ས་དགྲ་སྲིན་མོ་གནོན་བྱེད་ཀྱི་ལྷ་ཁང་
མཐོང་རིས་
བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་བོད་ཆགས་ཡུལ་གྱི་ས་དགྲ་སྲིན་མོ་གན་རྒྱལ་དུ་འགྱེལ་བ་ལྟ་བུ་དེའི་དཔུང་མགོ་དང་དཔྱི་མགོ་གནོན་པར་བྱེད་པ་ལ། གཡོན་རུ་ཁྲ་འབྲུག་གཡས་རུ་གཙང་འགྲམ། སྦུས་རུ་བཀའ་ཚལ། རུ་ལག་གྲུམ་པ་རྒྱང་གི་ལྷ་ཁང་སྟེ། མཐའ་འདུལ་གྱི་ལྷ་ཁང་བཞི། དེའི་གྲུ་མོ་དང་པུས་མོ་གནོན་པར་བྱེད་པ་ལ་ཀོང་པོ་བུ་ཆུ། ལྷོ་བྲག་མཁོ་མཐིང༌། བྱམས་སྤྲིན་དགེ་རྒྱས།བྱང་པྲ་དུམ་རྩེ་སྟེ་ཡང་འདུལ་གྱི་ལྷ་ཁང་བཞི། ལག་མཐིལ་རྐང་མཐིལ་གནོན་པར་བྱེད་པ་ལ། ཁམས་ཀློང་ཐང་སྒྲོལ་མ། སྤ་གྲོ་སྐྱེ་ཆུ། ཚལ་རིགས་ཤེས་རབ་སྒྲོལ་མ། ཚངས་པ་རླུང་གནོན་ཏེ། རུ་གནོན་གྱི་ལྷ་ཁང་བཞི་རྣམས་བརྩིགས་པར་གྲགས།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།