདི་བཟུམ་སྦེ་མདའ་རྐྱབ་ཐངས་དང་ ཆུ་ནང་ལུ་རྐྱལ་རྐྱབ་ཐངས། འདེགས་མཆོང་སོགས་སྒྱུ་རྩལ་དྲུག་ཅུ་རེ་བཞི་ བཟོ་རིགས་མ་འདྲཝ་ཡོད་ཚད་ལུ་ ལྷབ་སྦྱངས་མཛད་དེ་མཐར་ཕྱིནམ་མ་ཚད་ ག་གིས་ཡང་དོ་འགྲན་འབད་མ་ཚུགས་པའི་མཁས་པ་གཅིག་ལུ་གྱུར་སོང་ནུག།


ཨིན་རུང་འདི་ཚུ་ག་ར་སྙིང་པོ་མེདཔ་མཁྱེན་ཞིནམ་ལས་ རྒྱལ་ཆེན་བཞིས་སྟེང་གི་ནམ་མཁའ་ལུ་གདན་དྲངས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་དེ་ ལྷ་གིས་ཕུལ་མི་ན་བཟའ་ངུར་སྨྲིག་བཞེས་ཏེ་རབ་ཏུ་བྱུང་བར་མཛད་ནུག དེ་ལས་བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཤུལ་ལས་ རྒྱ་གར་ལུ་དར་རྒྱས་ཆེ་བའི་མུ་སྟེགས་པའི་ཆོས་ལུགས་ལུ་ ཟས་སྤངས་མི་དང་མེ་ལྔ་ལུ་བསྟེན་ཏེ་ ལུས་ཀྱི་དཀའ་ཐུབ་འབད་དེ་ འཁོར་བ་ལས་ཐར་འོང་ཟེར་ཁས་ལན་མི་ འདི་ཚུ་གི་ཁས་ལན་དེ་ འཛོལ་བ་ཨིནམ་ཧ་གོ་ཐབས་ལ་སོགས་པའི་དགོས་པ་དང་རྒྱུ་མཚན་ ལེ་ཤ་གཅིག་ལུ་གཟིགས་ཏེ་ ཆུ་བོ་ནཻ་རཛཉ་ན་ཟེར་སའི་ཉེ་འགྲམ་ལུ་ ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་གཅིག་གིས་ཏིང་ངེ་འཛིན་ལུ་བཞུགས་ནུག


བཟའ་ནི་དང་འཐུང་ནི་རིགས་ག་ནེ་ཡང་མེད་པར་ ལོ་དྲུག་གི་རིང་ལུ་དཀའཝ་སྤྱད་གནང་ནུག དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་ ལུས་ནགཔོ་ལུ་གྱུར་ཡོདཔ་ལས་ མི་འདི་ཚུ་གིས་དགེ་སྦྱོང་ནག་པོ་ཟེར་བསླབ་ནུག་ དེ་ལས་ལུས་ངག་གི་དཀའ་ཐུབ་རྐྱངམ་གཅིག་ལུ་སྙིང་པོ་མེདཔ་མ་ཚད་ སྤྱོད་པ་འདི་རྐྱངམ་གཅིག་གིས་ བྱང་ཆུབ་ཀྱི་གོ་འཕང་ཡང་ཐོབ་མི་ཚུགསཔ་མཁྱེན་ཏེ་ ལོག་ཁ་ཟས་རགས་པ་གསོལཝ་ད་ སྐུ་གསེར་གྱི་མདོག་ཅན་འོད་ཟེར་འཕྲོ་བའི་རང་བཞིན་ཅན་ལུ་གྱུར་ནུག་ དེ་ལས་རྒྱ་གར་རྡོ་རྗེ་གདན་ལུ་བྱོན་ཞིནམ་ལས་ སེངྒེའི་ཁྲིའི་ཐོག་གུར་ རྩྭ་ཀུ་ཤའི་རྩེ་མོ་ཚུ་ནང་ན་བསྟན་ཞིནམ་ལས་ གདན་བཏིང་ འདིའི་ཐོག་ལུ་སྐྱིལ་མོ་ཀྲུང་སྦེ་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང༌། དྲན་པ་རྩེ་ཅིག་གུ་བཞག་སྟེ་ སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང༌། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཟེར་དམ་བཅའ་མཛད་དེ་ སྟོང་ཉིད་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ མཐར་ཕྱིན་ཏེ་སངས་རྒྱས་ནུག།


འདི་བཟུམ་སྦེ་སངས་རྒྱས་ཚར་བའི་མཐའ་མ་ལུ་སེམས་ཅན་ཚུ་གི་ཁམས་དབང་བསམ་པ་དང་མཐུན་ གང་ལ་གང་འདུལ་གྱི་ཚུལ་དུ་འགྲོ་དོན་མཛད་པའི་ནུས་སྟོབས་དཔག་ཏུ་མེད་པ་མངའ་ནུག དཔེ་འདི་དང་ཆ་འདྲཝ་སྦེ་ ཡོན་ཏན་མཐར་ཕྱིན་སྦེ་ ལྷབ་སྦྱང་མི་གང་ཟག་གཅིག་གིས་ འཇིག་རྟེན་ནང་ལུ་སེམས་ཅན་གྱི་འགྲོ་དོན་འབད་ཚུགས་ཟེར་ཨིན་པས།

ང་རྒྱལ་སྤང་ཞིནམ་ལས་ རང་ལུ་ཉེ་བར་མཁོ་བའི་ ཡོན་ཏན་ཆུང་ཀུ་ཅིག་ ཨིན་རུང་ ལེན་དགོཔ་ ཁག་ཆེ་བར་བསྟན་པ།

མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །

དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །

ཚིགས་བཅད་འདི་གི་གོ་དོན། མི་མཁས་པ་གཅིག་ཨིན་པ་ཅིན་ རང་གི་རྒྱུད་ལུ་ འཆད་རྩོད་ རྩོམ་གསུམ་གྱི་ ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ་སྦེ་རུང་ ང་རང་མཁས་ ང་གིས་རང་ཤེས་ ང་བ་ལྷགཔ་གཞན་ག་ཡང་མེད་ཟེར་ ང་རྒྱལ་བསྐྱེད་དེ་ མ་སྡོད་པར་ སངས་རྒྱས་ཀྱི་གོ་འཕང་ འཐོབ་དགོ་པ་ཅིན་ ཀུན་ཚང་ཤེས་ཡོན་འདི་ཁག་ཆེཝ་ཨིནམ་ལས་ ད་རུང་གཞན་ལས་ ཡོན་ཏན་ཆུང་ཀུ་གཅིག་ཨིན་རུང་ ལེན་འོང་ཟེར་ཨིན་པས།


དེ་འབདཝ་ལས་ གོང་ལུ་བཤད་དོ་བཟུམ་གྱི་ང་རྒྱལ་སྤངས་ཞིནམ་ལས་ གཞན་ལུ་ཡོད་པའི་ཆུང་ཀུ་ལས་འགོ་བཙུགས་ཏེ་ ལེན་ལུ་མི་བརྟེན་ མགྱོག་བ་རང་ ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ འཐོབ་འོང་ཟེར་ཨིནམ་ལས་ འདི་གི་ཁུངས་ཡང་ པདྨ་བཀའི་ཐང་ཡིག་ལས་ (༡༩༦༦) དེ་ཡང་ཧེ་མ་ཨྱོན་པདྨ་འབྱུང་གནས་འདི་ ཕ་མེད་མ་མེད་རྒྱ་མཚོའི་བུ་ནང་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ དེ་ལས་རྒྱལ་པོ་ཨིནྡྲ་བོ་དྷིས་སྤྱན་དྲངས་ཞིནམ་ལས་རྒྱལ་སྲས་སྦེ་བཞག་གནང་ནུག རིམ་པ་བཞིན་དུ་སྐུ་ན་ སྦོམ་འགྱོ་ཞིནམ་ལས་ རྒྱལ་ཁབ་ཀྱི་དགུ་ཁྲིད་སྦེ་ ཁྲི་མངའ་གསོལ་མཛད་དེ་ རྒྱལ་ཁབ་ཀྱི་དབང་ཆ་ ཡོད་ཚེ་ཅིགཔོ་ ག་ར་ཡབ་རྒྱལ་པོ་གིས་ རྒྱལ་སྲས་ལུ་རྩིས་སྤྲོད་གནང་དོ་བཟུམ་ བརྩིས་བཞེས་ཏེ་ལོ་ལྔའི་རིང་ལུ་རྒྱལ་སྲིད་བསྐྱོངས་གནང་ནུག ཨིན་རུང་འཇིག་རྟེན་གྱི་བྱ་བ་འདི་ཚུ་སྙིང་མེདཔ་མཁྱེན་ཏེ་ ཐབས་ཤེས་ཀྱི་སྒོ་ལས་རྒྱལ་སྲིད་ཀྱི་བྱ་བཞག་སྤངས་ཏེ་ དུར་ཁྲོད་ལུ་བྱོན་ཞིན་ན་ རྣལ་འབྱོར་གྱི་སྤྱོད་པ་མཛད་དེ་བཞུགས་ནུག་ དེ་ལས་རྒྱ་གར་བཀའ་སྐྱོང་བྲག་ཕུག་ཟེར་མི་ལུ་བྱོན་ཏེ་ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ སྒྲུབ་པ་ཞག་བདུན་གནངམ་ད་ལུ་སྒྲུབ་པ་ཐོབ་ ཞི་བའི་ལྷ་ཚོགས་ཚུ་ གནམ་མཁའི་འཇའ་མཚོན་བཟུམ་བྱོན་ཏེ་ཞལ་གཟིགས་གནང་ནུག དངོས་གྲུབ་རྣམ་གཉིས་ཐོབ་མ་ཚད་ སྐྱེ་ཤི་མེད་པའི་རྡོ་རྗེའི་ལུས་སུ་གྱུར་བའི་ཚེའི་དངོས་གྲུབ་ཡང་ཐོབ་ཡོདཔ་ཨིན་པས།


གཞན་ཡང་འཇིགས་སུ་རུང་བའི་དུར་ཁྲོད་འདི་ཚུ་ལུ་བྱོན་ཞིནམ་ལས་མཁའ་འགྲོ་མ་འདི་ཚུ་ལུ་ཆོས་སྟོན་ཏེ་ལོ་ལྔའི་རིང་ལུ་བཞུགས་ཞིནམ་ལས་ དེ་ལས་ བྱོནམ་ད་ལུ་ གསལ་ལྡན་ཟེར་མིའི་གཡུས་གཅིག་ནང་ལྷོལད་དེ་ ཤཱཀྱའི་དྲང་སྲོང་སྲེད་སྒྲུབ་ཟེར་མི་དང་ཕྱད་ནུག་ ཨྱོན་པདྨས་ཁོ་ལུ་ཁྱོད་ཀྱིས་ག་ཅི་ཤེས་ཟེར་དྲིཝ་ད་ ཁོ་གི་ང་གིས་རྩིས་ཤེས་ཟེར་ཞུ་ནུག དེ་ལས་གུ་རུ་གིས་ ཁོ་ལས་རྩིས་ཀྱི་རིགས་ཚུ་ ལྷབ་སྦྱང་མཛད་གནང་ནུག འདི་མ་ཚད་རང་གིས་ཧེ་མ་ མ་མཁྱེན་མི་ག་ཅི་ཡང་མེད་རུང་ ད་རུང་གཞན་ལས་མདོ་སྔགས་རིག་གནས་དང་བཅས་པ་ཆ་ཚང་ ་ལྷབ་སྦྱང་མཛད་གནང་ནུག་ འདི་བཟུམ་མཁས་པའི་འདི་ཚུ་གིས་རང་གིས་ཤེས་འདི་སྦེ་རུང་ གཞན་ལས་ཆུང་ཀུ་གཅིག་ལས་འགོ་བཟུང་ལེན་ཨིན་པས།

ཐབས་ལ་མཁས་པའི་ ཤེས་རབ་ཡོད་པ་ཅིན་ དགྲ་འདི་ཚུ་གིས་ གནོདཔ་ བཀལ་མི་ཚུགས་ནི་ཨིན་པའི་ ཁུངས་བསྟན་པ།

མཁས་པ་ཤེས་རབ་ཀྱིས་བསྲུང་ན། །དགྲ་བོ་མང་ཡང་ག་ལ་ཚུགས། །

འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ། །

ཚིག་བཅད་འདི་གི་གོ་དོན། རང་གི་རྒྱུད་ལུ་ བཟང་ངན་ག་ཅི་ཨིན་ན་ བརྟགས་དཔྱད་འབད་དེ་ ལཱ་འབད་ནི་གི་ རྣམ་དཔྱོད་ ཤེས་རབ་དང་ལྡན་འདི་ཡོད་པ་ཅིན་ ཕྱི་ཁའི་དགྲ་ ཆུང་ཀུ་གིས་ ཕར་བཞག་ དགྲ་སྦོམ་ དགྲ་མངམ་ ག་དེ་ཅི་འོང་འདི་སྦེ་རུང་ར་ གནོད་པ་ཆུང་ཀུ་གཅིག་ཡང་བསྐྱེལ་མི་ཚུགས་ནི་ཨིན་པས། དཔྱེ་བ་ཅིན་ ཧེ་མ་རྒྱ་གར་ལུ་ འཕགས་རྒྱལ་ཟེར་མི་གི་གཡུས་ལུ་ བྲམ་ཟེ་རིགས་ལས་འཁྲུངས་མི་ གཙུག་ཕུད་ཅན་ཟེར་མི་གཅིག་སྡོད་ནུག ཁོ་རྐྱངམ་གཅིག་གིས་དགྲ་མིའུ་ཐུང་ཁ་པ་ར་ཟེར་མི་ལ་སོགས་ཚུ་ག་ར་ ཐབས་ཤེས་ཀྱིས་ཐོག་ལས་ བཅོམ་ཡོད་པའི་ལོ་རྒྱུས་ཡོད་དོ་བཟུམ་སྦེ་ དགྲ་འདི་ཚུ་ ཐབས་ཤེས་ཀྱི་ཐོག་ལས་ བཏུལ་ཚུགས་ཟེར་ཨིན་པས།


དེ་ཡང་ཧེ་མ་རྒྱ་གར་ལྷོ་ཕྱོགས་འཕགས་རྒྱལ་ཟེར་མི་ གཡུས་ཚན་སྦོམ་གཅིག་ནང་ ཨརཝ་རྐུ་མི་ མིའུ་ཐུང་ཁ་བ་ར་ཟེར་མི་ ཕྱུགཔོ་གཅིག་ཡོདཔ་ཨིནམ་ད་ དེ་ལས་བྲམ་ཟེ་གི་བུ་ གཙུག་ཕུད་ཅན་ཟེར་མི་ སྤྱང་ཀ་གཅིག་ཡང་ཡོད་ཨིན་པས།  ཁོ་གི་ཁྱིམ་ནང་ལུ་ཡོད་རུང་མེད་རུང་ ཨང་རྒས་གཅིག་དང་ར་གཅིག་ལས་ གཞན་ག་ནི་ཡང་མེདཔ་ལས་ གཙུག་ཕུད་ཅན་ཁོ་གི་སེམས་ཁར་ལུ་ མིའུ་ཐུང་ཁ་བ་ར་ མགོ་སྐོར་རྐྱབ་སྟེ་ ཏི་རུ་ལེན་དགོ་པས་མནོ་སྟེ་ མི་གཞན་ལས་ རྒྱན་ཆ་དང་གོ་ལ་སོགས་པ་ཚུ་ བརྙ་འབག་འོང་སྟེ་ ཁོ་གི་ཁྱིམ་ནང་བཞག་ དེ་ལས་མིའུ་ཐུང་ཁ་བ་ར་ མགྱོན་སྦེ་འབོ་ཞིནམ་ལས་ ལྟོ་དང་ཆང་ལ་སོགས་པ་ཚུ་བྱིན་ཏེ་ ཁོ་གི་ཅ་ལ་འདི་ཚུ་ཡང་ མིའུ་ཐུང་ཁ་བ་ར་གིས་ མཐོང་ས་སྒྲོམ་གཅིག་གི་ནང་ལུ་བཙུག་སྟེ་ ལྡེ་མིག་རྐྱབ་བཞག་ནུག།


