Jump to content

ས་སྐྱ་གོང་མ་ཁྲི་རབས་ཞེ་གཅིག་པ་

ཡོང་ཁུངས་Wikipedia

ས་སྐྱ་གོང་མ་རིན་པོ་ཆེ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་བསམ་འཕེལ་དབང་གི་རྒྱལ་པོ་ནི་དཔལ་ལྡན་ས་སྐྱ་པའི་འཁོན་གདུང་རིགས་ཀྱི་བླ་མ་ཆེན་པོ་ཞིག་དང་། དེང་རབས་བོད་ཀྱི་ནང་བསྟན་ལོ་རྒྱུས་ནང་ཆོས་སྒོ་ཀུན་ལ་མངའ་བརྙེས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན།

སྐུ་འཁྲུངས་པ་དང་རིགས་རྒྱུད།

[རྩོམ་སྒྲིག]

རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་སྟེ་ཕྱི་ལོ་ ༡༩༤༤ ལོའི་ཟླ་བ་ ༨ པའི་ཚེས་ ༡ ཉིན་ཡབ་ངག་དབང་ཀུན་དགའ་རིན་ཆེན་དང་། ཡུམ་བོང་ཤོད་པའི་སྲས་མོ་བསོད་ནམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་གདན་ས་འོག་མ་རྩེ་གདོང་ཆོས་སྡེ་སྲིད་གསུམ་རྣམ་རྒྱལ་གླིང་དུ་སྐུ་བལྟམས། སྐུ་བལྟམས་པའི་ཚེ་འཇའ་འོད་ཀྱི་གུར་ཕུབ་པ་དང་། མེ་ཏོག་གི་ཆར་བབས་པ། འབྲི་བརྒྱའི་འོ་མ་རྩེ་ཕུད་དང་ཨོ་རྒྱན་པདྨའི་སྐུ་བརྙན་གྱི་མཆོད་བཀུར་འབུལ་མི་མ་བསྒྲིགས་ལྷུན་འགྲུབ་ཏུ་བྱུང་བ་སོགས་བཀྲ་ཤིས་པའི་མཚན་མ་བཟང་པོ་དུ་མ་བྱུང་བར་གྲགས།

ཡང་སྲིད་ངོས་འཛིན།

[རྩོམ་སྒྲིག]

མགོན་པོ་འདི་ཉིད་ནི་སྤྲུལ་པའི་སྔགས་འཆང་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དང་། ཨོ་རྒྱན་རྒྱལ་བའི་གདུང་འཚོབ་གཏེར་ཆེན་འཕྲིན་ལས་གླིང་པའམ་ཡོངས་གྲགས་སུ་ཨ་པཾ་གཏེར་སྟོན་ཞེས་གྲགས་པ་དེ་གཉིས་ཀྱི་ཡང་སྲིད་དུ་རྡོ་རྗེ་འཆང་དྲག་ཤུལ་འཕྲིན་ལས་རིན་ཆེན་དང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་མཁས་གྲུབ་དུ་མས་ལུང་བསྟན་མཛད།

སྐུ་ན་ཕྲ་བའི་དུས་ཀྱི་ངོ་མཚར་མཛད་པ།

[རྩོམ་སྒྲིག]

སྐུ་ན་ཆེས་ཕྲ་མོའི་དུས་སུ་ཡབ་ཡུམ་གྱིས་གང་ནས་འོང་དང་སྡོད་ས་གང་ཡིན་དྲིས་པར། "ང་ས་ཐག་རིང་པོ་ནས་འོང་། སྡོད་ས་སྦྲ་གུར་ན་ཡོད་"ཅེས་གསུངས། གསུང་གི་སྒོ་མོ་དང་པོར་ཕྱེ་བའི་ཚེ་རང་བྱུང་དུ་འགོ་ལོག་གི་སྐད་སྨྲ་བ་དང་། ཨ་པཾ་གཏེར་ཆེན་གྱི་རིགས་སྲས་མཆོག་གིས་མགོན་པོ་འདི་ཉིད་མཇལ་དུ་ཕེབས་སྐབས་སུ་ངོས་འཛིན་གསལ་པོ་མཛད་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང་དུ་ཡོད།

