ས་མ་ཡ་
ས་མ་ཡ་ནི་དམ་ཚིག་ཡིན། སྔགས་ཀྱི་སྐད་དོད་ལས་བྱུང་བའི་ཐ་སྙད་འདི་གཙོ་བོར་དམ་ཚིག་གི་དོན་ལ་གོ་དགོས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་ལས། "ས་མ་ཡ་ནི་དམ་ཚིག་སྟེ།"[༡] ཞེས་སྔགས་ཀྱི་སྐབས་སུ་ས་མ་ཡ་ཞེས་པ་དམ་ཚིག་གི་དོན་ཡིན་ཀྱང་། གཞན་དུ་དུས་དང་སྐབས་སོགས་ཀྱི་དོན་ལའང་འཇུག་སྟེ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ་ལས། "ས་མ་ཡ་ཞེས་པ་སྔགས་ཀྱི་སྐབས་འདིར་དམ་ཚིག་སྟེ། གཞན་དུ་དུས་དང་སྐབས་སོགས་ལ་འཇུག་གོ།"[༢] ཞེས་གསུངས།
ངེས་ཚིག (Etymology)
[རྩོམ་སྒྲིག]ས་མ་ཡའི་དོན་ངོ་མ་ནི་མི་འདའ་བའི་དོན་ཡིན་ཏེ། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་དུས་སམ་སྐབས་དེ་ལས་གཞན་དུ་འདའ་བར་མི་བྱ་བའི་དོན་ཡིན་ཏེ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ་ལས། "དེས་ན་དམ་ཚིག་གི་སྒྲ་དོན་ཡང་མི་འདའ་བའི་དོན་ཏེ། རྡོ་རྗེ་སེམས་དཔའི་སྐུ་གསུམ་ཐུགས་ཀྱི་གསང་བ་ཟབ་མོའི་དུས་སམ་སྐབས་དེ་ལས་གཞན་དུ་འདའ་བར་མི་བྱ་བའི་དོན་དུ་གཟུང་དགོས།"[༣] ཞེས་གསུངས།
ངོ་བོ། (Nature)
[རྩོམ་སྒྲིག]ས་མ་ཡའམ་དམ་ཚིག་གི་ངོ་བོ་ནི། སྔགས་ལ་ཞུགས་པའི་བརྟུལ་ཞུགས་བཟང་པོ་མི་ཉམས་པར་བསྲུང་གི་ལྷག་བསམ་ཅན་ཡིན། དེ་ཡང་། མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ་ལས། "དམ་ཚིག་ངོ་བོ་ནི། སྔགས་ལ་ཞུགས་པའི་བརྟུལ་ཞུགས་བཟང་པོ་མི་ཉམས་པར་བསྲུང་གི་ལྷག་བསམ་ཅན་ནོ་ཞེས་ཀུན་མཁྱེན་ཀློང་ཆེན་གསུང་།"[༤] ཞེས་གསུངས།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ་ལས། ཀུན་མཁྱེན་རོང་ཟོམ་གྱིས་ས་མ་ཡའི་སྒྲ་དོན་ལ་གསལ་བཤད་གནང་བར་གསུངས་ཏེ། "དམ་ཚིག་སྒྲ་དོན་དུ་མ་ལ་འཇུག་མོད་ཀྱི། ཚིག་གཟུགས་པོར་འཇུག་པ་ནི། གཞུང་ལུགས་མཐུན་པར་བདེན་པའི་དམོད་བཙུགས་ཏེ། མི་ནུས་པ་ལ་སོགས་པ་མི་གནང་ཞིང་འདའ་བར་མི་རུང་བའི་བཀའི་མཚན་ཉིད་ཅེས་གསུངས།"[༥] ཞེས་གསུངས།
དམ་ཚིག་གི་དབྱེ་བ། (Classifications of Samaya)
[རྩོམ་སྒྲིག]སྤྱིར་ཐེག་པ་རིམ་དགུས་བསྡུས་པའི་སྤྱི་དང་ཁྱད་པ་དང་ལྷག་པའི་དམ་ཚིག་ཤིན་ཏུ་མང་པོ་ཡོད་ཀྱང་མདོར་བསྡུས་ན་དེ་རྣམས་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དང་དམ་ཚིག་ལ་འདུས་ཏེ། མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ་ལས། "སྤྱིར་ཐེག་པ་རིམ་དགུས་བསྡུས་པའི་སྤྱི་དང་ཁྱད་པ་དང་ལྷག་པའི་དམ་ཚིག་ཤིན་ཏུ་མང་པོ་དེ་རྣམས་བསྡུས་ན་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དང་དམ་ཚིག་མ་ལུས་པ་ལ་འདུས།"[༦] ཞེས་གསུངས་པ་དང། དེ་ཡང་སྐབས་འདིར་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་གནས་སྐབས་ཀྱི་དུས་དེ་ལས་མི་འདའ་བའི་ཡེ་སྲུང་རྒྱལ་པོའི་དམ་ཚིག་སྲུང་མཚམས་རྣམ་རྟོག་ལས་འདས་པའི་དམ་ཚིག་ཆེན་པོ་བཟུང་དགོས་པའི་དོན་ཏོ།།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ་ལས། "དེའང་མདོར་བསྡུས་ན། སྐབས་འདིར་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་གནས་སྐབས་ཀྱི་དུས་དེ་ལས་མི་འདའ་བའི་ཡེ་སྲུང་རྒྱལ་པོའི་དམ་ཚིག་སྲུང་མཚམས་རྣམ་རྟོག་ལས་འདས་པའི་དམ་ཚིག་ཆེན་པོ་བཟུང་དགོས་པའི་དོན་ཏོ།"[༧] ཞེས་གསུངས།
ས་མ་ཡ་དང་རྡོ་རྗེ་སེམས་དཔའི་འབྲེལ་བ། (Relationship with Vajrasattva)
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་ས་མ་ཡ་ནི་སྔོན་ཐུགས་བསྐྱེད་པའི་དུས་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གོ་འཕང་དེར་འགོད་པར་དམ་བཅས་ཤིང་། ད་ལྟ་སངས་རྒྱས་ནས་མཛད་པ་ལྷུན་གྲུབ་ལ་མངའ་བརྙེས་པས་སྔོན་གྱི་དམ་བཅའ་དེ་དྲན་པར་མཛོད་ཅེས་བསྐུལ་བའི་དོན་ཡིན། དེ་ཡང་། ཨ་ཁུ་ཤེས་རབ་རྒྱ་མཚོའི་ཡིག་བརྒྱའི་འགྲེལ་པ་ལས། "སྔོན་ཐུགས་བསྐྱེད་པའི་དུས་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གོ་འཕང་དེར་འགོད་པར་དམ་བཅས་ཤིང་། ད་ལྟ་སངས་རྒྱས་ནས་མཛད་པ་ལྷུན་གྲུབ་ལ་མངའ་བརྙེས་པས་སྔོན་གྱི་དམ་བཅའ་དེ་དྲན་པར་མཛོད་ཅེས་བསྐུལ་བའོ།།"[༨] ཞེས་གསུངས་སོ།།
མཧཱ་ས་མ་ཡ་སཏྭ་ཞེས་པ་ནི་དམ་ཚིག་སེམས་དཔའ་ཆེན་པོ་སྟེ། དུས་དང་བྲལ་བའི་དུས་ཆེན་པོ་ལས་ནམ་ཡང་མི་འདའ་བའི་སེམས་དཔའ་ཆེན་པོའི་དོན་ཡིན་ཏེ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ་ལས། "མ་ཧཱ་ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ་སྟེ། དུས་དང་བྲལ་བའི་དུས་ཆེན་པོ་ལས་ནམ་ཡང་མི་འདའ་བའི་སེམས་དཔའ་ཆེན་པོ་ཞེས་བྱའི་དོན་ཡིན།" ཞེས་གསུངས་སོ།།
ས་མ་ཡའི་བསྡུས་དོན། (Condensed Meaning)
[རྩོམ་སྒྲིག]ས་མ་ཡའི་དོན་མདོར་བསྡུས་ན། མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ་ལས། "མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྟེ་འདུས།"[༩] ཞེས་མངའ་རིས་པཎྜི་ཏ་པདྨ་དབང་རྒྱལ་གྱིས་གསུངས་པ་ལྟར་རང་ལུས་རྡོ་རྗེ་གསུམ་དུ་ངོ་ཤེས་པར་བྱས་ན་སྔགས་ཀྱི་དམ་ཚིག་ཡོངས་སུ་རྫོགས་པ་དེར་འདུས་པ་ཡིན་ནོ།།
རྒྱུ་ཆའི་ཁུངས། References
[རྩོམ་སྒྲིག]- ↑ པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ།
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ།
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ།
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོའི་ཡིག་བརྒྱའི་འགྲེལ་པ།
- ↑ མཁན་པོ་དཔལ་ལྡན་ཤེས་རབ་ཀྱི་ཡིག་བརྒྱའི་འགྲེལ་པ།