དེ་ལས་མིའུ་ཐུང་ཁ་བ་ར་གིས་ ཁོ་འདི་མི་ཕུགཔོ་གཅིག་ཨིན་པས་ ང་ཨརཝ་བརྐུ་དགོ་སྦེ་ཟེར་མནོ་ཞིནམ་ལས་ ཨརཝ་བརྐུ་བར་འོངམ་ད་ མི་སྤྱང་ཀ་འདི་གིས་བཟུང་སྟེ་ ཁྱོད་རྒྱལཔོ་ལུ་སྤྲོད་ནི་ཨིན་ཟེར་སླབ་ད་ ཁྱོད་ར་བདེན་ ཨིན་རུང་ ང་རྒྱལཔོ་ལུ་མ་སྤྲོད་ ང་གིས་ཁྱོད་ལུ་ ག་ཅི་དགོ་ནི་ཟེར་ནི་སླབ་མི་ཅིག་བྱིན་ནི་ ང་བཏང་གནང་ཟེར་སླབ་ད་ ཨརཝ་རྐུ་མི་ལས་ ཏི་རུ་ལྔ་བརྒྱ་ལེན་ཞིནམ་ལས་ཁྱོ་བཏང་ནུག། འདི་བཟུམ་གྱི་ཐབས་ཤེས་ཡོད་པ་ཅིན་ མི་ངན་ག་བཟུམ་ཅིག་འོང་རུང་ གནོད་པ་བཀལ་མི་ཚུགས་ཟེར་ཨིནཔས།

                                                     

ཤེས་རབ་བསྐྱེད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདི་ ཁག་ཆེཝ་ཨིན་པའི་ཁུངས་བསྟན་པ།

བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ། །བློ་ལྡན་ཐབས་ཀྱིས་བདེ་བར་གསོ། །

ཆུ་ཀླུང་རྙོག་པས་ཆུད་གསན་པ། །ཆུ་མདངས་ནོར་བུས་དྭངས་པར་བྱེད། །

ཞེས་གསུངས་མི་ཚིགས་བཅད་འདིའི་གོ་དོན་སྦེ་བ་ཅིན། དེ་ཡང་ཇི་སྐད་དུ། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཟེར་གསུངས་ཡོད་དོ་བཟུམ་ བློ་ཆུང་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་མི་ ཐེག་དམན་ ཉན་རང་གི་གང་ཟག་འདི་ཚུ་ སྟོང་པ་ཉིད་ཀྱི་དོན་སེམས་ལུ་མ་ཤོང་བར་ འཁྲུགཔ་ད་ལུ་ བློ་ལྡན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་ཚུས་ ཐབས་དང་ཤེས་སྣ་ཚོགས་ཀྱི་ཐོག་ལས་ ཕན་ཚུན་གྱི་ དོགས་པ་འདི་ཚུ་ སེལ་ཞིནམ་ལས་ ལམ་ངན་གྱི་གཡང་ལས་སྐྱབས་ཏེ་ བདེ་བའི་ལམ་ལུ་བསྐྱེལ་ཚུགས་ཨིན། ཆུ་ཁམ་ལོག་སི་སི་ཡོད་མི་ཚུ་ག་ར་ ཆུ་མདངས་ནོར་བུ་ཟེར་འདི་གིས་ ཙོག་པ་ཚུ་ག་ར་བསལ་ཏེ་ གཙང་ཏོག་ཏོ་བཟོ་དོ་བཟུམ་ཅི་ཨིན། དེ་འབདཝ་ལས་ བློ་ཆུང་ཀུ་ལས་ བློ་གྲོས་ཆེན་པོ་ ཤེས་རབ་ རྣམ་དཔྱོད་དང་ལྡན་མི་ ཁྱད་དུ་འཕགས་པ་ཅིག་ ཨིནམ་ལས་ བླང་དོར་གྱི་ གཏན་ལ་ཕབས་ཚུགས་པའི་ ཤེས་རབ་འཐོབ་ནི་ལུ་བརྩོན་ཤུགས་ བསྐྱེད་དགོཔ་འདི་ཁག་ཆེ།


འཕྲལ་དང་ཕུག་གི་བདེ་བ་ སྒྲུབ་ནི་ལུ་མཁས་པའི་མི་གིས་ དཀའ་ངལ་ ག་བཟུམ་བྱུང་འདི་སྦེ་རུ་ འཕྲལ་གྱི་བདེ་བ་ལུ་ མནོ་བསམ་བཏང་ཏེ་ ལཱ་ངན་མི་འབད་ཟེར་བའི་ ཁུངས་བསྟན་པ། 

མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །བླུན་པོ་འཇུག་པའི་ལམ་མི་འགྲོ། །

ཆར་འདོད་བྱེའུ་སྐོམ་ན་ཡང་། །ས་ལ་བབས་པའི་ཆུ་མི་འཐུང་། །

ཚིགས་བཅད་འདི་གི་གོ་དོན། བཟང་ངན་བླང་དོར་གྱི་ལམ་ ངོ་ཕྱེ་ཚུགས་མི་ མཁས་པ་འདི་ཚུ་ལུ་ བྱ་སྟབས་མ་བདེཝ་ཚུ་ འབྱུང་མི་སྲིད། གལ་སྲིད་ ཚེ་ཧེ་མའི་ལས་ཀྱི་ དབང་གིས་འབད་འབྱུང་སྟེ་ ག་དེ་ཅིག་ཐབས་རྡུགས་རུང་ ཆོས་དང་འགལ་བའི་ལཱ་ གཞན་ལུ་མགུ་སྐོར་རྐྱབ་ནི་ ཨརཝ་བརྐུ་ནི་ལ་སོགས་པ་ཚུ་འབད་ནི་འདི་ མི་རྩ་རྒས་ཚུ་འགྱོ་ས་གི་ ལམ་བཟུམ་ཅིག་ཨིནམ་ལས། ལམ་འདི་གུ་ལས་ མཁས་པ་ཚུ་གིས་ རྩ་ལས་རང་ མི་འགྱོ། དཔེར་འབད་བ་ཅིན་ ཆར་རྐྱབ་སྟེ་ ཤིང་གི་འདབ་གུ་ ཆགས་ཡོད་མི་ཆུ་རྐྱངམ་ཅིག་ འཐུང་མི་བྱིའུ་ཆུང་འདི་ ག་དེ་ཅིག་ཁ་སྐོམ་འདི་སྦེ་རུང་ སྐད་རྐྱབ་ནི་རྐྱངམ་ཅིག་མ་གཏོགས་ ས་ཁར་ལས་འགྱོ་མི་ ཆུ་འདི་རྩ་ལས་མི་འཐུང་།


དཔེ་འདི་དང་ཆ་འདྲཝ་སྦེ་ མཁས་པ་འདི་ཚུ་ཐབས་མེད་པ་ ག་དེ་ཅི་ཐབས་རྡུགས་རུང་ གཞན་བླུན་པོ་འདི་ཚུ་བཟུམ་གྱི་བྱ་ངན་འདི་འབད་མི་སྲིད་ཟེར་ཨིན་པའི་ཁུངས་ཡང་ ལོ་རྒྱུས་ཀྱི་ཐོག་ལས་སྦེ་བ་ཅིན་ ཧེ་མ་རྒྱ་གར་ལུ་རྒྱལ་པོ་དྷརྨ་ས་ལ་ཟེར་མི་གཅིག་བཞུགས་ནུག ཁོ་གིས་ཉ་བ་ཏུ་ཏོ་ལ་ཟེར་མི་ལུ་ བློན་པོ་གི་གོ་གནས་གནང་ནུག འདི་མ་ཚད་མི་ལེ་ཤ་ཅིག་རང་ དཔོན་སྦེ་བསྐོས་གནང་ཡོདཔ་ཨིན་པས།


ཨིན་རུང་བཀའ་དྲིན་བསམ་མ་ཤེས་མི་ བློན་པོ་ངན་པ་ ལ་ལོ་གཅིག་གིས་ རྒྱལཔོ་བཀྲོངས་མ་ཚད་ རྒྱལཔོ་གི་ སྲས་ར་མ་ས་ལ་དང་ས་ལ་གཉིས་ཡང་གཡུས་སྒོ་འདི་ནང་ལས་བཏོན་བཏང་ནུག། དེ་ལས་ཉ་བ་ཏུ་ཏོ་ལ་གིས་ རྒྱལ་སྲིད་བཟུང་ཞིནམ་ལས་ ཁོ་གིས་རྒྱལ་པོ་ར་ཛ་དྷརྨ་ས་ལའི་བློན་པོ་ སན་ཏི་བི་གྲ་ཏ་ཟེར་མི་ལུ་ ཁྱོད་ཀྱིས་ མི་བསད་མི་ འདི་ཚུ་གི་ བློན་པོ་འབད་ད་ཟེར་བསླབས་ཏེ་ བློན་པོའི་གོ་གནས་བྱིན་ནུག།


ཨིན་རུང་ བློན་པོ་སན་ཏི་བི་གྲ་ཏ་གིས་ ང་གི་སྤུན་ཚུ་བསད་མི་ཁྱོད་ཨིནམ་ལས་ ང་ཁྱོད་ཀྱི་ བློན་པོ་མི་འབད་ཟེར་བསླབས་སྟེ་ རྒྱལཔོ་ངན་པ་ ཉ་བ་ཏུ་ཏོ་ལ་གི་ འོག་ལུ་བློན་པོའི་གོ་གནས་འབག་མ་བཏུབ་སྦེ། དེ་འབདཝ་ལས་བརྟེན་ ཁོ་ཡང་ རྒྱལཔོ་ཉ་བ་ཏུ་ཏོ་ལ་གིས་ བཟུང་ཞིནམ་ལས་བཙོན་ཁང་ནང་བཙུགས་ཏེ་ འཚོ་བའི་ཟས་ཡང་ཚད་ཅིག་ལས་མ་བྱིན་པར་བཞག་ནུག།


ཟླ་བ་གསུམ་གྱི་རྒྱབ་ལས་ རྒྱལཔོ་ཉ་བ་ཏུ་ཏོ་ལ་གིས་ ལྟཝ་ད་ལུ་ ཁོ་གི་གཟུགས་ག་ར་ སྤུ་གིས་ཁྱབ་ཡོདཔ་སྦེ་མཐོང་ནུག། ད་རུང་རྒྱལ་པོ་གིས་ཧེ་མ་བཟུམ་སྦེ་ ཁྱོད་བློན་པོ་འབད་ཟེར་སླབ་ད་ ཁོ་གིས་ ལན་ཧེ་མ་བཟུམ་སྦེ་རང་ བསླབས་ཡོདཔ་བརྟེན་ རྒྱལ་པོ་གིས་ཁོ་མི་ཤེས་རབ་ཡོད་མི་གཅིག་ཨིན་པས། བསད་བ་ཅིན་ཕངས་ནི་མས་ ཁོ་ང་བཅས་ཀྱི་དགྲ་ཨིནམ་ལས་གཡུས་གཞན་ཁ་ལུ་བཏང་བ་ཅིན་དྲག་ནི་མས་ཟེར་མནོ་སྟེ་ ཁོ་ཡང་གཡུས་སྒོ་འདི་ན་ལས་བཏོན་བཏང་ནུག།


དེ་འབདཝ་ལས་ གོང་ལུ་བཤད་དོ་བཟུམ་ མི་མནོ་བསམ་བཏམང་ཤེས་མི་ ཁས་པ་གཅིག་ཨིན་པ་ཅིན་ ག་དེ་ཅི་ ཐབས་རྡུགས་ཏེ་ ཤི་ནི་གི་སྲོག་ལུ་ཐུག་རུང་ གཞན་ མི་ངན་པའི་རྗེས་སུ་འཇུག་སྟེ་ ལཱ་ངན་ རྩ་ལས་རང་མི་འབད་ནི་ཨིན་པས།


ལུས་ངག་ཡིད་གསུམ་གྱི་བྱ་བ་ལུ་ བརྟགས་དཔྱད་འབད་ནི་གི་ ཤེས་རབ་ ཁག་ཆེཝ་བསྟན་པ།

ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །

སྲོག་ཆག་གྲོག་མ་མིག་མེད་ཀྱང་། །མིག་ལྡན་གཞན་ལ་ལྷག་པར་མགྱོགས། །

ཚིགས་བཅད་འདི་གི་གོ་དོན། བྱ་བ་བཟང་ངན་ག་ཅི་ཨིན་ན་ བརྟགས་དཔྱད་འབད་ནི་གི་ ཤེས་རབ་དང་ལྡན་པའི་ མི་གཅིག་ཨིན་པ་ཅིན་ མི་གཞན་གྱིས་མགོ་བསྐོར་རྐྱབ་སྟེ་སྦེ་རུང་ ལཱ་བཟང་ངན་གྱི་རིགས་ རྩ་ལས་ར་མགོ་མི་རྨོངས་ཟེར་ཨིན་པས། དཔེ་འབད་བ་ཅིན་ སེམས་ཅན་གྱོག་མོ་ལུ་ མིག་ཏོ་མེད་རུང་ མིག་ཏོ་ཡོད་མིའི་སེམས་ཅན་གཞན་ལས་ཀྱང་ མགྱོགས་པ་ འགྱོ་ནི་གི་ཁྱད་ཆོས་ཡོད་དོ་བཟུམ་ཨིན།


དེ་འབདཝ་ལས་ ལུས་ངག་ཡིད་གསུམ་གྱི་ ལཱ་ག་ཅི་འབད་རུང་ མ་འབད་བའི་ཧེ་མ་ བརྟགས་དཔྱད་འབད་དགོཔ་འདི་ཁག་ཆེཝ་ཨིནམ་ལས་ འདི་གི་ཁུངས་ཡང་ སྐྱེས་པ་རབས་ཀྱི་རྒྱུད་ལས། དེ་ཡང་ཧེ་མ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སྦེ་བཞུགསཔ་ད་ལུ་ སྐལ་བ་ཁྱད་པར་ཅན་དང་ལྡན་པ་ སྦྱིན་པ་བཏང་ནི་ལུ་སྤྲོ་བ་ཕུན་སུམ་ཚོགས་པ། ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པའི་གུ་ལུ་ སྤྱོད་པ་ཡང་གཟབ་ཏོག་ཏོ་ མི་རྣམས་ཀུན་གྱི་ཡིད་དུ་འོང་བ་ འཇིག་རྟེན་མི་རྣམས་ཀུན་གྱི་བཀུར་བའི་གནས་སུ་གྱུར་པ། བློ་དྲི་མེད་པ་ རྒྱ་ཆེ་བའི་ཡོན་ཏན་ལེ་ཤ་དང་ལྡན་པའི་ཚོང་དཔོན་སྐྱེས་བུ་དམ་པ་གཅིག་གི་ལུས་ལུ་སྐྱེས་ནུག མཚན་ཡང་སྦྱིན་ལ་དཔའ་བ་ཟེར་བཏགས་ནུག།


དེ་ལས་མི་སྤྱང་ཀ་འདི་ཚུ་ག་ར་ལུ་རང་གི་ག་ཅི་དགོ་ནི་ཟེར་སླབ་མི་འདི་ འཕངས་སེམས་མེདཔ་སྦྱིན་ནི་གི་ སེམས་དགཝ་མ་ཚད་ མི་འདི་ཚུ་ག་ར་ཧ་ལས་ནུག ཉིནམ་གཅིག་འབདཝ་ད་ལུ་ བྱང་ཆུབ་སེམས་འདི་རོ་བརྒྱ་དང་ལྡན་པའི་ལྟོ་བཟཝ་ད་ལུ་ ཁོ་བསོད་ནམས་བསག་ནིའི་དོན་ལུ་ རང་སངས་རྒྱས་གཅིག་ ཕྱག་ལུ་ལྷུང་བཟེད་བསྣམས་ཞིནམ་ལས་ ཁོ་གི་ཁྱིམ་ལུ་བསོད་སྙོམས་ལྷང་པ་བྱོན་ནུག།


