Jump to content

ཤེས་རབ་སྙིང་པོའི་རྣམ་བཤད་ཡུམ་དོན་རབ་གསལ།

ཡོང་ཁུངས་Wikipedia

༄༅། །ཤེས་རབ་སྙིང་པོའི་རྣམ་བཤད་ཡུམ་དོན་རབ་གསལ་ཞེས་བྱ་བ་ནི་བོད་ཀྱི་ནང་བསྟན་གཞུང་ལུགས་ཁྲོད་ཀྱི་དཔེ་ཆ་གལ་ཆེན་ཞིག་ཡིན་ལ། གཞུང་འདིས་<<ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་>>ཞེས་པའི་མདོའི་དོན་ཟབ་མོ་རྣམས་གསལ་བཤད་ཞིབ་རྒྱས་མཛད་ཡོད། གཞུང་འདི་མཛད་པ་པོ་ནི་མཁས་པའི་དབང་པོ་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་ཡིན་ཞིང་། ཁོང་གིས་སྟོང་པ་ཉིད་ཀྱི་ལྟ་བ་རྣམས་གོ་རིམ་ལྡན་ཞིང་གསལ་པོར་བཀྲལ་བའི་རྒྱུ་མཚན་གྱིས་གཞུང་འདི་ལ་ཡུམ་གྱི་དོན་རབ་ཏུ་གསལ་བར་བྱེད་པ་ཞེས་སྙན་གྲགས་ཆེ།

ཞིབ་ཕྲའི་གནས་ཚུལ།

[རྩོམ་སྒྲིག]

༡ ། དཔེ་ཆའི་མཚན་བྱང།

[རྩོམ་སྒྲིག]

གཞུང་གི་མཚན་བྱང་ཆ་ཚང་ལ་ <<ཤེས་རབ་སྙིང་པོའི་རྣམ་བཤད་ཡུམ་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །>> ཞེས་ཞུ།

༢ ། གཞུང་ཚད།།

[རྩོམ་སྒྲིག]

གཞུང་འདི་པོ་ཏི་གཅིག་གི་བདག་ཉིད་ཅན་ཡིན་ལ། དངོས་སུ་ལེའུར་བཅད་པ་མེད་ཀྱང་། ནང་གི་ས་བཅད་ཁག་གོ་རིམ་ལྡན་ཞིང་། མདོའི་འགྲོས་དང་བསྟུན་ནས་བཀྲལ་ཡོད་པས་གོ་སླ་བའི་ཁྱད་ཆོས་ལྡན།

༣ ། མཛད་པ་པོ་ངོ་སྤྲོད།

[རྩོམ་སྒྲིག]

མཛད་པ་པོ་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག (ཕྱི་ལོ་ ༡༣༦༧ - ༡༤༤༩) ཡིན། ཁོང་ནི་བོད་ཀྱི་ས་སྐྱ་པའི་གྲུབ་མཐའི་མདོ་ལ་མཁས་པ་གཡག་གཞོན་རོང་གསུམ་ཞེས་གྲགས་པའི་ཡ་གྱལ་གྱི་མཁས་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ། དཔལ་ནཱ་ལེནྡྲའི་གདན་ས་ཡང་ཁོང་གིས་ཕྱག་བཏབ་པ་ཡིན། ཁོང་ལ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་སྙན་ཡོད།

གཞུང་འདིའི་མཇུག་བྱང་ལྟར་ན། གཞུང་འདི་ནི་ཤར་རྒྱ་མོ་རོང་པ་ཆོས་སེང་གིས་བསྐུལ་བའི་ངོར་མཛད་པར་གསལ།

༤ ། དུས་རབས་གང་ལ་བརྩམས་པ།

[རྩོམ་སྒྲིག]

རོང་སྟོན་ཆེན་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ (༡༣༦༧-༡༤༤༩) ལ་གཞིགས་ན། གཞུང་འདི་ནི་དུས་རབས་བཅུ་བཞི་པའི་མཇུག་དང་བཅོ་ལྔ་པའི་སྟོད་ཙམ་ལ་བརྩམས་པར་ངེས།

༥ ། ས་བཅད་སོ་སོའི་བསྡུས་དོན།

[རྩོམ་སྒྲིག]

གཞུང་འདིའི་ས་བཅད་ཀྱི་རིམ་པ་གཙོ་བོ་དག་གཤམ་གསལ།

༡ ། གླེང་གཞིའི་བཤད་པ།

[རྩོམ་སྒྲིག]

* ཐོག་མར་མདོའི་མཚན་ལ་རྒྱ་སྐད་དང་བོད་སྐད་ཀྱི་སྒོ་ནས་འགྲེལ་པ་མཛད།

༢ ། ཕུན་སུམ་ཚོགས་པ་ལྔའི་བཤད་པ།

[རྩོམ་སྒྲིག]

* དུས་ཕུན་སུམ་ཚོགས་པ། "འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།" ཞེས་པའི་དོན་འགྲེལ།

* སྟོན་པ་ཕུན་སུམ་ཚོགས་པ། "བཅོམ་ལྡན་འདས།" ཞེས་པའི་དོན་འགྲེལ།

* གནས་ཕུན་སུམ་ཚོགས་པ། "བྱ་རྒོད་ཕུང་པོའི་རི་" སོགས་འགྲེལ།

* འཁོར་ཕུན་སུམ་ཚོགས་པ། ཉན་ཐོས་དང་བྱང་སེམས་ཀྱི་དགེ་འདུན་གྱི་འཁོར་རྣམས་འགྲེལ།

* ཆོས་ཕུན་སུམ་ཚོགས་པ། མདོ་འདི་གཙོ་བོ་ "བྱིན་གྱིས་བརླབས་པའི་བཀའ་" ཡིན་ཚུལ་བསྟན་པ་སྟེ། སངས་རྒྱས་ཀྱིས་ "ཟབ་མོ་སྣང་བ་" ཞེས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འཕགས་པ་སྤྱན་རས་གཟིགས་ལ་གསུང་དུ་བཅུག་པར་བཤད།

