ཤྲེ་ཡཾ་
ཤྲཱེ་ཡཾ་ཞེས་པ་ནི་སངས་རྒྱས་ཀྱི་སྐད་སཾ་སྐྲྀ་ཏའི་ཐ་སྙད་དེ་བོད་སྐད་དུ་དགེ་བ་དང་། དཔལ་དུ་ཞེས་འགྱུར། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་སྔགས་ནང་ "ཙིཏྟཾ་ཤྲཱེ་ཡཾ་ཀུ་རུ་ཧཱུྃ" ཞེས་པའི་ཆ་ཤས་སུ་འབྱུང་ཞིང་། སེམས་དགེ་བར་མཛོད་ཅིག་ཅེས་པའི་དོན་དུ་འཇུག་པ་ཞིག་ཡིན།
སྒྲ་བཤད་དང་གོ་དོན།
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། "ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་སེམས་ཀྱི་དཔལ་དུ་མཛོད།"[༡] ཅེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "ཤྲེ་ཡཿདགེ་བ།"[༢] ཞེས་གསུངས།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཤྲེ་ཡ་ནི་དགེ་བར།"[༣] ཞེས་གསུངས།
ཨ་ཁུ་ཤེས་རབ་རྒྱ་མཚོས། "ཙིཏྟཾ་ཤྲཱི་ཡ་དཔལ་དུ་མཛོད།"[༤] ཞེས་གསུངས།
ཡི་གེ་བརྒྱ་པའི་ནང་གི་གནས།
[རྩོམ་སྒྲིག]ཤྲཱེ་ཡཾ་ཞེས་པ་འདི་ནི་ཡི་གེ་བརྒྱ་པའི་སྔགས་ཀྱི་ནང་དུ་ "སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱེ་ཡཾ་ཀུ་རུ་ཧཱུྃ" ཞེས་པའི་ཆ་ཤས་སུ་འབྱུང་སྟེ། ལས་ཐམས་ཅད་ལའང་བདག་གི་སེམས་དགེ་བར་མཛོད་ཅིག་ཅེས་པའི་དོན་དུ་འཇུག
སེམས་དགེ་བའི་དོན།
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "དོན་ནི་དེའང་ཐེག་པ་ཐུན་མོང་ལྟར་ན་ཇི་སྐད་དུ་ཆེད་དུ་བརྗོད་པའི་ཚོམས་ལས། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། ཞེས་གསུངས་པ་ལྟར་ལས་ཐམས་ཅད་བྱེད་པ་པོ་ནི་སེམས་ཡིན་པའི་ཕྱིར་དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་དང་བག་ཡོད་པའི་སྒོ་ནས་སེམས་དགེ་བར་མཛོད་ཅིག་ཞེས་སྨོན་པའམ།"[༥] ཞེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "དེའང་ལས་སུ་བྱ་བ་ཐམས་ཅད་ཀྱི་སྔོན་དུ་ཡིད་འགྲོ་ཞིང་། ཡིད་དགེ་ན་ལས་ཐམས་ཅད་དགེ་བར་འགྱུར་བའི་ཕྱིར་སེམས་དགེ་བར་མཛོད་ཅིག་ཅེས་བསྐུལ་བ་ཡིན་ཞིང་།"[༦] ཞེས་གསུངས།
ངེས་དོན་གྱི་བཤད་པ།
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཐུན་མིན་ལྟར་ན་རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། དུ་མའི་ཉམས་ཀྱིས་སྣ་ཚོགས་གར་མཛད་དོ། ཞེས་པ་ལྟར་བདེ་བ་ཆེན་པོ་ཡེ་ཤེས་གཉུག་མའི་སེམས་ཀྱི་རྡོ་རྗེ་ཉིད་ཀྱི་རང་རྩལ་ལས་བརྟན་གཡོ་སྲིད་ཞིའི་གནས་སྣང་གི་བཀོད་པ་འདི་ཉིད་འཕྲུལ་ཞིང་ཅི་ཙམ་དུ་མར་ཤར་ནའང་། དོན་དུ་སེམས་ཉིད་བདེ་བ་ཆེན་པོ་རང་བྱུང་རིག་པའི་ཀློང་ལས་ཕྱི་རོལ་ཏུ་ཅུང་ཟད་ཙམ་ཡང་འཕོས་པ་མི་སྲིད་པའི་ཕྱིར་རིག་པའི་ངང་དུ་གྲོལ་བ་ངེས་གསང་ཐེག་པ་ལས་མི་འདའ་བར་བསྐུལ་བ་སྟེ།"[༧] ཞེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "ངེས་དོན་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་བདེ་བ་ཆེན་པོ་སེམས་ཀྱི་རྡོ་རྗེ་གཅིག་ཉིད་ཀྱི་རང་རྩལ་ལས་སྲིད་ཞི་གནས་སྣང་གི་བཀོད་པ་དུ་མ་རྣམ་པར་འཕྲུལ་ཞིང་། ཇི་ཙམ་དུ་འཕྲུལ་ཡང་སེམས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས་པའི་ངེས་གསང་རྟོགས་པའི་ཕྱིར་བསྐུལ་བའི་ཚིག་གོ།"[༨] ཞེས་གསུངས།
དཔལ་གྱི་དོན།
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། "དཔལ་དེ་ཇི་ལྟ་བུ་ཞེ་ན། ཧཱུྃ་ནི་ཐུགས་རྡོ་རྗེའི་ས་བོན་དང་། ཧ་བཞི་ཧོ་དང་ལྔས་ནི་ཡེ་ཤེས་ལྔ་མཚོན།"[༩] ཞེས་པ་ལྟར་དཔལ་ཞེས་པ་ཡེ་ཤེས་ལྔའི་ངོ་བོར་བསྟན།
ཨ་ཁུ་ཤེས་རབ་རྒྱ་མཚོས། "དངོས་གྲུབ་དང་དཔལ་གང་ཞེ་ན། ཧ་བཞི་དང་ཉོ་སྟེ་ཡེ་ཤེས་ལྔ་དང་། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཐུགས་རྡོ་རྗེ་བདེ་སྟོང་དབྱེར་མེད་གྱི་ས་བོན་བྷཱུཾ་མོ།"[༡༠] ཞེས་གསུངས།
འབྲེལ་ཡོད་ཤོག་ངོས།
[རྩོམ་སྒྲིག]ལུང་ཁུངས།
[རྩོམ་སྒྲིག]- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༥
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༥-༡༦
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༦
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]- པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
- སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
- ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
- མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།