དེ་ལས་བདུད་ཀྱིས་བྱང་ཆུབ་སེམས་དཔའི་སྦྱིན་པ་ལུ་བར་ཆད་རྐྱབ་ནིའི་དོན་ལུ་ རང་སངས་རྒྱས་བཞུགས་སའི་སྒོ་གུ་ དམྱལ་བ་སྦོམ་གཅིག་ འདྲོག་སི་སི་གི་མེ་འབར་བ་ དམྱལ་བའི་ཟང་ཆེན་ནང་ལུ་མི་ལེ་ཤ་བཙོ་དོ་ཡོདཔ་སྦེ་སྤྲུལ་ནུག དེ་ལས་བྱང་ཆུབ་སེམས་དཔའ་གིས་ རང་སངས་རྒྱས་བསོད་སྙོམས་ལུ་བྱོན་མཁྱེན་ཏེ་ ཁོ་རང་གི་ཨམ་སྲུ་ལུ་བསོད་སྙོམས་ཕུལ་ཟེར་གསུངས་ནུག དེ་ལས་ཨམ་སྲུ་གིས་བཏུབ་ཟེར་སླབ་སྟེ་ བཟའ་ནི་དང་འཐུང་ནི་གི་རིགས་ལེ་ཤ་འབག་སྟེ་འགྱོ་ད་ལུ་ སྒོ་ཁར་ལྷོདཔ་ད་དམྱལ་བའི་གནས་ འདྲོག་སི་སི་འདི་མཐོངམ་སྦེ་སྒོ་ཁར་ལས་ལོག་འོངམ་ད་ བྱང་ཆུབ་སེམས་དཔས་མོ་ལུ་ག་ཅི་འབད་དཔ་སྨོ་ཟེར་དྲིཝ་ད་ འདྲོག་འདི་ཁ་ལས་བློ་ཡང་ཐོན་མ་ཚུགས་པར་ སྒོ་ཁར་དམྱལ་བའི་གནས་འདྲོག་སི་སི་ཡོདཔ་སྦེ་སླབ་ནུག།


དེ་ལས་བྱང་ཆུབ་སེམས་དཔའ་གིས་ འཕགས་པ་འདི་ ང་གིས་ག་ནེ་ཡང་མ་ཕུལ་བར་སྟོངམ་སྦེ་ ལོག་བྱོན་པ་ཅིན་ མི་བཏུབ་ཟེར་མནོ་སྟེ་ མོ་གིས་སླབ་མི་ལུ་མ་ཉན་པར་ བཟའ་ནི་དང་འཐུང་ནི་འདི་ཚུ་ བྱང་ཆུབ་སེམས་དཔའ་ཁོ་རང་གིས་བསྣམས་ཞིནམ་ལས་ རང་སངས་རྒྱས་ལུ་ཕུལ་བ་འགྱོ་ད་ སྒོ་ཁར་ལྷོདཔ་ད་སེམས་ཅན་དམྱལ་བའི་གནས་འདྲོག་སི་སི་མཐོང་ནུག འདི་ག་ཅི་ཨིན་ན་ཟེར་བའི་སེམས་ཁར་ལུ་རྣམ་རྟོག་མ་འདྲཝ་གཅིག་ཤར་ནུག།


དེ་མ་ཚད་བདུད་ཀྱིས་ལྷ་ལུ་སྤྲུལ་ཏེ་ གནམ་བར་ན་ལུ་སྡོད་ཞིནམ་ལས་ དེ་སྦེ་སླབ་ནུག ཀྱེ་ཁྱིམ་བདག་སེམས་དམྱལ་གནས་ཆེན་པོ་འདི་ནི། ངོམ་གྲོག་ཆེན་པོ་ཞེས་བྱ་བ་ཡིན་ནོ། །འཕོངས་པས་བསྔགས་པའི་ཚུག་གིས་བསླུས་ནས་ནི། །སྦྱིན་ལ་ཞུགས་པ་གང་གིས་ནོར་ཆུད་གསན། །དེ་དག་ལོ་ནི་སྟོང་ཕྲག་དུ་མར་ཡང་། །འདི་ན་གནས་འགྱུར་དབྱུང་བར་རབ་ཏུ་དཀའ། །ནོར་ནི་འཁོར་གསུམ་བྱང་བར་རྒྱུ་ཡིན་ཏེ། །དེ་མེད་བྱས་ན་སུ་ཡིས་ཆོས་མ་བརླག །ནོར་ཆུད་གསན་པས་ཆོས་ནི་བརླགས་གྱུར་ན། །ཅི་ཕྱིར་སེམས་ཅན་དམྱལ་བར་གནས་མི་འགྱུར། །བྱིན་པའི་ཕྱིར་ནི་ཆོས་ཀྱི་རྩར་གྱུར་པའི། །ནོར་ནི་ཁྱོད་ཀྱི་ཆུ་གསན་སྡིག་བྱས་པས། །དམྱལ་བའི་གཤེད་པོ་མི་བཟད་འབར་བའི་ལྕེས། །དེ་ཕྱིར་ཁྱོད་ནི་བཟའ་བར་འདིར་འོངས་སོ། །དེ་བས་བློ་ནི་བྱིན་ལས་བཟློག་ན་ལེགས། །འོན་ཏེ་འཕྲལ་དུ་ལྟུང་བར་ཁྱོད་མི་འགྱུར། །སྙིང་རྗེར་དུ་ཞིང་འགྲོ་ལྡོག་བྱེད་པ་ཡི། །གཏོང་བ་འདི་དང་ལྷན་ཅིག་ཁྱོད་མ་འགྲོགས། །སྦྱིན་པ་ཚུལ་མིན་མི་བྱེད་ལེན་པ་པོའི། །སྐྱེ་བོ་རྣམས་ནི་ལྷ་ཡུལ་འགྲོ་བར་འགྱུར། །དེ་བས་མཐོ་རིས་ལམ་བསྒྲིབ་བཏང་ནས་ནི། །སྦྱིན་ལ་བརྩོན་པ་བཟློག་པར་གནས་པར་གྱིས། །ཟེར་སླབ་ནུག།


དེ་ལས་བྱང་ཆུབ་སེམས་དཔས་ བདུད་ཀྱི་བར་ཆད་རྐྱབ་ཨིནམ་ཤེས་ཏེ། ནོར་སྦྱིན་པས་ནི་དམྱལ་བ་འགྲོ་བ་དང་། །ལེན་པ་ལྷ་ཡུལ་འགྲོ་ཞེས་བྱ་བ་ཡང་། །ཁྱོད་ཀྱིས་སྦྱིན་ལས་བཟློག་པར་བྱས་མོད་ཀྱི། །དེ་ཡིས་བདག་ནི་སྦྱིན་ལ་བརྩོན་པར་འགྱུར། །ཁྱོད་ཀྱི་ཚིག་དེ་བཞིན་དུ་མ་གྱུར་ཅིག །བདག་ལ་སློང་བ་དེ་དག་མཐོ་རིས་དང་། །འཇིག་རྟེན་ཕན་ཕྱིར་བདག་ནི་སྦྱིན་པར་བྱེད། །བདག་ནི་བདེ་བ་བསྒྲུབ་ཕྱིར་འདི་མི་བྱེད། །ཟེར་དེ་སྦེ་གསུང་ནུག།


ད་རུང་ཡང་ བྱང་ཆུབ་སེམས་དཔའ་གིས་བདུད་ལུ་ ཆ་རོགས་ཁྱོད་བཟོད་པ་བཞེས་ སེམས་ཅན་དམྱལ་བའི་ཡུལ་ མེ་ནང་ལུ་ལྷུང་རུང་ཡང་ ཁྱད་མེད་ཟེར་སླབ་སྟེ་ བཙུན་མོ་དང་གཡོག་འཁོར་ལ་སོགས་པ་ཚུ་གིས་བཀག་རྐྱབ་རུང་མ་ཉན་པར་ སེམས་ལུ་ཐེ་ཚོམ་མེད་པར་གཟའ་འཐུང་གི་རིགས་ཚུ་བསྣམས་ཞིནམ་ལས་ རང་སངས་རྒྱས་ལུ་སྦྱིན་ནི་སྦེ་འགྱོ་ད་ དམྱལ་བའི་གནས་ནང་ལས་ཐོན་ཏེ་ ཕར་ལྷོད་སོང་ནུག།


དེ་ལས་བྱང་ཆུབ་སེམས་དཔའ་གིས་རང་རྒྱས་ཀྱི་ཐ་མ་ལུ་བྱོན་ཏེ་ སེམས་དགའ་བ་དང་དད་པའི་ཐོག་ལས་བསོད་སྙོམས་ཕུལ་ཚུགས་ནུག དེ་འབདཝ་ལས་ བདུད་ཀྱི་མགོ་སྐོར་རྐྱབ་འདི་འབད་རུང་ བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་མི་གཅིག་ཨིནམ་ལས་བརྟེན་ འདི་ལུ་སེམས་དོགས་པ་མ་ཟ་བར་ རང་གི་མནོ་དོན་འདི་བསྒྲུབས་ཚུགས་ནུག འདི་དང་འདྲཝ་སྦེ་ ཤེས་རབ་དང་ལྡན་མི་གཅིག་ཨིནམ་པ་ཅིན་ གཞན་གྱི་མགོ་སྐོར་རྐྱབ་སྟེ་ བར་ཆད་རྐྱབ་འདི་འབད་རུང་ འདི་ལུ་མགོ་འཁོར་འདི་མ་སྡོད་པར་ རང་གི་མནོ་དོན་ཚུ་ལེ་ཤོམ་སྦེ་བསྒྲུབ་ཚུགས་ཟེར་ཨིན་པས།

ཆ་རོགས་ ཤེས་རབ་དང་ལྡན་པའི་ མཁས་པ་དང་ཅིག་ཁར་ བསྡོམས་ཏེ་ འགྲོས་བསྡུར་འབད་དགོཔ་བསྟན་པ།

བློ་གྲོས་ལྡན་པ་གཉིས་བགྲོས་ན། །བློ་གྲོས་ལེགས་པ་གཞན་འབྱུང་སྲིད། །

ཡུང་བ་དང་ནི་ཚྭ་ལ་ལས། །ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། །

ཚིགས་བཅད་འདི་གི་གོ་དོན། ཐུགས་རྒྱུད་དྲང་པོ་ཡོད་པའི་ཁར་ ཆོས་དང་ཆོས་མིན་གྱི་དབྱེ་བ་ཕྱེ་ཚུགས་མི་ མཁས་པ་དང་ཅིག་ཁར་འཛོམས་ཏེ་ བགྲོས་བསྟུན་འབད་བ་ཅིན་ རང་གཞན་གཉིས་ཆ་ར་ལུ་ཕན་པའི་ ཧེ་མ་ལས་ལྷག་པའི་ རིགས་པ་གསརཔ་ གཞན་གཅིག་འབྱུང་ནི་ཨིན། དཔེ་འབད་བ་ཅིན་ ཡུང་བ་སེར་པོ་དང་ཚ་ལ་དཀར་པོ་གཉིས་སྡོམ་ད་ལུ་ གཞན་དང་མ་འདྲ་བའི་ ཁ་དོག་ག་ནེ་བ་མཛེས་ཏོག་ཏོ་ ཐོན་དོ་བཟུམ་ཅིག་ཨིན་པས། དེ་འབདཝ་ལས་ རིགས་པ་གིས་ བརྟགས་དཔྱད་འབད་ཞིནམ་ལས་ ཆ་རོགས་ཡང་ མཁས་པ་ཤེས་རབ་ལྡན་མི་དང་ཅིག་ཁར་ བསྡོམ་སྟེ་ བགྲོས་བསྟུན་འབད་ནི་འདི་ ཁག་ཆེཝ་ཨིན།

ཚེ་འདི་གཉིས་ཀྱི་ དོན་བསྒྲུབ་དགོ་པ་ཅིན་ བསོད་ནམས་བསག་དགོཔ་ བསྟན་པ།

ཁོང་མཛངས་བསོད་ནམས་བསགས་པའི་མི། །གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །

རི་དྭགས་རྒྱལ་པོ་སེང་གེ་དང་། །འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས། །

ཚིག་བཅད་འདི་གི་གོ་དོན་ཅིན། ཁོང་མཛངས་ཟེར་མིའི་དོན་འདི་ མཁས་པ་ལུ་གོ་དགོ་ནི་ཨིནམ་ལས་ མི་མཁས་པ་བསོད་ནམས་ བསགས་མི་ཅིག་ཨིན་པ་ཅིན་ འཁོར་གཡོག་ལ་སོགས་པ་ ལཱ་འབད་མི་ ཆ་རོགས་གཞན་ག་ཡང་མེད་རུང་ ཁོ་རང་རྐྱངམ་ཅིག་གིས་ ཚེ་འདི་ཕྱི་གཉིས་ཀ་ལུ་ཕན་པའི་ ལཱ་འདི་ཚུ་འབདཝ་ད་ལུ་ མི་མཐུན་པའི་རྐྱེན་ངན་ དགྲ་འདི་ཚུ་ལས་རྒྱལ་ཏེ་ མཐུན་པའི་ལཱ་འདི་ཚུ་ འབད་མེད་རང་བཞིན་གྱིས་ འགྲུབ་ཚུགསཔ་ཨིན།

                                                       

དཔེ་འབད་བ་ཅིན་ རི་དྭགས་ཀྱི་རྒྱལ་པོ་སེངྒེ་གིས་ ཆ་རོགས་གཞན་ག་ཡང་མ་དགོ་པར་ ཁོ་རང་རྐྱངམ་ཅིག་གིས་ རི་དྭགས་སེམས་ཅན་གཞན་ཚུ་ལས་རྒྱལ་ཏེ་ དགའ་ཏོག་ཏོ་དང་ སྐྱིད་ཏོག་ཏོ་སྦེ་ སྡོད་དོ་བཟུམ་ཅི་དང་། སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་གིས་ཡང་ ཆ་རོགས་ག་ཡང་མེད་པར་ ཚེ་ཧེ་མ་བསོད་ནམས་བསགསཔ་ལས་བརྟེན་ རིན་ཆེན་སྣ་བདུན་གྱིས་ མི་མཐུན་པའི་ཕྱོགས་ཚུ་ལས་རྒྱལ་ཏེ་ རང་གི་མནོ་ཚུ་ འབད་མེད་ལྷུན་གྱིས་གྲུབ་ཚུགས་ནི་གི་ནུས་པ་ ཡོད་དོ་བཟུམ་ཅིག་ཨིན།


དེ་འབདཝ་ལས་ བསོད་ནམས་ལྡན་པ་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཟེར་གསུངས་ཡོད་དོ་བཟུམ་ རང་གི་མནོ་དོན་ཚུ་འགྲུབ་ནི་འདི་ ཚེ་ཧེ་མའི་ བསོད་ནམས་བསགས་དང་མ་བསགས་ལུ་རག་ལསཔ་ཨིནམ་ལས་ བསོད་ནམས་བསགས་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདི་ཁག་ཆེཝ་ཨིན།     


ཐབས་མཁས་ལུ་ བརྩོན་ཤུགས་བསྐྱེད་དགོཔ་བསྟན་པ།

ཐབས་ལ་མཁས་ན་ཆེན་པོ་ཡང་། །བྲན་དུ་བཀོལ་བར་ག་ལ་དཀའ། །

མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། །གོས་སེར་ཅན་གྱིས་བཞོན་པར་འགྱུར། །