གསན་བསམ་དང་ཡོངས་འཛིན་རྣམས་པ།

[རྩོམ་སྒྲིག]

མགོན་པོ་འདི་ཉིད་ཀྱིས་ཡབ་རྗེ་སྔགས་འཆང་ཀུན་དགའ་རིན་ཆེན། མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། བླ་མ་ངག་དབང་བློ་གྲོས་རིན་པོ་ཆེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། གཟིམ་འོག་རྡོ་རྗེ་འཆང་། མཁན་ཆེན་འཇམ་དཔལ་བཟང་པོ། རྫོང་སར་མཁན་ཆེན་ཐུབ་བསྟན། ༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ། བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་། ཕན་བདེ་མཁན་རིན་པོ་ཆེ། ཡོངས་འཛིན་གླིང་རིན་པོ་ཆེ། སྡེ་གཞུང་རིན་པོ་ཆེ། རི་སྐེད་བྱ་བྲལ་རིན་པོ་ཆེ། མཁན་ཆེན་ཨ་པད་རིན་པོ་ཆེ། མཁན་ཆེན་ཀུན་དགའ་དབང་ཕྱུག མཁན་ཆེན་རིན་ཆེན་བཟང་པོ། བྱ་བྲལ་བྱང་ཆུབ་རྡོ་རྗེ། འཁྲུལ་ཞིག་རིན་པོ་ཆེ་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལ་གསན་བསམ་སྒྲོ་འདོགས་བཅད་དེ་སྒྲུབ་པའི་རྒྱལ་མཚན་བཙུགས།

བསྟན་པའི་འཛུགས་སྐྲུན་དང་མཛད་འཕྲིན།

[རྩོམ་སྒྲིག]

བཙན་བྱོལ་དུ་ཕེབས་རྗེས་འཕགས་ཡུལ་དུ་སྒྲོལ་མ་ཕོ་བྲང་གསར་དུ་བཏབ་པ་དང་། དེ་བཞིན་ས་སྐྱ་མ་དགོན་རྣམ་གཉིས། ས་སྐྱ་མཐོ་སློབ། མ་དགོན་བཤད་གྲྭ། བཙུན་དགོན་རིན་ཆེན་གླིང་། བཙུན་མའི་བཤད་གྲྭ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཕུན་ཚོགས་གླིང་། ས་སྐྱའི་གཞི་ཆགས་བཅས་གསར་དུ་བཏབ། དེ་བཞིན་ཨ་རི་དང་སིངྒཱ་པུར་སོགས་འཛམ་གླིང་གི་ཡུལ་གྲུ་དུ་མར་གཙུག་ལག་ཁང་དང་ཆོས་ཚོགས་བསྐྲུན་ཏེ་བསྟན་པ་རྒྱ་ཆེར་སྤེལ།

ཁྲི་འདོན་མཛད་སྒོ།

[རྩོམ་སྒྲིག]

ཕྱི་ལོ་ ༡༩༥༢ ལོར་སྔོན་འགྲོའི་ཁྲི་འདོན་དང་། ཕྱི་ལོ་ ༡༩༥༩ ལོར་ཁྲི་འདོན་དངོས་གཞི་མཛད་དེ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཅིག་པའི་མཛད་འགན་བཞེས། འཁོར་ལོ་གསུམ་གྱི་མཛད་པ་མཐའ་ཡས་པ་བསྐྱངས་ཤིང་དེང་གི་ཆར་ཡང་མཆོག་སྐུ་མི་ཤིགས་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་བཞུགས་བཞིན་པ་ལགས་སོ།།