ས་ཐོབ་པ་
ས་ཐོབ་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ལམ་ལ་གནས་སྐབས་ཀྱི་འབྲས་བུ་ཐོབ་པའི་རིམ་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་པོ་རིམ་གྱིས་ཐོབ་པ་ལ་ཟེར།
ནང་དོན།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཚོགས་གཉིས་རྫོགས་པར་བསགས་ཏེ། ཤེས་རབ་དང་ཐབས་ལ་མཁས་པར་སྦྱངས་པའི་མཐུས་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་གྱི་ས་བཅུ་རིམ་གྱིས་ཐོབ་པར་འགྱུར། དེ་ཡང་ "རབ་དགའ་ལ་སོགས་པའི་ས་ཐོབ་པ་ལ་ཡུན་རིང་པོ་ཐོགས་པས་སྲོག་ལ་བབ་ཀྱང་བྱང་ཆུབ་ཀྱི་སེམས་མི་ཉམས་པ་ལ་འབད་པར་བྱའོ། །"[༡]ཞེས་གསུངས།
ས་ཐོབ་པ་ལ་ཐོགས་པའི་རྒྱུ་མཚན།
[རྩོམ་སྒྲིག]བྱང་ཆུབ་ཀྱི་སེམས་ཉམས་པའི་དབང་གིས་ས་ཐོབ་པ་ལ་ཐོགས་པ། "དེ་ལྟར་ལྟུང་བ་སྟོབས་ཅན་དེ་དང་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་གཉིས་འཁོར་བར་རེས་མོས་ཀྱིས་འདྲེ་བར་བྱེད་ན། ས་དང་པོ་ལ་སོགས་པ་ཐོབ་པ་ལ་ཡུན་རིང་དུ་ཐོགས་སོ། །"[༢]ཞེས་གསུངས། "སྨོན་སེམས་བཏང་བའི་ལྟུང་བ་སྟོབས་ལྡན་འབྱུང་བ་དང་སླར་ཡང་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་བླངས་པ་དག་འཁོར་བར་འཁོར་བ་ན་དེ་གཉིས་རེས་མོས་ཀྱིས་འདྲེས་མར་བྱུང་བའམ་སྤེལ་མར་བྱུང་ན་དེ་ལྟ་བུའི་སྟོབས་ལྡན་གྱི་ལས་དེ་གཉིས་ཀྱི་འབྲས་བུ་འང་རིམ་པར་ངན་སོང་དང་མཐོ་རིས་སུ་སྐྱེ་བ་བརྒྱུད་མ་བླངས་ནས་རེ་མོས་ཀྱིས་འདྲེ་བར་བྱེད་ན་རབ་དགའ་ལ་སོགས་པའི་ས་ཐོབ་པ་ལ་ཡུན་རིང་དུ་ཐོགས་"[༣]ཞེས་གསུངས།
ས་ཐོབ་པའི་དཔེ།
[རྩོམ་སྒྲིག]འདོ་ལི་འདྲེན་པའི་དཔེ། "འདི་མི་གཉིས་ཀྱི་འདོ་ལི་འདྲེན་པ་ན་གཅིག་གིས་མདུན་དུ་འཐེན་གཅིག་གིས་རྒྱབ་ཏུ་འཐེན་པས་འགྲོ་སར་ཕྱིན་མི་ནུས་པ་དེ་བཞིན་ཡིན་པར་རྣལ་འབྱོར་ཟླ་བ་གསུང་ངོ། །"[༤]ཞེས་གསུངས། གླང་ཆེན་ཁྲུས་ཀྱི་དཔེ། "བརྩོན་འགྲུས་ཀྱི་མཐུ་ཆུང་བ་དེས་ནི་བླངས་ཀྱང་ཡང་ལྟུང་བས་འཇོམས་པར་འགྱུར་ལ། དེ་ལྟར་རེ་མོས་ཀྱིས་གླང་ཆེན་ཁྲུས་ལྟར་ནམ་ཡང་གཙང་བའི་ས་འཐོབ་པར་མི་འགྱུར་རོ། །"[༥]ཞེས་གསུངས།
ས་ཐོབ་པ་ལ་ཐོགས་པའི་སྐྱོན།
[རྩོམ་སྒྲིག]གནས་སྐབས་དང་མཐར་ཐུག་གི་སྐྱོན། "གནས་སྐབས་ས་དང་པོ་སོགས་ཐོབ་པ་ལ་ཡུན་རིང་དུ་ཐོགས་ན་མཐར་ཐུག་གི་བྱང་ཆུབ་ཆེན་པོར་ཐོབ་པ་ལ་ལྟ་སྨོས་ཀྱང་ཅི་དགོས།"[༦] ཞེས་གསུངས། ཏེ་ལོ་བའི་དཔེ། "དཔེར་ན་ཏེ་ལོ་བས་ཞག་བདུན་གྱིས་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ལས་ཏིལ་སྤར་གང་ལྐོག་ནས་བླངས་བས་ཟླ་བ་བདུན་འགྱང་བ་ལྟ་བུའོ། །"[༧]ཞེས་གསུངས།
བསྡུས་དོན།
[རྩོམ་སྒྲིག]ས་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ལམ་ལ་རིམ་གྱིས་འབྲས་བུ་ཐོབ་པའི་གནས་སྐབས་ཏེ། རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་གྱི་ས་བཅུ་པོ་རིམ་གྱིས་ཐོབ་པ་ལ་ཟེར། བྱང་ཆུབ་ཀྱི་སེམས་ཉམས་པའི་ལྟུང་བ་སྟོབས་ལྡན་དང་སླར་བླངས་པའི་སེམས་བསྐྱེད་གཉིས་རེས་མོས་སུ་འདྲེ་བར་བྱེད་ན་ས་ཐོབ་པ་ལ་ཡུན་རིང་དུ་ཐོགས་པར་འགྱུར་བས། སྲོག་ལ་བབ་ཀྱང་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བསྲུང་དགོས་པའི་གལ་ཆེན་པོར་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༦༦
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༥༣
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༢༩༤
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༢༩༤
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༣༣༥
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༢༠༨
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༢༠༨