ཟེར་མི་འདིའི་གོ་སྦེ་བ་ཅིན་ ཐབས་ཤེས་ལུ་མཁས་པ་ཡོད་མི་གཅིག་ཨིན་པ་ཅིན་ འདྲོག་སི་སི་གི་ སྟོབས་ཤུགས་དང་ དམག་སྤུང་ སྦོམ་ག་བཟུམ་ཅིག་ཡོདཔ་ཨིན་རུང་ ཐབས་ཤེས་ཀྱི་ཐོག་ལས་ དགྲ་འདི་ཚུ་བཏུལ་ཞིནམ་ལས་ རང་གི་འོག་ལུ་བཙུགས་ཏེ་ བྱ་རོགས་སྦེ་ ལཱ་བཀོལ་ཚུགསཔ་ཨིན། དཔེ་འབད་བ་ཅིན་ མཁའ་ལྡིང་བ་ཁྱུང་འདི་ ནུས་ཤུགས་ག་དེ་ཅིག་ ཡོད་འདི་རང་སྦེ་རུང་ གོ་ལ་སེརཔོ་བཞེས་མི་ ལྷ་ཁྱབ་འཇུག་གིས་ ཐབས་ཤེས་ཀྱི་སྒོ་ལས་ བཏུལ་ཞིནམ་ལས་ བྱ་ཁྱུང་འདི་ཁོ་གི་ འཆིབ་རྟ་ལུ་གྱུར་ཡོད་དོ་བཟུམ་ཅིག་ཨིན།


འདི་ཡང་ཧེ་མ་ ལྷ་ཁྱབ་འཇུག་དང་མཁའ་ལྡིང་བྱ་ཁྱུང་གཉིས་འཐབ་ད་ལུ་ མཁའ་ལྡིང་བྱ་ཁྱུང་ལུ་ལྷ་ཆེན་གྱི་འབད་མ་ཚུགསཔ་ལས་བརྟེན་ ལྷ་ཁྱབ་འཇུག་གིས་ ད་ཁྱོད་རྒྱལ་ཡི་ ང་ཕམ་ཅི་ཟེར་སླབ་ནུག། ད་རུང་ཁྱབ་འཇུག་གིས་ ད་ང་བཅས་གཉིས་འཐབ་ནི་གི་མཚམས་བཞག་སྟེ་ ཆ་རོགས་འབད་བསྡད་ནི་ཨིན་ཟེར་སླབ་སྟེ་ ཁྱོད་རང་ང་ལས་ ག་ཅི་གི་དངོས་གྲུབ་དགོ་ནི་ཨིན་ན་ ང་ལས་ལྷང་ད་ཟེར་སླབ་ད་ལུ་ བྱ་ཁྱུང་གིས་ ཝེ་་་་དངོས་གྲུབ་ཟེར་མི་འདི་ སྦོ་ལས་ལྷང་ནི་སྲོལ་ཡོདཔ་མ་གཏོགས་ ཆུང་ཀུ་ལས་ ལྷང་ནི་གི་ལུགས་སྲོལ་མེད། དེ་འབདཝ་ལས་ ཁྱོད་རང་ག་ཅི་དགོ་ནི་སྨོ་ དངོས་གྲུབ་ཞུ་དགོ་པ་ཅིན་ ང་ལས་ལྷང་ད་ ང་གིས་ཁྱོད་རང་ག་ཅི་དགོ་ནི་ཟེར་སླབ་མི་འདི་སྦྱིན་འོང་ཟེར་སླབ་ནུག།


དེ་ལས་ཁྱབ་འཇུག་གིས་ ཁྱོད་གནམ་མེད་ས་མེད་ མཐུ་རྩལ་སྦོམ་ཡོདཔ་མ་ཚད་ མགྱོགས་དྲག་ཡང་ཡོདཔ་ལས་ ང་ཁྱོད་ཀྱི་ཐོག་ཁར་ལུ་བཞོན་ཞིནམ་ལས་ ལྷ་ཡུལ་ལུ་འགྱོ་ཚུགས་ནི་གི་ དངོས་གྲུབ་གཅིག་ཞུ་དགོ་སྦེ་ཟེར་སླབ་དོ་བཟུམ་ ཁོ་རང་གིས་ཁས་ལན་འབད་ཡོདཔ་ལས་ ལྷ་ཁྱབ་འཇུག་ཁོ་རང་གི་ ཐོག་ཁར་བཞོན་ནི་དངོས་གྲུབ་བྱིན་དགོཔ་བྱུང་ནུག། དེ་ལས་ཁྱབ་འཇུག་གིས་བྱ་ཁྱུང་གི་ཐོག་ཁར་ལུ་བཞོན་ཏེ་ ལྷ་ཡུལ་ལུ་སོང་ཡོདཔ་ལས་ བྱ་ཁྱུང་དེ་ཁྱབ་འཇུག་གི་འཆིབ་རྟ་ལུ་གྱུར་སོང་ནུག འདི་བཟུམ་སྦེ་རང་གི་རྒྱུད་ལུ་ཐབས་ཤེས་ཀྱི་མཚོན་ཆ་འདི་ཡོད་པ་ཅིན་ དགྲ་བོ་ལ་སོགས་པ་མཐུ་རྩལ་ག་དེ་ཅི་སྦོམ་ཡོད་རུང་ དབང་དུ་བསྡུ་ཚུགས་ཨིནམ་ལས་ ཐབས་ཤེས་བསྐྱེད་ནི་ལུ་བརྩོན་ཤུགས་བསྐྱེད་དགོཔ་འདི་ཁག་ཆེ།


ཚེ་འདི་ཕྱི་གཉིས་ཀ་ལུ་བདེ་བ་འཐོབ་དགོ་པ་ཅིན་ ཐབས་བྱང་ཆུབ་ཀྱི་སེམས་དང་ ཤེས་རབ་གཉིསཔོ་འདི་ངེས་པར་དུ་ དགོཔ་བསྟན་པ།

འཇིག་རྟེན་འདི་དང་ཕ་རོལ་གྱི། །བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །

རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། །བྲན་བཟང་འདི་དང་ཕྱི་མར་བསྐྱབས། །

ཚིགས་བཅད་འདི་གི་གོ་དོན། ཚེ་ད་ལྟོ་དང་ཚེ་ཕྱི་མ་གཉིས་ཀྱི་བདེ་བ་བསྒྲུབ་ནི་གི་ཐབས་འདི་ རྒྱུ་སྙིང་རྗེ་ཆེན་པོ་གིས་ཀུན་ནས་སླངས་པའི་བྱང་ཆུབ་ཀྱི་སེམས་དང་ བླང་དོར་གྱི་གནས་ཤེས་པའི་ ཤེས་རབ་ཨིན་པས། དཔེ་འབད་བ་ཅིན་ ཧེ་མ་རྒྱལ་པོའི་སྲས་ བྱང་ཆུབ་སེམས་དཔའ་ཟླ་བ་ཟེར་ ཤེས་རབ་ཅན་གཅིག་སྡོད་ནུག་ ཁོ་གིས་སེངྒེ་བྲན་བཟང་ཟེར་མི་ མ་རུང་པ་འདི་བཏུལ་ཞིནམ་ལས་ ཚེ་འདིའི་སྡུག་བསྔལ་དང་ ཚེ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་བསྐྱབས་ཞིནམ་ལས་ ཐར་པ་བདེ་བའི་ལམ་བཀོད་ནུག།


དེ་འབདཝ་ལས་ཚེ་འདི་ཕྱི་གཉིས་ཀ་ལུ་བདེ་བ་འཐོབ་དགོ་པ་ཅིན་ ཐབས་བྱང་ཆུབ་ཀྱི་སེམས་དང་ ཤེས་རབ་གཉིསཔོ་འདི་ངེས་པར་དུ་ དགོཔ་ཨིནམ་ལས་ འདི་བཟུམ་གྱི་ ཤེས་རབ་གཅིག་མེད་དེ་སྦེ་རུང་ བདེ་བ་ཐོབ་མི་ཚུགས། རྒྱུ་མཚན་འདི་ལུ་བརྟེན་ཏེ་ ཐབས་བྱང་ཆུབ་ཀྱི་སེམས་དང་ བླང་དོར་གྱི་གནས་ཤེས་པའི་ ཤེས་རབ་འདི་ངེས་པར་དུ་དགོཔ་ཨིན།


དེ་སྦེ་ཨིན་པའི་ཁུངས་ཡང་ ཧེ་མ་རྒྱ་གར་ལུ་ རྒྱལ་པོའི་སྲས་ཟླ་བ་ཟེར་མི་ གནམ་མེད་ས་མེད་ ཤེས་རབ་ཅན་གཅིག་ བླམ་དང་ཕམ་རྒན་ཤོས་ཚུ་ལུ་གུས་ཞབས་དང་ འོག་མ་དམན་པ་ཚུ་ལུ་བྱམས་སྐྱོང་དང་ལྡན་མི་ རང་བཞིན་གྱིས་ གཤིས་རྒྱུད་བཟང་མི་གཅིག་སྡོད་ནུག། དེའི་སྐབས་སུ་རྒྱལ་པོ་བྲན་བཟང་ཟེར་མི་གཅིག་ཡང་ཡོདཔ་ཨིན་པས།


ཁོ་ཚར་གཅིག་སྦེཝ་ད་ ནགས་ཚལ་ནང་ལུ་མདའ་ལྷབ་འགྱོཝ་ད་ སེངྒེ་མོ་འདོད་ཆགས་མེ་བཟུམ་འབར་སྡོད་མི་དང་འཕྱད་ནུག སེངྒེ་མོ་གིས་རྒྱལ་པོ་འཁྱིད་དེ་ འདོད་སྤྱོད་འབད་བཅུག་ནུག དེ་ལས་ཟླཝ་བཅུག་གཅིག་འགྱོ་ད་ལུ་ ཨ་ལོ་བུ་ མི་གི་ལུས་ལུ་ སེངྒེ་བཟུམ་ སྤུ་གིས་གང་སྟེ་ཡོད་མི་ རྐངམ་དང་ལགཔ་ལུ་ཁྲ་ཡོད་མི་ ཤ་ལུ་དགའ་མི་ ལུས་སྟོབས་ཤུགས་ཡོད་མི་ གདོང་ཡང་འདྲོག་སི་སི་སྦེ་ ཡོད་མི་གཅིག་སྐྱེས་ནུག།


མིང་རྒྱལ་བུ་རྐང་བཀྲ་ཟེར་སླབ་དོ་ཡོདཔ་མ་ཚད་ སེངྒེ་བྲན་བཟང་ཟེར་ཡང་སླབ་དོ་ཡོདཔ་ཨིན་པས། སྦོམ་འགྱོ་བའི་ཤུལ་ལུ་ཡབ་ཀྱིས་རྒྱལ་སྲིད་ཁོ་ལུ་རྩིས་སྤྲོད་དོ་བཟུམ་ཁོ་གིས་ཡང་རྒྱལ་པོ་འབད་དེ་རྒྱལ་སྲིད་བསྐྱངས་ནུག ཁོ་ལུ་བཙུན་མོ་ལེ་ཤ་ཡོད་པའི་ནང་ལས་ བཙུན་མོའི་གཙོ་ཆེན་རྒྱལ་རིགས་དང་བྲམ་ཟེའི་རིགས་སྦེ་མི་གཉིས་ཡོདཔ་ཨིན་པས། དེ་ལས་རྒྱལ་པོ་གིས་བཙུནམོ་གཉིས་ལུ་ ནང་པ་ཉི་མ་ང་ མེ་ཏོག་ལྡུམ་ར་ནང་སྤྲོ་ཉམས་བཏོན་པ་འགྱོ་ནི་ཨིནམ་ལས་ འདི་ཡང་ཧེ་མ་ག་ལྷོད་མི་དང་གཅིག་ཁར་ སྤྲོ་བ་བཏོན་ནི་ཨིན། ཤུལ་ལས་འོང་མི་དང་ཅིག་ཁར་ ང་མི་འཕྱད་ཟེར་སླབ་ནུག། དེ་ལས་བཙུནམོ་གཉིས་གོ་ལ་དང་རྒྱན་ཆ་ལེ་ཤ་བཏགས་ཞིནམ་ལས་ མོ་གཉིས་གཅིག་ཁར་འགྱོ་སྡོདཔ་ད་ ལམ་ཁར་ལུ་ལྷ་རྟེན་གཅིག་མཐོངམ་ལས་ བཙུན་མོ་བྲམ་ཟེའི་རིགས་ཅན་འདི་རྟ་གུར་ལས་བབས་ཞིནམ་ལས་ཕྱག་འཚལ་སྡོདཔ་ད་ མོ་ཤུལ་ལས་ལུས་སོང་ནུག་ དེ་འབདཝ་ལས་བརྟེན་བཙུནམོ་ རྒྱལ་རིགས་ཅན་འདི་ཧེ་མ་ལྷོད་དེ་ རྒྱལཔོ་དང་གཅིག་ཁར་སྤྲོ་ཉམས་བཏོན་ས་མཐོང་སྟེ་ དེ་ལས་མོ་ཞེ་སྡང་མེ་བཟུམ་འབར་ཞིནམ་ལས་ ལྷ་ལུ་དེ་སྦེ་གསོལ་བ་བཏབས་ནུག་ ང་ལྷ་ཁྱོད་ལུ་གསོལ་བ་བཏབས་སྡོདཔ་ད་ ང་ཤུལ་ལས་ལུས་ཡོདཔ་ལས་བརྟེན་ བཙུན་མོའི་གཙོ་ཆེན་འདི་ང་མ་ཐོབ་ ལྷ་ཁྱོད་ལུ་མཐུ་དང་ནུས་པ་ཡོད་པ་ཅིན་ ང་ལུ་ཆ་རོགས་འབད་གནང་ཟེར་གསོལ་བ་བཏབས་རུང་ མོ་གི་མནོ་དོན་འདི་བསྒྲུབས་མ་ཚུགསཔ་ལས་བརྟེན་ མོ་གིས་ལྷ་རྟེན་འདི་བཤིག་བཏང་ནུག།


དེ་ལས་ལྷ་ཙིགཔ་ཟ་ཞིནམ་ལས་རྒྱལ་པོ་ལུ་གནོད་པ་བསྐྱེལ་ནིའི་དོན་ལས་ རྒྱལ་པོའི་ཕོ་བྲང་གུ་ལྷོད་ནུག། རྒྱལ་པོ་ཁོ་རང་གི་ ཨ་རྟག་རང་ཕྱག་དང་མཆོད་པ་ཕུལ་ས་དྲང་སྲོང་གཅིག་ཡོདཔ་ཨིནམ་ལས་ དྲང་སྲོང་འདི་ཟས་དཀར་ཟས་རྐྱངམ་གཅིག་མ་གཏོགས་གཞན་མི་བཞེས་དོ་ཡོདཔ་ཨིན་པས། ལྷ་འདི་རྒྱལ་པོ་ལུ་གནོདཔ་བསྐྱེལ་ནི་སྦེ་ འགྱོ་བའི་ཉིནམ་ནང་ དྲང་སྲོང་དེ་གཡུས་གཞན་ཁར་ལུ་བསོད་སྙོམས་ཀྱི་དོན་ལས་ བྱོན་བྱོནམ་ཨིནམ་ལྷ་འདི་གིས་ཤེས་ནུག།


དེ་ལས་ལྷ་འདི་གིས་དྲང་སྲོང་གི་གཟུགས་ལུ་སྤྲུལ་ཞིནམ་ལས་ ནང་ན་འཛུལ་ཏེ་སྡོད་ཞིནམ་ལས་ ཁོ་གིས་ཐབ་ཚང་པ་ལུ་ ད་ལས་ཕར་ང་ལུ་ཤ་དྲངས་ཟེར་སླབ་ད་ ཐབ་ཚང་པ་གིས་ ང་གིས་རྒྱལཔོ་ལུ་ཞུ་གེ་ ཟེར་སླབ་སྟེ་རྒྱལཔོ་ལུ་ཞུས་ད་ རྒྱལ་པོགིས་ ཀྱེ་མ་ དྲང་སྲོང་ཤ་བཞེས་མི་འདི་ཧ་ལས་སི་སི་གཅིག་ཨིན་པས། ཨིན་རུང་ཐབས་མིན་འདུག་ དྲང་སྲོང་ཁོ་རང་གི་འདོད་པ་ལྟར་དུ་ཤ་དྲངས་ད་ ཟེར་སླབ་དོ་བཟུམ་ ཐབ་ཚང་གིས་ཡང་ཤ་དྲངས་ནུག། དེ་ཚེ་ཉི་མ་དྲང་སྲོང་གི་གཟུགས་ལུ་སྤྲུལ་ཏེ་ཤ་བཞེས་འབད་ལོག་འགྱོ་ནུག།