༣ ། སྤྱན་རས་གཟིགས་དང་ཤཱ་རིའི་བུའི་དྲི་བ་དྲིས་ལན།

[རྩོམ་སྒྲིག]

* ཤཱ་རིའི་བུའི་དྲི་བ། ཤེར་ཕྱིན་ཟབ་མོའི་སྤྱོད་པ་ལ་ཇི་ལྟར་བསླབ་པར་བྱ་ཞེས་དྲིས།

* སྤྱན་རས་གཟིགས་ཀྱི་ལན། ཕུང་པོ་ལྔ་པོ་དེ་དག་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟ་བར་གདམས།

༤ ། སྟོང་ཉིད་ཀྱི་དོན་རྒྱས་པར་བཤད་པ།

[རྩོམ་སྒྲིག]

* ཁྱད་པར་བཞི་ལྡན་གྱི་སྒོ་ནས་བཤད་པ། "གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །" ཞེས་སོགས་ཀྱི་དོན་ "ཆུ་ཟླའི་དཔེ་" དང་སྦྱར་ནས་བཀྲལ།

* ཁྱད་པར་བརྒྱད་དང་ལྡན་པའི་སྒོ་ནས་བཤད་པ། ཆོས་ཐམས་ཅད་སྟོང་པ་ཡིན་པས་ "མཚན་ཉིད་མེད་པ།" "མ་སྐྱེས་པ།" "མ་འགགས་པ།" "དྲི་མ་མེད་པ།" "དྲི་བྲལ་མེད་པ།" བཅས་སུ་བསྟན།

* མེད་དགག་གི་བཤད་པ། ཕུང་པོ་དང་། སྐྱེ་མཆེད། ཁམས། རྟེན་འབྲེལ། བདེན་བཞི་རྣམས་རང་བཞིན་གྱིས་མེད་པར་བཤད།

༥ ། ཉམས་ལེན་གྱི་ཕན་ཡོན།

[རྩོམ་སྒྲིག]

* ཤེར་ཕྱིན་ལ་བརྟེན་ན་སེམས་ལ་སྒྲིབ་པ་མེད་ཅིང་མྱ་ངན་ལས་འདས་པའི་མཐར་ཕྱིན་པར་གསུངས།

༦ ། སྔགས་ཀྱི་བཤད་པ།

[རྩོམ་སྒྲིག]

* ཤེར་ཕྱིན་ཉིད་ "རིག་པ་ཆེན་པོའི་སྔགས།" "བླ་ན་མེད་པའི་སྔགས།" "སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས།" ཡིན་པར་བཤད།

* སྔགས་ "ག་ཏེ་ ག་ཏེ་ པཱ་ར་ག་ཏེ་ པཱ་ར་སཾ་ག་ཏེ་ བོ་དྷི་སྭཱ་ཧཱ།" ཞེས་པ་ཐེག་པ་ཆེན་པོའི་ལམ་ལྔ་དང་སྦྱར་ནས་འགྲེལ་ཡོད།

* ག་ཏེ། — ཚོགས་ལམ།

* ག་ཏེ། — སྦྱོར་ལམ།

* པཱ་ར་ག་ཏེ། — མཐོང་ལམ།

* པཱ་ར་སཾ་ག་ཏེ། — སྒོམ་ལམ།

* བོ་དྷི་སྭཱ་ཧཱ། — མི་སློབ་པའི་ལམ་སྟེ་སངས་རྒྱས་ཀྱི་གོ་འཕང་ལ་གཞི་ཚུགས་པར་བཤད།

༧ ། བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ།

[རྩོམ་སྒྲིག]

* སྤྱན་རས་གཟིགས་ཀྱིས་ཆོས་བསྟན་ཚར་རྗེས། བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། "ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་དེ་བཞིན་དུ་བསླབ་པར་བྱའོ། །" ཞེས་གསུངས་ནས་བཀའ་གནང་།

༨ ། འཁོར་རྣམས་དགའ་ཞིང་མངོན་པར་བསྟོད་པ།

[རྩོམ་སྒྲིག]

* འཁོར་དུ་ཡོད་པའི་ལྷ་དང་མི་སོགས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།

༦ ། གཞུང་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས།

[རྩོམ་སྒྲིག]
  • ས་བཅད་གསལ་བ། གཞུང་གི་གོ་རིམ་གསལ་ཞིང་དོན་རྟོགས་སླ་བ།
  • ལུང་ཁུངས་དག་པ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔེར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལྟ་བུའི་ལུང་དྲངས་ནས་རང་གི་འདོད་པ་སྒྲུབ་པ།
  • དཔྱད་གཞིའི་ཁྱད་ནོར། རྒྱ་དཔེ་མི་འདྲ་བ་དག་གི་བར་གྱི་ཁྱད་པར་ཡང་གསལ་བཤད་མཛད་ཡོད་པས་མཁས་པའི་རྣམ་དཔྱོད་མངོན་པར་མཚོན།
  • སྔགས་དོན་ཉམས་ལེན་དང་སྦྱར་བ། སྔགས་ཀྱི་དོན་ལམ་ལྔ་དང་སྦྱར་ནས་བཀྲལ་བ་ནི་ཉམས་ལེན་པ་རྣམས་ལ་ལམ་སྟོན་གསལ་པོ་ཞིག་ཡིན།

༧ ། གཞུང་འདི་དང་འབྲེལ་ཡོད་དྲ་ཐག་ཁག

[རྩོམ་སྒྲིག]