ནང་པར་ཉི་མ་སྦེཝ་ད་རྒྱལ་པོ་གི་ ཧེ་མ་གི་མཆོད་གནས་དྲང་སྲོང་ངོ་མ་འདི་བྱོནམ་ད་ དྲང་སྲོང་འདི་ལུ་ཤ་ཐབ་ཚང་པ་གིས་ཤ་དྲངསཔ་ད་ དྲང་སྲོང་གིས་ང་ལུ་ཤ་ག་གིས་དྲངས་སླབ་དེ་ཟེར་སླབ་ད་ ཐབ་ཚངཔ་གིས་རྒྱལཔོ་གིས་དྲངས་ཟེར་སླབ་དེ་ཟེར་ཞུ་ད་ དྲང་སྲོང་ཙིགཔ་ཟ་སྟེ་ རྒྱལཔོ་ཁྱོད་ཀྱིས་ང་ལུ་ ཚོད་ལྟ་ཡོདཔ་ལས་ ཁྱོད་ལོ་བཅུ་གཉིས་ཚུན་ མི་ཤ་བཟའ་བར་གྱུར་ཅིག་ཟེར་ དམོདཔ་བོར་ཏེ་ གཡུས་གཞན་ཁར་ལུ་བྱོན་སོང་ནུག།


དེ་ལས་གཡུས་སྒོ་འདི་ནང་ལུ་དགེ་སློང་བསོད་སྙོམས་པ་གཅིག་བྱོན་ཞིནམ་ལས་ མི་འདི་ཚུ་ལུ་ཆོས་གནང་ སེམས་ཅན་འདི་ཚུ་སྲོག་བཅོད་འབད་མ་བཏུབ་ཀྱི་སྐོར་ལས་གསུངས་ཏེ་ མི་ག་ར་ལུ་སྙེན་གནས་ཀྱི་སྡོམ་པ་གནང་ནུག དེ་འབདཝ་ལས་བརྟེན་ གཡུས་སྒོ་འདི་ནང་ལས་རྒྱལཔོ་ལུ་དྲང་ནི་གི་ཤ་ཐོབ་མ་ཚུགས་པར་ ཐབས་ར་མེད་པར་ཐབ་ཚང་པ་འདི་དུར་ཁྲོད་ལུ་འགྱོ་དགོཔ་ཐོན་ནུག་ དུར་ཁྲོད་ལུ་འགྱོ་སྦེ་ལྟཝ་ད་ ཨ་ལོ་ཆུང་ཀུའི་རོ་གཅིག་བསྐྱེལ་བཞག་ས་མཐོང་སྟེ་ འདི་འབག་ཞིནམ་ལ་ རྒྱལཔོ་གིས་མ་མཐོངམ་སྦེ་ ཤ་བཏོགས་ཏེ་དྲངསཔ་ད་ རྒྱལཔོ་འདི་ ཤ་གཞན་དང་མ་འདྲཝ་གཅིག་སྦེ་ཞིམ་ནུག།


དེ་ལས་རྒྱལ་པོ་གིས་ཐབ་ཚང་པ་ལུ་དྲིས་ནུག་ ཤ་འདི་ག་ཅི་གི་ཤ་སྨོ། ཐབ་ཚངཔ་འདྲོག་ཞིནམ་ལས་མ་སླབ་པར་སྡོདཔ་ད་ རྒྱལ་པོ་གིས་ ང་གིས་ཁྱོད་ལུ་ག་ཅི་ཡང་མི་འབད་ སླབ་ཟེར་སླབ་ད་ ཐབ་ཚངཔ་གིས་ ཤ་ཐོབ་མ་ཚུགས་པའི་རྒྱུ་མཚན་ལུ་བརྟེན་ཏེ་ དུར་ཁྲོད་ལས་ ཨ་ལོ་ཤི་མི་གི་རོ་ རྒྱལཔོ་ལུ་དྲངས་དགོཔ་བྱུང་ཡི་ཟེར་ཞུ་ད་ རྒྱལཔོ་གིས་ འདི་ཁེ་མེད་ ད་ལས་ཕར་ཡང་འདི་བཟུམ་གྱི་ཤ་དྲངས་ཟེར་སླབ་ནུག།

ཐབ་ཚངཔ་གིས་ འདི་བཟུམ་ཤ་མི་ཐོབ་ཟེར་ཞུ་ད་ ཨར་རྐུན་འབད་འདི་འབག་ཤོག་ཟེར་གསུངས་དོ་བཟུམ་ ཨ་ལོ་ཚུ་ཨར་རྐུན་འབད་དེ་རྒྱལ་པོ་ལུ་དྲངས་ཡོདཔ་ལས་བརྟེན་ གཡུས་སྒོ་འདི་ནང་ལུ་ཨ་ལོ་ཚུ་ལེ་ཤ་རང་འབྱང་སྟོར་ཤོར་ཡོདཔ་ལས་ མི་འདི་ཚུ་ག་ར་ཁན་འཆམ་ཏེ་ཨ་ལོ་འདི་ཚུ་གནང་མེད་སྦེ་བཞག་སྟེ་ ལམ་འོག་ལུ་འཛུལ་ཞིནམ་ལས་ལྟ་སྡོདཔ་ད་ རྒྱལཔོ་གི་ཐབ་ཚངཔ་གིས་ཨ་ལོ་འབག་འགྱོ་ས་མཐོང་སྟེ་ རྒྱལ་པོ་ལུ་ཞུཝ་ད་ རྒྱལ་པོ་གིས་ འདི་ང་གིས་འབད་བཅུག་བཅུགཔ་ཨིན་ ཁྱོད་འདི་ཚུ་ཁ་བཙུམ་ཟེར་སླབ་ནུག དེ་ལས་བློན་པོ་དང་གཡུས་ཁའི་མི་འདི་ཁན་འཆམ་ཏེ་ དམག་མི་ལེ་ཤེ་འཁྱིད་དེ་རྒྱལ་པོའི་ཕོ་བྲང་གི་མཐའ་སྐོར་རྐྱབ་སྟེ་ རྒྱལ་པོ་བསད་ནི་འབདཝ་ད་ རྒྱལ་པོ་ག་ཏི་ཡང་འགྱོ་ས་མ་ཐོབ་པར་ ཡ་ཁྱིམ་ཐོག་གུར་སོང་ཞིནམ་ལས་ ང་ལུ་ཡོད་པའི་བསོད་ནམས་དང་བག་ཆགས་ཡོད་རེ་ཡོད་ཚད་ འདི་ཚུ་གིས་སྦེ་ ང་མི་ཤ་བཟའ་མི་སྲིན་པོ་ལུ་གྱུར་ཅིག་ཟེར་སླབ་ཅི་ སྲིན་པོ་ལུ་གྱུར་ཏེ་ ཁྱིམ་ཐོག་ལས་གནམ་མཁའ་ལུ་ཕུར་འགྱོ་ཞིནམ་ལས་ དུར་ཁྲོད་གཅིག་ལུ་སོང་ནུག།


དེ་ལས་གཡུས་ཁའི་མི་ལེ་ཤ་ཅིག་རང་བསད་དེ་ བཟའ་ཡོདཔ་ལས་བརྟེན་ མིང་ཡང་རྒྱལ་བུ་རྐང་བཀྲ་ཟེར་བཏགས་ནུག། ཁོ་གིས་རྒྱལཔོ་གི་བུ་ལྔ་བརྒྱ་བསད་ནི་གི་དམ་བཅའ་འབད་ཡོད་དོ་བཟུམ་ རྒྱལཔོ་གི་བུ་ལ་ལོ་གཅིག་བཙོན་ཁང་ནང་དམ་བཞག་ཡོདཔ་ཨིན་པས། དེ་ཅིག་གི་བར་ན་ བྱང་ཆུབ་སེམས་དཔའ་རྒྱལ་བུ་ཟླ་བ་ཟེར་མི་དང་མཇལ་ཏེ་ བྱང་ཆུབ་སེམས་དཔའ་རྒྱལ་བུ་ཟླ་བས་ རྒྱལཔོ་རྐང་བཀྲ་ལུ་ཆོས་གསུངས་ཏེ་ སེམས་དམ་པའི་ཆོས་ལུ་གྱུར། ཧེ་མ་བཙོན་ཁང་ནང་དམ་བཞག་མི་ རྒྱལཔོ་གི་བུ་འདི་ཚུ་ཡང་ ཚེ་ཐར་བཏང་སྟེ་ རྒྱལ་སྲིད་ལུ་བཀོད་མི་ལུ་བརྟེན་ གནས་སྐབས་ཀྱི་བདེ་བ་དང་དགེ་སྙེན་གྱི་སྡོམ་གནང་སྟེ་ བཏན་གྱི་བདེ་བ་ལུ་བཀོད་མི་ལུ་བརྟེན་ བྲན་འདི་དང་ཕྱི་མར་སྐྱབས། །ཟེར་གསུངས་ནུག འདི་སྦེ་ནི་འདི་གི་ འཇིག་རྟེན་འདི་དང་ཕྱི་མའི་བདེ་བ་ བསྒྲུབ་མི་འདི་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་ཨིན་པས།

ཐོས་བས་སྒོམ་གསུམ་འབད་དེ་ མཁས་པའི་དཔའ་ཉམས་འཐོབ་དགོཔ་བསྟན་པ།

དཔའ་ཞིང་མཐུ་རྩལ་ཆེ་ན་ཡང་། །མཁས་པ་མིན་པས་དཔའ་མི་ཐོབ། །

འབྱོར་བ་ཐོབ་པར་འགྱུར་ན་ཡང་། །བསོད་ནམས་མེད་ན་ག་ལ་རྟག །

ཚིགས་བཅད་འདི་གི་གོ་དོན། གཞུང་དང་རིག་གནས་ཀྱི་གཞུང་ཚུ་ལུ་ ཐོས་བསམ་སྒོམ་གསུམ་འབད་དེ་ ཕྱི་ནང་གི་ཤེས་བྱའི་གནས་ལུ་ མཁས་པ་ཅིན་ ཉམས་ནི་མེད་པའི་ དཔའ་སྟོབས་ཨིནམ་ལས་ གཞན་དང་ཅིག་ཁར་ འཐབ་འཛིང་འབད་ གཞན་མགོ་སྐོར་རྐྱབ་སྟེ་ མིང་གཏམ་ཐོབ་ ཞིནམ་ལས་དཔའ་ཉམས་བཏགས་མི་དང་། རྒྱུ་ནོར་གྱི་ཐོག་ལས་དཔའ་ཉམས་བཏགས་མི་འདི་ཚུ་ག་ར་ ག་དེ་ཅི་ སྐད་གྲགས་ཅན་དང་ཡོངས་གྲགས་ཅན་ཅིག་ལུ་གྱུར་སོང་རུང་ འདི་ཚུ་ག་ར་ དུས་ནམ་ཞིག་གི་ཚེ་ མར་ཉམས་ནི་གི་རང་བཞིན་ཨིནམ་ལས་ དཔའ་སྟོབས་མཚན་ཉིད་པ་མེན།


དཔའ་སྟོབས་མཚན་ཉིད་པ་འདི་བཏགས་དགོ་པ་ཅིན་ གོང་ལུ་བཤད་དོ་བཟུམ་གྱི་ གཞུང་དང་རིག་གནས་ཀྱི་གཞུང་ལུ་ ཐོས་བསམ་སྒོམ་འབད་དེ་ ཤེས་བྱའི་གནས་ལུ་མཁས་པའི་ མིང་གཏམ་དང་སྐད་གྲགས་ལ་སོགས་པ་ཚུ་ཐོབ་སྟེ་ དཔའ་ཉམས་བཏགས་དགོཔ་ཨིན། དཔེ་འབད་བ་ཅིན་ ཧེ་མ་ཕམ་གིས་བསགས་བཞག་སྟེ་ཡོད་མི་ རྒྱུ་ནོར་ གསེར། དངུལ། གཡུ། གཟི་ལ་སོགས་པ་ཚུ་ ག་དེ་ཅི་ ཡོད་དེ་འབད་རུ་ རང་ལུ་ ཧེ་མ་བསགས་བསགསཔ་གི་ བསོད་ནམས་མམེད་པ་ཅིན་ རྒྱུ་ནོར་ལོངས་སྤྱོད་ཚུ་ ཨ་རྟག་ག་ཨིནམ་བསྡད་མི་ཚུགས་ནི་ཨིནམ་ལས་ ཧེ་མ་གི་རྒྱུ་ནོར་ཚུ་ག་ར་ ཟད་དེ་སྤྱང་ཀ་ལུ་གྱུར་བའི་སྲོལ་ཡོད་དོ་བཟུམ་ཅི་ཨིན་པས།


རྒྱུ་མཚན་འདི་ལུ་བརྟེན་ཏེ་ གཞན་དང་ཅིག་ཁར་ འཐབ་འཛིང་འབད་ནི་ དམག་རྐྱབ་ནིལ་སོགས་པ་ཚུ་འབད་དེ་ དཔའ་ཉམས་འཐོབ་ནི་ལུ་བརྩོན་ཤུགས་མ་བསྐྱེད་བར་ གཞུང་དང་རིག་གནས་ཀྱི་གཞུང་ཚུ་ལུ་ ཐོས་བསམ་སྒོམ་གསུམ་འབད་དེ་ ཕྱི་ནང་གི་ཤེས་བྱའི་གནས་ལུ་སྦྱང་སྟེ་ མཁས་པའི་མིང་གཏམ་ཐོབ་སྟེ་ དཔའ་ཉམས་བཏགས་དགོཔ་འདི་ཁག་ཆེཝ་ཨིན་པས།


སྐྱོན་དང་ཡོན་གཉིས་ སླ་བསྲེ་མི་ ཁྱད་པར་ཕྱེ་ཚུགས་མི་འདི་ མཁས་པ་རྐྱངམ་ཅིག་ ཨིན་ཟེར་བའི་ཁུངས།

ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། །འདྲེས་པ་འབྱེ་ཤེས་མཁས་པ་ཡིན། །

ཆུ་ལས་འོ་མ་ངང་པས་ཕྱེད། །བ་ལས་འོ་མ་ཀུན་གྱིས་ལོང་། །

ཚིགས་བཅད་འདིའི་གོ་དོན། སྤྱིར་བཏང་ ང་བཅས་མི་འདི་ཚུ་གིས་ སྐྱོན་དང་ཡོན་ཏན། ལེགས་ཤོམ་དང་ཟོགཔ། ངན་པ་དང་བཟང་པོ་ཚུ་ སོ་སོར་སྦེ་ཡོད་པ་ཅིན་ འདི་ཡོན་ཏན་ཨིན་པས། འདི་སྐྱོན་ཨིན་པས། འདི་ལེགས་ཤོམ་ཨིན་པས། འདི་ཟོགཔ་ཨིན་པས་ཟེར་ ང་བཅས་ག་ར་གིས་ཤེས་ཚུགས་ནི་ཨིནམ་ལས་ འདི་ཤེསཔ་རྐྱངམ་ཅིག་ལུ་ མཁས་པ་མི་རྩི་ནི་ཨིནམ་ལས། སྐྱོན་དང་ཡོན་ཏན། ལེགས་ཤོམ་དང་ཟོགཔ། འདི་ཚུ་བསླ་བསྲེས་འདི་ཡོད་མི་ སྐྱོན་ཨིན་ན་ ཡོན་ཏན་ཨིན་ན་འདི་གཉིས་ སོ་སོར་དབྱེ་བ་ ང་བཅས་བཟུམ་གྱི་མི་ རྩ་རྒས་འདི་ཚུ་གིས་ སྐྱོན་ཡོན་གྱི་ཁྱད་པར་ཕྱེད་མི་ཚུགས་ནི་ཨིནམ་ལས་ སྐྱོན་དང་ཡོན་ཏན་གཉིས་བསླ་བསྲེས་ ཡོད་མི་འདི་ སོ་སོར་དབྱེ་བ་ཕྱེད་ཞིནམ་ལས་ ཡོན་ཏན་འདི་ཚུ་ལེན་ཤེས་མི་འདི་མཁས་པ་རྐྱངམ་ཅིག་ཨིན།


དཔེ་བ་ཅིན་ བ་ལས་ཨོམ་ ང་བཅས་མི་ག་ར་གིས་ལེན་ཤེས་རུང་ ཆུ་དང་ཨོམ་སླ་བསྲེས་ཡོད་ས་ལས་ ཆུ་དང་ཨོམ་ སོ་སོར་གསལ་ཞིནམ་ལས་ཨོམ་རྐྱངམ་ཅིག་ ལེན་ཤེས་མི་འདི་ བྱ་ངང་པ་རྐྱངམ་ཅིག་མ་གཏོགས་ ང་བཅས་ཚུ་གིས་ཕྱེད་མི་ཚུགས། དཔེ་འདི་བཟུམ་སྦེ་ སྐྱོན་དང་ཡོན་ཏན་ དབྱེ་བ་སོ་སོར་ཕྱེད་ཞིནམ་ལས་ ཡོན་ཏན་ལེན་ནི་འདི་ མི་མཁས་པ་རྐྱངམ་ཅིག་གིས་ལས་ ང་བཅས་བཟུམ་རྩ་རྒས་ཀྱིས་ འབད་མི་ཚུགས་ནི་ཨིནམ་ལས་ ད་རིས་ནང་པའི་མི་འདི་ཚུ་ སྐྱོན་དང་ཡོན་ཏན་ག་ཅི་ཡོདཔ་ཨིན་ན་ མ་ཤེས་པ་ མགོ་སྐོར་རྐྱབ་མི་ལེ་ཤ་ར་ཐོན་དོ་ཡོདཔ་ལས་ གཟབ་གཟབ་འབད་ནི་འདི་ཁག་ཆེཝ་ཨིན།  

རང་གི་རིག་པ་གིས་བརྟགས་དཔྱད་འབད་ མནོ་བསམ་བཏང་ཞིནམ་ལས་ ལཱ་འདི་ཚུ་འབད་ཤེས་པ་ཅིན་མི་འདི་ མཁས་པ་ཨིནམ་ལས་ འདི་བཟུམ་འབད་མ་ཤེས་པར་ རོགས་ཀྱིས་ སླབ་སྟེ་འབད་བཅུག་དགོ་པ་ཅིན་ བདུད་འགྲོ་སེམས་ཅན་དང་ཁྱད་པར་མེདཔ་ཨིན་པའི་ཁུངས།

སྨྲས་ཤིང་བསྐུལ་བར་གྱུར་བ་ན། །དུད་འགྲོ་ལ་ཡང་གོ་བ་སྐྱེ། །

མ་བསྐུལ་གཞན་གྱི་མ་སྨྲས་པ། །བསམ་པ་ཤེས་ན་མཁས་པ་ཡིན། །

ཚིགས་བཅད་འདི་གི་གོ་དོན། མི་གཞན་གྱིས་ ཁྱོད་ལུ་ལཱ་འདི་བཟུམ་འབད་དགོ འདི་བཟུམ་འབད་ནི་མི་འོང་ཟེར་ ཁ་ལས་སླབ་ ལུས་དང་གདོང་གི་རྣམ་འགྱུར་བསྟན་ནི་ལ་སོགས་པ་ཚུ་འབད་བ་ཅིན་ མི་མ་ཚད་ དུད་འགྲོ་སེམས་ཅན་གཅིག་ཨིན་རུང་ ཧ་གོ་ནི་ཅིག་ཡོདཔ་ཨིནམ་ལས་ ང་བཅས་མི་འདི་ཚུ་ལུ་ཡང་ འདི་བཟུམ་འབད་དགོ་པ་ཅིན་ བདུད་འགྲོ་སེམས་ཅན་དང་ཁྱད་པར་མེདཔ་ཨིན།


འདི་བཟུམ་གཞན་གྱིས་བསྐུལ་མ་ འབད་མ་དགོས་པར་ རང་གིས་མནོ་བསམ་བཏང་སྟེ་ བཟང་ངན་ག་ཅི་ཨིན་ན་ ཤེས་ཞིནམ་ལས་ ལཱ་ངན་པ་འདི་ཚུ་སྤང་ནི་དང་ བཟང་པོ་འདི་ཚུ་འབད་ནི་ཤེས་པ་ཅིན་ མི་འདི་དུད་འགྲོ་སེམས་ཅན་ལས་ཁྱད་དུ་འཕགས་པ་ མི་གི་ཁོངས་སུ་གཏོགསཔ་མ་ཚད་ མཁས་པའི་འགྲལ་ལུ་ཡང་ཚུདཔ་ཨིན། བཟང་ངན་གྱི་ཁྱད་པར་ཕྱེད་དེ་ གཞན་གྱིས་ལཱ་ངན་པ་འདི་ཚུ་མ་འབད་ཟེར་ ཡང་ཡང་བསྐུལ་བ་འབད་རུང་མ་ཉན་པར་ ད་རུ་འབད་མི་འདི་ཚུ་ལུ་ མནོ་བསམ་བཏང་པ་ཅིན་ དུད་འགྲོ་སེམས་ཅན་ལས་ཡང་ སྐྱོ་ཤོས་གཅིག་ཨིནམ་འདི་ང་བཅས་ག་ར་གིས་ཤེས་དགོཔ་ཁག་ཆེ། དེ་འབདཝ་ལས་ མི་ཨིན་པ་ཅིན་ གཞན་གྱིས་སླབ་མ་དགོ་པར་ རང་གིས་མནོ་བསམ་བཏང་སྟེ་ འབད་ཤེས་དགོཔ་ཨིན།


མི་མནོ་བསམ་བཏང་ཤེས་མི་གཅིག་ཨིན་པ་ཅིན་ གཞན་སེམས་ཤེས་པའི་མངོན་ཤེས་མེད་རུང་ རྣམ་འགྱུར་ལ་ལྟ་སྟེ་ གཞན་གྱི་ནང་གི་མནོ་རིགས་འདི་ ཧ་གོ་ཚུགས་ནི་ཨིན་པའི་ཁུངས།

བློ་དང་ལྡན་ན་མ་སྨྲས་ཀྱང་། །རྣམ་འགྱུར་ཉིད་ལ་བསམ་པ་གོ །

བལ་བོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལ་བྲོ་བ་ཤེས། །

ཞེས་གསུངས་མི་ཚིགས་བཅད་འདིའི་གོ་དོན། རིག་པ་དང་ཤེས་རབ་ཡོད་མི་གཅིག་ ཨིན་པ་ཅིན་ མི་གཞན་གྱིས་མ་སླབ་པར་ ནང་ན་གསང་བཞག་སྟེ་འབད་རུང་ ཁོ་གིས་རྣམ་འགྱུར་ལུ་ལྟ་སྟེ་ ནང་གི་བསམ་པའི་མནོ་དོན་འདི་ རྟོགས་ཚུགསཔ་ཨིན། དཔེ་འབད་བ་ཅིན་ ཤིང་འབྲས་ བལ་བོའི་སེའུ་འདི་ མ་བཟའ་འདི་སྦེ་རུང་ ཁ་དོག་ལུ་ལྟ་སྟེ་ བྲོ་བ་ག་དེ་སྦེ་ ཡོདཔ་ཨིན་ན་ཤེས་ཚུགས།


དཔེ་འདི་དང་ཆ་འདྲཝ་སྦེ་ གཞན་སེམས་ཤེས་པའི་ མངོན་ཤེས་མེད་དེ་སྦེ་རུང་ རིག་པ་དང་ཤེས་རབ་ཡོད་མི་ཚུ་གིས་ རྣམ་འགྱུར་ལུ་ལྟ་སྟེ་ མི་གཞན་གྱི་ ནང་གི་མནོ་དོན་ཚུ་ ཧ་གོ་ཚུགས་ནི་ཨིན་པའི་ཁུངས་འདི་ཡང་ ཧེ་མ་ལྷ་ཆེན་ཁྱབ་འཇུག་གི་བཟའ་ཚང་འདི་ཚུ་ ག་ར་གཅིག་ཁར་ ས་ཕྱོགས་དགའ་ཏོག་ཏོ་ གཅིག་ནང་འགྱོ་ཞིནམ་ལས་ དགའ་སྤྲོ་སྟོན་ཏེ་སྡོད་ནུག་ ཁོང་སྡོད་སའི་ས་ཕྱོགས་འདི་ནང་ལུ་ དྲང་སྲོང་གནས་ངན་ཟེར་མི་གཅིག་ཡང་སྡོད་ཡོདཔ་ཨིན་པས།


དེ་ལས་ལྷ་ཆེན་ཁྱབ་འཇུག་གིས་ ང་གིས་ཁོ་ལུ་ཚོད་བལྟ་དགོ་སྦེ་ཟེར་མནོ་སྟེ་ བུམ་ཨ་ལོ་ཆགས་མི་གཅིག་ལུ་སྤྲུལ་ཏེ་ གུས་ཞབས་དང་བཅསཔ་ དྲང་སྲོང་གི་ཐ་མ་སོང་ཞིནམ་ལས་ དྲང་སྲོང་ལུ་དྲིས་ནུག ང་གི་ཕོ་ནང་གི་ཨ་ལོ་འདི་བུཚ་དང་བུམ་ ག་ཅི་ཨིན་ན་ དྲང་སྲོང་མཆོག་གིས་གསུངས་བཀའ་དྲིན་བསྐྱང་གནང་ཟེརུ་ཞུཝ་ད་ དྲང་སྲོང་གིས་ཁོ་གི་རྣམ་འགྱུར་ལུ་ལྟཝ་ད་ ཁོ་ལུ་ཚོད་ལྟཝ་ཨིནམ་ཤེས་ཏེ་ དྲང་སྲོང་ཞེ་སྡང་མེ་བཟུམ་འབར་ཏེ་ ཁྱོད་ཀྱི་ཕོ་ནང་ལས་ལྕགས་གཅིག་འབྱུང་བཅུག་ ལྕགས་འདི་གིས་འབད་ ཁྱབ་འཇུག་ཁྱོད་ཀྱི་རིགས་བརྒྱུད་གཅིག་ཡང་མེདཔ་ ཐལཝ་རླག་བཅུག་ཟེར་སྨོན་ལམ་ངན་པ་བཏབ་ནུག།


དེ་ལས་འདི་བཟུམ་སྦེ་རང་ ཕོ་ནང་ལས་ལྕགས་ཀྱི་གཏུན་ཤིང་གཅིག་བྱུང་ནུག དེ་ལས་ཁྱབ་འཇུག་བཟའ་ཚང་འདི་འདྲོག་སྟེ་ ལྕགས་ཀྱི་གཏུན་ཤིང་འདི་ རྡོ་གུ་དར་ཏེ་ མེདཔ་བཟོ་དགོ་འབད་ཟེར་ ཁོང་འདི་ཚུ་བློ་སླབ་སྟེ་ ལྕགས་ཀྱི་གཏུན་ཤིང་ རྡོ་གུ་དར་ཏེ་ ཕྱེ་བཟོ་ཞིནམ་ལས་འདམ་ཚང་ནང་བཀོ་ནུག་ ལྕགས་ཀྱི་གཏུན་ཤིང་དེ་ དར་མ་ཚུགས་པར་ ལྷག་མ་ཆུང་ཀུ་གཅིག་ལུས་ཡོད་མི་ འདི་གིས་ང་བཅས་ལུ་གནོད་པ་ག་ནེ་ཡང་བསྐྱལ་མི་ཚུགས་ཟེར་མནོ་སྟེ་ ཆུ་ཆེན་ནང་བཀོ་ནུག་  ལྕགས་ཕྱེ་བཀོ་སའི་འདམ་ཚང་འདི་ ནགས་ཚལ་སྦོམ་གཅིག་ལུ་གྱུར་ནུག་ ལྷག་མ་ལྕགས་ཆུང་ཀུ་ ཆུ་ནང་བཀོ་མི་འདི་ ཉ་གིས་བཟའ་ནུག་ ཉ་འདི་ཉ་རོགཔ་གིས་བཟུང་སྟེ་ ཤ་རོགཔ་གཅིག་ལུ་བཙོང་ནུག་ ཤ་རོགཔ་གིས་ཉ་གི་ཕོ་བཀགཔ་ད་ ཕོ་ནང་ལས་ལྕག་མདེའུ་གཅིག་ཐོབ་སྟེ་ ལྕགས་འདི་གིས་ མདའ་ལྕགས་བཟོ་ཡོདཔ་ཨིན་པས།


ཤུས་ལས་ད་རུང་ ནགས་ཚལ་དེ་ནང་ ཁྱབ་འཇུག་གི་བཟའ་ཚང་འདི་ཚུ་ ཧེ་མ་བཟུམ་སྦེ་ནགས་ཚལ་འདི་ནང་ དགའ་སྤྲོ་སྟོན་པ་འགྱོ་ནུག་ འདི་ནང་སྤྲོ་བ་སྟོན་སྡོད་པའི་བར་ན་ ཧེ་མ་དྲང་སྲོང་གི་སྨོན་ལམ་ངན་པ་བཏབ་མི་ལུ་བརྟེན་ ཕན་ཚུན་འཐབ་འཛིང་བྱུང་སྟེ་ ག་ར་ཕན་ཚུན་གཅིག་གིས་གཅིག་ བསད་ཚར་ཡོད་རུང་ བཏབ་ལེགས་པའི་དབང་གིས་ཁྱབ་འཇུག་འདི་ མ་ཤི་བར་ལུས་ནུག།


དེ་ལས་ཁྱབ་འཇུག་འདི་སེམས་བསྐྱོ་སྟེ་ ནགས་ཚལ་གཅིག་ནང་འགྱོ་སྦེ་སྡོད་པའི་བར་ནང་ ཤ་འདའ་བར་འོང་མི་ ཤ་རོགཔ་གིས་ ཀ་ཤ་བཟུམ་མཐོང་སྦེ་མདའ་རྐྱབ་སྟེ་ ཁྱབ་འཇུག་འདི་ས་གནས་དེ་ཁར་རང་བསད་ད་ནུག འདི་བཟུམ་གྱི་ལོ་རྒྱུས་ནང་བཤད་ཡོད་དོ་བཟུམ་ མི་ཤེས་རབ་དང་ལྡན་མི་གཅིག་ཨིན་པ་ཅིན་ གཞན་གྱིས་ཁ་ལས་མ་སླབ་འདི་འབད་རུ་ རྣམ་འགྱུར་ལུ་ལྟ་སྟེ་ཧ་གོ་ཚུགསཔ་ཨིན།


མི་མཁས་པ་ག་དེཅི་ཨིན་རུ་ རང་གི་གཡུས་ཁ་ལུ་སྦེ་བ་ཅིན་ མི་ལ་ལོ་གིས་ཁ་གཏང་སྟེ་ འགྲོ་དོན་སྐྱོང་མི་ཚུགས་ཨིན་པའི་ཁུངས།  

མཁས་པ་རང་གི་ཡུལ་བས་ཀྱང་། །ཡུལ་ཁམས་གཞན་ན་མཆོད་པ་ཐོབ། །

ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་གླིང་དུ་ག་ལ་བྲིན། །

ཟེར་གསུངས་མི་འདིའི་ཚིགས་བཅད་ཀྱི་གོ་དོན། ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་དང་ལྡན་པའི་ མི་མཁས་པ་ ཡོན་ཏན་ཅན་འདི་ཚུ་ རང་གི་གཡུས་ཁ་འགྱོ་བ་ཅིན་ གཡུས་ཁའི་མི་འདི་ཚུ་གིས་ ཁོ་གི་ཡོན་ཏན་ལུ་མ་ལྟ་བར་ ཁོ་ང་བཅས་དང་ཅོག་འཐདཔ་ཨིན་ཟེར་མནོ་ནི་དང་ གཡུས་ཁའི་མི་ལ་ལོ་ཅིག་ཁི་ཁ་ཡང་གཏང་སྟེ་ གུས་བཀུར་སོགས་མི་འབད་ཨིན་རུང་ གཞན་གྱི་གཡུས་ཁ་ལུ་ལྷོདཔ་ད་ བསྙེན་བཀུར་ཞུ་མི་དང་ མཆོད་པ་ཕུལ་མི་ལ་སོགས་པ་ཚུ་ཐོནམ་ཨིན།


དཔེ་འབད་བ་ཅིན་ ནོར་བུ་རིན་པོ་ཆེ་ལུ་ཁྱད་ཆོས་ག་དེ་ཅི་ཡོད་རུང་ ནོར་བུའི་གླིང་ནང་ལུ་ ཉོ་མི་མེདཔ་མ་ཚད་ ནོར་བུའི་གླིང་ནང་ལུ་ ནོར་བུ་ཨིན་པའི་སྣང་བ་ཡང་མི་ཤར། ཨིན་རུང་ ནོར་བུ་གླིང་ལས་གཞན་ལུ་ལྷོདཔ་ད་ རིན་གོང་ཚད་ལས་རྒལ་ཡོད་རུང་ ཉོ་མི་ཡང་ལེ་ཤ་ཡོདཔ་མ་ཚད་ ནོར་བུ་ཨིན་པའི་སྣང་བ་ཡང་ཤར་ནི་ཡོད་དོ་བཟུམ་སྦེ་ མཁས་པ་འདི་ཚུ་ཡང་ གཞན་གྱི་གཡུས་ལུ་ལྷོདཔ་ད་ ཁོ་གི་རྒྱུད་ལུ་ཡོད་པའི་ཡོན་ཏན་གྱི་སྦེ་མཆོད་པ་ཕུལ་ཏེ་ ཞབས་ཏོག་ བསྙེན་བཀུར་ཞུ་མི་དང་ དགོ་མི་ལེ་ཤ་ཐོནམ་ཨིན།


མཁས་པ་ལུ་གྱུར་དགོ་པ་ཅིན་ ལྷབ་སྦྱང་འབད་བའི་ནམ་དུས་ལུ་ བདེཝ་སྦེ་སྡོད་ནི་མེན་པར་ བརྩོན་ཤུགས་བསྐྱེད་དགོཔ་བསྟན་པ།

མཁས་པ་སློབ་པའི་དུས་ན་འདུག །བདེ་བར་སྡོད་ལ་མཁས་མི་སྲིད། །

བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །

ཟེར་གསུངས་པའི་ཚིགས་བཅད་ཀྱི་གོ་དོན། ང་བཅས་ར་མི་ག་ཨིན་རུང་ མཁས་པའི་ཡོན་ཏན་ཐོབ་དགོ་པ་ཅིན་ སློབ་སྦྱོང་འབད་བའི་ནམ་དུས་ལུ་ རག་ལསཔ་ཨིནམ་ལས་ ལྟོ་ཆུང་ཀུ་གང་ལས་ དཔེ་ཆ་ལྷབ་པའི་དུས་ལུ་ སེམས་རྣམ་གཡེང་ལུ་ ཤོར་ཏེ་སྡོད་ནི་མེན་པར་ བརྩོན་ཤུགས་བསྐྱེད་ནི་ཁག་ཆེཝ་ཨིན། དེ་ཡང་ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་ལྟ་ཆུང་ཀུ་གང་ལས་ར་ སློབ་སྦྱོང་འབདཝ་ད་ བརྩོན་འགྲུས་བསྐྱེད་དེ་ མ་ལྷབ་པ་ཅིན་ མཁས་པ་ལུ་འགྱུར་ནི་ཕར་བཞག་ ཤེས་ཚུགས་པ་ཡང་ལ་ཁག་བཏང་འོང་། རྒྱུ་མཚན་འདི་ལུ་བརྟེན་ སློབ་སྦྱོང་འབད་བའི་ནམ་དུས་ལུ་ སློབ་དཔོན་ཚུ་གིས་གསུངསཔ་ད་ རྣ་བའི་དབང་པོ་ལེགས་ཤོམ་སྦེ་ཉན་ཏེ་ བརྩོན་འགྲུས་བསྐྱེད་དགོཔ་འདི་ཁག་ཆེ།


དེ་སྦེ་མིན་པར་ སློབ་དཔོན་གྱིས་གསུངསཔ་ད་མ་ཉན་ བརྩོན་འགྲུས་ཡང་མ་བསྐྱེད་ སྨྱོས་རྫས་ཆང་དང་ ཏམ་ཁུ་ལ་སོགས་པ་ཚུ་ལག་ལེན་འཐབ་ ཉལ། གཟའ། ཕམ་གྱི་རེ་འདོད་བསྒྲུབ་ནི་དང་ རང་གི་མ་འོངས་པའི་མི་ཚེའི་གནས་བཏང་གི་སྐོར་ལས་ མནོ་བསམ་ཡང་བཏང་ནི་མེད་པར་ ཕམ་དང་སྤུན་ཆ་ཚུ་ལས་རྒྱབ་སྐྱོར་ལེན་ཞིནམ་ལས་ སློབ་སྦྱོང་འབད་དོ་བཟུམ་བཟོ་ དུས་ཚོད་འཕྲོ་བརླག་བཏང་སྟེ་ བདེཝ་སྡོད་པ་ཅིན་ མཁས་པའི་ཡོན་ཏན་འཐོབ་མི་སྲིད་ནི་ཨིན་པས།


དཔེ་འབད་བ་ཅིན་ འཁོར་བ་ནང་ འདོད་པའི་ཡོན་ཏན་ལྔ་གི་བདེ་བ་ ཆུང་ཀུ་གཅིག་ལུ་ཆགས་པ་བསྐྱེད་དེ་སྡོད་པ་ཅིན་ ཆེན་པོའི་བདེ་བ་ འཁོར་བའི་སྡུག་བསྔལ་ལས་ཐར་ཏེ་ རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་འདི་ཐོབ་མི་ཚུགས། ག་སྦེ་ཟེར་བ་ཅིན་ འཁོར་བའི་བདེ་བ་ལུ་ཆགས་ཏེ་ འདི་ནང་ལུ་རང་བསྡད་ནི་གི་ ཐབས་ཤེས་བསྒྲིག་ནི་མ་གཏོགས་ འདི་ལས་ཐར་ཏེ་ གནས་གཞན་ཁར་ལུ་འགྱོ་ནི་གི་ཐབས་ཤེས་མི་བརྩམ། དེ་འབདཝ་ལས་བརྟེན་ཏེ་ ཆེན་པོའི་བདེ་བ་འདི་ཐོབ་མི་ཚུགས། དཔེ་འདི་ཆ་འདྲཝ་སྦེ་ ཡོན་ཏན་སྦྱང་པའི་ནམ་དུས་ལུ་ བདེཝ་འཚོལ་ཏེ་ དཀའ་ངལ་ཆུང་ཀུ་གཅིག་ཡང་གདོང་ལེན་འབད་མ་ཚུགས་པར་ བསྡད་པ་ཅིན་ མཁས་པའི་ཡོན་ཏན་ཐོབ་མི་སྲིད་ནི་ཨིནམ་ལས་ སྨྱོས་རྫས་ཆང་དང་ ཏམ་ཁུ་ལ་སོགས་པ་ཚུ་ལག་ལེན་འཐབ་ ཉལ། གཟའ། འཐབ་འཛིང་ལ་སོགས་པ་ཚུ་འབད་དེ་ བདེཝ་བསྡད་ནི་མ་འཚོལ་བར་ ཡོན་ཏན་སྦྱང་པའི་ནམ་དུས་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།


ཤེས་རབ་འདི་ར་ ཡོད་པ་ཅིན་ ལུས་ཀྱི་སྟོབས་ཤུགས་མེད་རུང་ གཞན་དགྲ་འདི་ཚུ་གིས་ གནོདཔ་ཚུ་ག་ཅི་ཡང་ བཀལ་མི་ཚུགས་ཟེར་ཁུངས་བསྟན་པ།

བློ་དང་ལྡན་ན་ཉམ་ཆུང་ཡང་། །སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད། །

རི་དྭགས་རྒྱལ་པོ་སྟོབས་ལྡན་ཡང་། །རི་བོང་བློ་དང་ལྡན་པས་བསད། །

ཟེར་གསུངས་པའི་ཚིགས་བཅད་འདི་གི་གོ་དོན། བཟང་ངན་གྱི་ཁྱད་པར་ཕྱེད་ནི་དང་ ཐབས་ཤེས་ལ་སོགས་པ་ཚུ་ གཞན་དང་མ་འདྲཝ་ཅིག་ མནོ་བསམ་བཏང་ཚུགས་པའི་ ཤེས་རབ་དང་ལྡན་འདི་ཡོད་པ་ཅིན་ རང་གི་གཟུགས་ལུ་ སྟོབས་ཤུགས་མེད་རུང་ གཞན་སྟོབས་ཤུགས་པའི་དགྲ་འདི་ཚུ་གིས་ རང་ལུ་གནོད་པ་ཚུ་ ག་ཅི་ཡང་བཀལ་མི་ཚུགས། དཔེ་འབད་བ་ཅིན་ རི་དྭགས་ཀྱི་རྒྱལཔོ་ སེངྒེ་འདི་ སྟོབས་ཤུགས་ག་དེ་ཅི་ཡོད་རུང་ ཐབས་དང་ཤེས་རབ་ལུ་མཁས་མི་ རི་བོང་ཆུང་ཀུ་གཅིག་གིས་ ཐབས་དང་གནས་སྐབས་ཀྱི་ཐོག་ལས་ བསད་པའི་དཔེ་ཡོད་དོ་བཟུམ་ཨིན།


དེ་ཡང་ཧེ་མ་  ནགས་ཚལ་གཅིག་ནང་ལུ་ རི་དྭགས་ཀྱི་རྒྱལཔོ་སེངྒེ་ལུས་སྟོབས་ཤུགས་དང་ལྡན་མི་གཅིག་སྡོད་ནུག་ ཁོ་གིས་སེམས་ཅན་གཞན་མི་ཚུ་བསད་དེ་ རིམ་པ་བཞིན་དུ་བཟའ་དོ་ཡོདཔ་ཨིན་པས། ཉིནམ་གཅིག་སྦེཝ་ད་ རི་དྭགས་སེམས་ཅན་གཅིག་གིས་ ང་འགྱོ་ས་འདི་སེངྒེ་གི་ ཁ་ནང་ལུ་མ་གཏོགས་གཞན་ལུ་མིན་འདུག་ དེ་འབདལ་ལས་བརྟེན་ ང་བཅས་འདི་ཚུ་འདྲོག་མ་ཅུག་པར་ རིམ་པ་ཞིན་དུ་བཟའ་བ་ཅིན་ ལེགས་ཤོམ་འོང་ནི་མས་ སླབ་དོ་བཟུམ་ སེམས་ཅན་འདི་ཚུ་རིམ་པ་བཞིན་བཟའ་ནི་འགོ་བཙུགས་ཏེ་ རི་བོང་བཟའ་ནི་ལུ་ལྷོད་ནུག།


དེ་ལས་རི་བོང་གིས་ ད་རིས་སེངྒེ་གིས་ ང་བཟའ་ནི་ཨིནམ་ལས་ ང་ཁོ་གི་ཁ་ནང་ལས་ཐར་ནིའི་ཐབས་ཤེས་ ག་ཅི་འདུག་ག་ཟེར་ མནོ་བསམ་བཏངམ་ད་ ཐབས་ཤེས་གཅིག་ཐོབ་ནུག། ཐབས་ཤེས་ཐོབ་ཅི་ཟེར་ མནོ་བསམ་བཏང་ཞིནམ་ལས་ གོ་ལེ་འབད་འགྱོ་ད་ སེངྒེ་འདི་ཙིགཔ་ཟ་སྟེ་ ག་ཅི་འབད་མགྱོགས་པར་མ་འོང་སྨོ་ཟེར་སླབ་ད་ རི་བོང་གིས་སླབ་ནུག་ ང་མགྱོགས་པར་འོང་ནི་ལུ་རང་དབང་མིན་འདུག་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ སེངྒེ་གཅིག་གིས་ང་བཟུང་བཞགཔ་ལས་བརྟེན་ ང་མགྱོགས་པར་འོང་མ་ཚུགས་ཟེར་སླབ་ནུག།


སེངྒེ་གིས་ ང་མིན་པའི་སེངྒེ་གཞན་ག་ཏི་འདུག་ཟེར་སླབ་ད་ རི་བོང་གིས་ ཁོ་གིས་སླབ་དེ་ ཁྱོད་དང་གཅིག་ཁར་སྟོབས་ཤུགས་ཀྱི་འགྲན་བསྡུར་འབད་ཚུགས་མི་ཡོད་པ་ཅིན་ ཤོགས། འགྲན་བསྡུར་འབད་མ་ཚུགས་པ་ཅིན་ ང་གི་འོག་ལུ་ཨིན་ཟེར་ སླབ་མས་ཟེར་སླབ་ད་ སེངྒེ་འདི་གནམ་མེད་ས་མེད་ ཙིགཔ་ཟ་སྟེ་ འདི་བཟུམ་གི་སེངྒེ་ག་ཏེ་ལུ་འདུག་ཟེར་དྲཝ་ད་ རི་བོང་གིས་ ཆུ་རྫིང་སྦོམ་ གཏིང་རིངཔོ་ གཅིག་གི་མཐའ་མ་འཁྱིད་ཞིནམ་ལས་ མ་ནང་ན་འདུག་ཟེར་སླབ་ནུག། མ་ནང་ན་ལྟཝ་ད་ སེངྒེ་ཁོ་རང་གི་གཟུགས་བརྙན་མཐོངམ་ད་ བདེན་ལས་རང་འདུག་ཟེར་མནོ་སྟེ་ ཁོ་གིས་ཆེཝ་འདི་ཚུ་སྟོན་ རལཔ་ཚུ་གཡུག་འབདཝ་ད་ མ་ཆུ་ནང་གི་སེངྒེ་གིས་ཡང་འདི་བཟུམ་སྦེ་རང་འབད་དོ་ཡོདཔ་ལས་ ཁོ་ཞེས་སྡང་མེ་བཟུམ་འབར་སྟེ་ཆུ་རྫིང་ནང་མཆོངས་སོང་ནུག།

དེ་ལས་སེངྒེ་འདི་ཆུ་ནང་ཐིམ་སྟེ་ དེ་ཁར་ཤི་སོང་ཡོདཔ་ཨིན་པས། འདི་བཟུམ་སྦེ་ ཐབས་དང་གནས་སྐབས་ར་ཡོད་པ་ཅིན་ ལུས་ལུ་ སྟོབས་ཤུགས་མེད་རུང་ གཞན་སྟོབས་ཤུགས་ཅན་གྱི་ འོག་ལུ་ཚུད་དེ་ དཀའ་ངལ་ཚུ་མྱོང་དགོ་པར་ ཐབས་ཤེས་ཀྱི་ཐོག་ལས་ རྒྱལ་ཁ་འཐོབ་ཚུགས་ནི་ཨིནམ་ལས་ ཐབས་དང་ཤེས་རབ་འདི་ཁག་ཆེཝ་ཨི།།


ཆགས་སྡང་ཕྱོགས་ཞེན་སྤངས་ཏེ་ མི་གཞན་དང་མཐུན་ཏོག་ཏོ་སྦེ་ བསྡད་ཤེས་པ་ཅིན་ མི་འདི་ཡང་ མཁས་པའི་གྲལ་ཁར་ཚུད་ནི་ཨིན་པའི་ཁུངས།

སེམས་ཅན་གཞན་དང་རྗེས་མཐུན་པའི། །སྤྱོད་པ་ཤེས་ན་མཁས་པ་ཡིན། །

དུད་འགྲོ་ཡིན་ཡང་རིགས་མཐུན་རྣམས། །ཁྱུ་གཅིག་ཏུ་ནི་མི་གནས་སམ། །

ཚིགས་འདི་གི་གོ་དོན། རང་གི་ཕྱོགས་ལུ་ཆགས་ཞེན་བསྐྱེད་ནི་དང་ གཞན་གྱི་ཕྱོགས་སྡང་བ་བསྐྱེད་ནི་ཚུ་ སྤངས་དགོཔ་་ཨིནམ་མ་ཚད་ ང་རྒྱལ་དང་ཕྲག་དོག་ འགྲན་སེམས་ཚུ་ཡང་སྤངས་ཏེ་ མི་ཆེ་འབྲིང་ཆུང་གསུམ་ ག་དང་ཅིག་ཁར་ཨིན་རུང་ མཐུན་ཏོག་ཏོ་སྦེ་བསྡད་ནི་གི་སྤྱོད་པ་ རང་གིས་སྟོན་ཤེས་པ་ཅིན་ མི་མཁས་པ་ཟེར་སླབ་ནི་ཨིན།


མི་ལ་ལོ་ ག་དང་གཅིག་ཁར་ཡང་མཐུན་མ་ཚུགས་ སྒྲིགས་མ་ཚུགས་པར་ ལུས་མི་འདི་ཚུ་ གཙོ་བོ་ རང་གིས་སྤྱོད་པ་ལུ་བརྟེན་ཏེ་ ཨིནམ་ལས་ རང་གིས་སྤྱོད་པ་ཨིནམ་ཤེས་ཏེ་ རང་གིས་བྱ་སྤྱོད་འདི་ འགྱུར་བཅོས་འབད་དེ་ ལེགས་ཤོམ་ལུ་འགྱུར་བ་ཅིན་ མི་ག་དང་གཅིག་ཁར་ཡང་མ་མཐུན་པའི་དཀའ་ངལ་ རྩ་བ་ལས་རང་ འབྱུང་མི་སྲིད།


དཔེ་འབད་བ་ཅིན་ རྟ་དང་གླང་། སྟགས་ལ་སོགས་པའི་ དུད་འགྲོ་འདི་ཚུ་ཡང་ རང་གི་རིགས་དང་མཐུན་མི་འདི་ཚུ་ག་ར་ ཅིག་ཁར་འཛོམས་ཏེ་སྡོད་ནི་ཡོདཔ་འདི་ ང་བཅས་ག་ར་གིས་ མངོན་སུམ་དུ་མཐོང་ནི་ཡོད། དཔེ་འདི་དང་ཆ་འདྲཝ་སྦེ་ མི་གཞན་དང་མཐུན་པའི་བྱ་སྤྱོད་ རང་གིས་འབད་ཤེས་པ་ཅིན་ མི་རབས་དང་ མཁས་པའི་གྱལ་ལུ་ཚུདཔ་ཨིནམ་ལས་ འདི་བཟུམ་གྱི་བྱ་སྤྱོད་ རང་གིས་འབད་ཤེས་དགོཔ་འདི་ཁག་ཆེ།

ལཱ་མ་འབད་བའི་ཧེ་མ་ བརྟག་དཔྱད་ འབད་དགོ་པའི་ཁུངས།

ངེས་པར་འབྱུང་བའི་བྱ་བ་འགའ། །མ་གྲུབ་པ་ན་དཔྱོད་པའི་ཚེ། །

མཁས་རྨོངས་གཉིས་ཀྱིས་ཁྱད་པར་ཤེས། །གྲུབ་ནས་དཔྱོད་པ་བླུན་པོའི་ཚུལ། །

ཞེས་གསུངས་པའི་ཚིགས་བཅད་འདི་གི་གོ་དོན། མི་མཁས་པ་དང་རྩ་རྒས་གཉིས་ཀྱི་ཁྱད་པར་ཡང་ ངེས་པར་དུ་འབད་དགོ་པའི་ལཱ་འདི་ཚུ་ མ་འབད་བའི་ཧེ་མ་བརྟགས་ཤིང་དཔྱད་དེ་ ག་དེ་སྦེ་ འབད་ནི་ཨིན་ན། འབདཝ་ད་ལུ་ རབ་འབྲིང་ཐ་གསུམ་ ག་ཅི་གི་ཐོག་ལས་འབད་ནི་ཨིན་ན་ལ་སོགས་པའི་ འབད་ཐང་ཚུ་ལུ་ ལྟ་སྟེ་ཤེས་ཚུགས་ནི་ཚུགས་ནི་ཨིནམ་ལས་ མཁས་པ་གིས་འབད་བ་ཅིན་ ལཱ་ཆུང་ཀུ་ཅིག་ལས་ མ་འབད་དེ་ སྦེ་རུང་ ལཱ་འདི་གིས་ རང་དང་གཞན་ལུ་ཕན་པ་འདུག་ག་ གནོད་པ་འདུག་ག་ དབྱེ་དཔྱད་འབད་དེ་ གལ་སྲིད་ ལཱ་འདི་གིས་ཕན་པ་ལས་ གནོད་པ་སྦོམ་ཡོད་པ་ཅིན་ ལཱ་འདི་ཤོལ་ནིདང་ ཕན་པ་སྦོམ་ཡོད་པ་ཅིན་ ལཱ་འདི་འཕྲོ་མཐུད་འབད་ནི་ཨིན་པས།


མི་རྩ་རྒས་འདི་གིས་འབད་བ་ཅིན་ ལཱ་མ་འབད་བའི་ཧེ་མ་ བརྟགས་དཔྱད་ ག་ནི་ཡང་མ་འབད་བར་ ཆར་གཞི་བརྩམས་ཏེ་ ལཱ་འབད། ཐ་མཇུག་ལུ་ལྷོདཔ་ད་ ལཱ་འདི་གིས་ གྲུབ་འབྲས་ལེགས་ཤོམ་མ་ཐོན་པའི་སྐབས་ ལཱ་འདི་མ་འབད་རུ་ བཏུབ་ནུག་ཟེར་མནོ་སྟེ་ བློ་འགྱོད་བསྐྱེད་དེ་ ད་ག་ཅི་འབད་ན་ ག་དེ་སྦེ་ འབད་བ་ཅིན་དྲག་ག་ཟེར་ དབྱེ་ཞིབ་འབད་ནི་དང་། ཡང་ཅིན་ ལཱ་འདི་ཚུ་ ང་བཅས་ཀྱིས་ མཐུས་ཤོར་ཤོརཝ་མེན་ཟེར་ ཁོ་གིས་འབདཝ་ད་ཨིན། འདི་གིས་འབདཝ་ད་ཨིན་ཟེར་ གཞན་ལུ་ ཁ་བཀལ་ནི་ལ་སོགས་པ་ཚུ་འབདཝ་ ཨིནམ་ལས་  འདི་བཟུམ་གྱི་དཀའ་ངལ་མི་འབྱུང་ནི་གི་དོན་ལས་ ལཱ་མ་འབད་བའི་ཧེ་མ་ལས་ར་ བརྟགས་དཔྱད་འབད་དགོཔ་འདི་ཁག་ཆེ་ཟེར་ཨིན་པས།

མཁས་པའི་གྱལ་ལུ་ཚུད་ནི་གི་ ཡོན་ཏན་སྦྱང་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་པའི་ཁུངས།

མཁས་པ་རྣམས་ཀྱིས་དཔྱད་པ་ཡི། །ཤེས་བྱ་ཤེས་ན་མཁས་པར་བགྲང་། །

བ་ལང་རྒན་གཞོན་དཔྱོད་པ་ལ། །བླུན་པོ་མཁས་ཀྱང་ཡོན་ཏན་མིན། །

ཞེས་པའི་ཚིགས་བཅད་འདི་གི་གོ་དོན། སྔོན་བྱོན་མཁས་པ་འདི་ཚུ་གིས་ རིག་པས་བརྟགས་དཔྱད་འབད་དེ་ ཤེས་བྱའི་གནས་ རིག་གནས་ཆེ་བ་ལྔ་དང་ཆུ་བ་ལྔ། མདོ་སྔགས་ཀྱི་གཞུང་ལུགས་ཚུ་ནང་ལུ་ གསུངས་ཡོད་པའི་དོན་དག་ཚུ་ ཤེས་པ་ཅིན་རྐྱངམ་ཅིག་ མཁས་པའི་གྱལ་ལུ་ ཚུད་ནི་ཨིནམ་མ་གཏོགས་ གླང་དང་ནོར་ རྟ་ལ་སོགས་པ་ཚུ་ ལོ་ན་རྒན་གཞོན་གྱི་ བརྟགས་དཔྱད་འབད་དེ་ཤེས། འདི་བཟུམ་གྱི་ལཱ་ལུ་ ག་དེ་ཅི་ མཁས་མཆོག་ཨིན་རུང་ མཁས་པའི་གྱལ་ལུ་མི་ཚུད་ནི་ཨིན་པས།


འདི་ཡང་ག་ཁྱབ་ཟེར་བ་ཅིན་ འདི་བཟུམ་གྱི་ དབྱེ་དཔྱད་འབད་ཐང་འདི་ འཇིག་རྟེན་མི་ཕལ་པ་འདི་གིས་ འཇམས་ཏོང་ཏོ་སྦེ་ཤེས་ཚུགས་པ་མ་ཚད་ མི་རྩ་རྒས་འདི་ཚུ་གིས་ཡང་ ཤེས་ཚུགསཔ་ལས་ གཞུང་དང་རིག་གནས་ཚུ་སྦྱང་སྟེ་ ཤེས་བྱའི་ཡོན་ཏན་ཐོབ་པའི་ མི་མཁས་པ་གཅིག་རྩ་ལས་ར་མེན། དེ་འབདཝ་ལས་ ནོར་ རྟ་ལ་སོགས་པ་ཚུ་ ལོ་ན་རྒན་གཞོན་གྱི་ བརྟགས་དཔྱད་འབད་དེ་ མཁས་མཆོག་གྱུར་ནི་ལུ་ བརྩོན་ཤུགས་བསྐྱེདཝ་བ་ གཞུང་དང་རིག་གནས་ཚུ་སྦྱང་སྟེ་ ཤེས་བྱའི་ཡོན་ཏན་ཐོབ་པའི་མཁས་པ་འགྱུར་ནི་ལུ་ བརྩོན་འགྲུས་བསྐྱེད་དགོ་ཟེར་བའི་དོན་ནོ། །


ཤེས་བྱའི་ཡོན་ཏན་ལུ་ ཆོག་ཤེས་དང་ངོམས་ནི་ཚུ་ སྤངས་ཞིནམ་ལས་ ད་རུང་བརྩོན་ཤུགས་བསྐྱེད་དགོ་པའི་ཁུངས།

རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་། །རྒྱལ་པོའི་འབངས་མཛོད་ནོར་གྱིས་མིན། །

འདོད་ཡོན་སྤྱད་པས་མི་ངོམས་ཏེ། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །

ཞེས་གསུངས་པའི་ཚིགས་བཅད་འདི་གི་གོ་དོན། མཐའ་ཡས་རྒྱ་མཚོ་ཆེན་མོ་འདི་ནང་ལུ་ ཆརཔ་དང་ཆུ་ཡོད་ཚད་ཅིགཔོ་ འབབས་འདི་འབད་རུ་ ད་རུང་ཡང་ཚིམ་ནི་མེད་པར་ རྒྱ་མཚོ་ནང་ལུ་ཆུ་འདི་ཚུ་སྡུདཔ་ཨིན། འདི་དང་འདྲཝ་སྦེ་ རྒྱལཔོ་ཆེན་པོའི་བང་མཛོད་ཡང་ གསེར་དང་དངུལ་ བྱུ་རུ་ མུ་ཏིག་ལ་སོགས་པ་ ནོར་གིས་གང་འདི་ཡོད་རུང་ ཡིད་མ་ཚིམས་པར་ རྒྱུ་ནོར་ཡོད་ཚད་ཅིགཔོ་སྡུད་དོ་བཟུམ་སྦེ་དང་། ང་བཅས་སོ་སོ་སྐྱེ་བོ་ཚུ་གིས་ གཟུགས་ སྒྲ་ དྲི་རོ་ལ་སོགས་པ་ འདོད་པའི་ཡོན་ཏན་ལུ་ག་དེ་ཅི་ ལོངས་སྤྱོད་དེ་འབད་རུང་ རྩ་ལས་རང་ཡིད་ཚིམ་ནི་མེད་པའི་ དཔེ་བཟུམ་སྦེ་ ཡོན་ཏན་གྱི་རོ་བཅུད་ མྱོང་མི་ མཁས་པ་འདི་ཚུ་ཡང་ ལེགས་བཤད་བདུད་རྩི་གིས་ རྩ་ལས་རང་མི་ངོམས་ནི་མེད་པར་ སངས་རྒྱས་ཀྱི་གོ་འཕང་ མ་ཐོབ་ཚུན་ ལེགས་བཤད་ཀྱི་ གཞུང་ཚུ་ལུ་ ལོངས་སྤྱོདཔ་ཨིན། དེ་འབདཝ་ལས་བརྟེན་ ང་བཅས་ཆ་ཁྱབ་ཡང་ ལེགས་བཤད་ཀྱི་བདུད་རྩི་ལུ་ ལོངས་སྤྱོད་ནི་གི་དོན་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདི་ ཁག་ཆེ་ཟེར་བའི་དོན་ནོ། །


མཁས་པའི་གང་ཟག་ཚུ་གིས་ ལེགས་བཤད་འདི་ཡོད་པ་ཅིན་ མི་ལུ་ལྟ་བར་ལེན་དོ་ཡོད་པའི་ཁུངས།

ལེགས་བཤད་བྱིས་པ་དག་ལས་ཀྱང། །མཁས་པ་རྣམས་ནི་ཡོངས་སུ་ལེན། །

དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །

ཞེས་གསུངས་པའི་ཚིགས་བཅད་འདི་གི་གོ་དོན། སྤྱིར་བཏང་ མི་མང་ཆེ་བ་གིས་ ལེགས་བཤད་འདི་ཚུ་ལེན་ནི་དོན་ལུ་ སྐད་གྲགས་ཡོད་མི་ རྒྱུ་ནོར་ཡོད་མི་ གཟུགས་གཤིས་དང་བྱད་ངོ་རིས་ཡོད་ཚུ་ལུ་ལྟེ་སྟེ་ འགྱོཝ་ཨིན་རུང་ མཁས་པའི་གང་ཟག་འདི་ཚུ་གིས་འབད་བ་ཅིན་ གཏམ་སྙན་གྲགས་ལ་སོགས་པའི་རྗེས་འཇུག་ནི་མེན་པར་ ཡོན་ཏན་དང་ལྡན་འདི་ཡོད་པ་ཅིན་ འཕགས་པའི་གང་ཟག་བྱང་ཆུབ་སེམས་དཔའ་ རྐྱངམ་ཅིག་མེན་པར་ སོ་སོའི་སྐྱེས་བོ་ མི་ཕལ་པ་ སྤྱང་ཀ་ཅིག་ལས་སྦེ་རུང་ ལེན་ནི་ཡོདཔ་ཨིན། དཔེ་འབད་བ་ཅིན་ དྲི་ཞིམ་ཏོག་ཏོ་ཡོདཔ་ལས་བརྟེན་ རི་དྭགས་ཀྱི་ གསང་གནས་ཕོ་མཚན་ལས་ཀྱང་ གླ་རྩི་ལེན་དོ་བཟུམ་སྦེ་ མཁས་པ་འདི་ཚུ་གིས་ ལེགས་བཤད་འདི་ག་ཏི་ཡོད་རུང་ མི་ལུ་ལྟ་བར་ ཆོས་ལུ་ལྟ་སྟེ་ ཉམས་སུ་ལེན་དོ་ཡོདཔ་ཨིནམ་ལས་ ང་བཅས་ཆ་ཁྱབ་ཀྱིས་ཡང་འདི་བཟུམ་ ཉམས་སུ་ལེན་དགོཔ་འདི་ཁག་ཆེ་ཟེར་བའི་དོན་ནོ། །

འདི་ཡན་ཆད་ ལེགས་བཤད་རིན་པོ་ཆེ་ལས་ མཁས་པའི་བརྟགས་པའི་ རབ་འབྱེད་དང་པོའི་ཚིག་དོན་གྱི་འགྲེལ་པ་ མདོར་བསྡུས་ཅིག་ཞུ་ཚར་ཡི། །


འཕྲིན་ལས་རྒྱལ་མཚན་མིང་པས་བྲིས།