Jump to content

ཤེས་རབ་

ཡོང་ཁུངས་Wikipedia

ཤེས་རབ་ཅེས་པའི་གོ་དོན་ནི་རང་བཞིན་གྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་པའི་ཡེ་ཤེས་ཡིན། འདི་ནི་ནང་པའི་ཆོས་ལུགས་ཀྱི་གཞི་རྩའི་སྤྱོད་པ་དྲུག་གི་ནང་ནས་གལ་ཆེ་ཤོས་ཤིག་ཡིན་ལ། སྟོང་པ་ཉིད་ཀྱི་དོན་རྟོགས་པ་དང་། བདེན་པ་གཉིས་ཀྱི་རིམ་པ་ཤེས་པ། དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཡིན་པ་རྟོགས་པ་བཅས་ཡིན། ཤེས་རབ་ཀྱི་ཚད་མ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་རྩ་བ་དེ་མ་རིག་པ་སེལ་ནུས་པ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་ཡིན་པ་དེ་ཡིན། དེས་ན་ཤེས་རབ་ནི་ཐབས་དང་སྤྱད་པའི་སྐབས་སུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཡུམ་ཞེས་བརྗོད།

སྒྲ་བཤད།

[རྩོམ་སྒྲིག]

ཤེས་རབ་ཅེས་པ་ནི་སྒྲ་བཤད་ནས་བལྟས་ན་ལེགས་པར་ཤེས་པའམ་ཁྱད་པར་དུ་འཕགས་ཏེ་ཤེས་པ་ཞེས་བྱ་བ་སྟེ། "ཤེས་རབ་ཞེས་བྱ་བ་ནི་གཞན་དག་ལས་ཁྱད་པར་འཕགས་ཏེ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་ལྟ་བུར་ཤེས་པ་ནི་ཤེས་རབ་བོ། །"[]ཞེས་གསུངས་པ་ལྟར། གནས་ལུགས་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་ཡང་དག་པར་ཤེས་པའི་བློ་ལ་གོ།

མཚན་ཉིད།

[རྩོམ་སྒྲིག]

ཤེས་རབ་ཅེས་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཡིན་ཏེ། "ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །"[]ཞེས་གསུངས། དེ་བཞིན་དུ་"མཚན་ཉིད་ནི་དོན་དམ་པའི་བློ་རབ་ཀྱི་མུ་མཐར་ཕྱིན་པའོ། །"[]ཞེས་དོན་དམ་པའི་བདེན་པ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་དུ་བཤད།

དབྱེ་བ།

[རྩོམ་སྒྲིག]

རྒྱུ་རྐྱེན་གྱི་དབང་དུ་བྱས་པའི་དབྱེ་བ། ཤེས་རབ་ལ་བྱེ་བྲག་ཏུ་ཐོས་བསམ་སྒོམ་གསུམ་དུ་དབྱེ་ཞིང་། "མཚན་གཞིའི་རབ་ཏུ་དབྱེ་བ་ནི། བདག་རྐྱེན་གྱི་དབང་གིས་དབྱེ་བ་སྟེ། ཐོས་པ་ཡིད་དང་། བསམ་པ་ཡིད་དང་སྒོམ་པའི་ཤེས་རབ་བོ། །"[]ཞེས་གསུངས།

ཤེར་ཕྱིན་གྱི་སྒོ་ནས་དབྱེ་བ། ཤེར་ཕྱིན་ལ་རྗོད་བྱེད་ཚིག་གི་ཤེར་ཕྱིན་དང་བརྗོད་བྱ་དོན་གྱི་ཤེར་ཕྱིན་གཉིས་སུ་དབྱེ་ཞིང་། "བརྗོད་བྱ་དོན་གྱི་ཤེར་ཕྱིན་ལ་ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་གཉིས་དང་། རང་བཞིན་གྱི་ཤེར་ཕྱིན་དང་གསུམ་མོ། །ལམ་ཤེར་ཕྱིན་དངོས་བཏགས་གཉིས་ལས་དངོས་ནི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་རྣམས་ཡིན་"[]ཞེས་གསུངས།

ངེས་ཚིག

[རྩོམ་སྒྲིག]

ཤེས་རབ་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡ་གྱལ་ཡིན། "སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །"[]ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ཏེ་སངས་རྒྱས་ཀྱི་ཡུམ་དུ་བསྟན།

ལམ་དུ་བྱ་བའི་ཚུལ། "རྒྱུ་ལམ་དུ་བྱ་བ་མདོ་སྡེའི་བཀའ་དང་། འབྲས་བུ་ལམ་དུ་བྱེད་པ་རྒྱུད་སྡེའི་བཀའོ། །རྒྱུ་ལམ་དུ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་དག་ལ་བསྟེན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་བའི་འདོད་ལུགས་ཡོད་"[]ཞེས་སྦྱིན་པ་ནས་བསམ་གཏན་གྱི་བར་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་བརྟེན་ནས་ཤེས་རབ་གྲུབ་པའི་ལུགས་དང་། "འབྲས་བུ་ལམ་དུ་བྱེད་པའི་འདོད་ལུགས་ནི། ཤེས་རབ་ཉིད་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལྔ་དག་གྲུབ་པར་འདོད་དོ། །"[]ཞེས་ཤེས་རབ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ཞན་པ་ལྔ་གྲུབ་པའི་ལུགས་གཉིས་བཤད།

སྤྱོད་ཚུལ།

[རྩོམ་སྒྲིག]

སྟོང་ཉིད་རྟོགས་པའི་ཤེས་རབ། "དེ་ལྟ་བུར་ཆོས་ཉིད་ཟབ་མོ་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་དེས་ཆོས་གང་ཡང་ཡོངས་སུ་གཟུང་བ་མེད་པས་ན། རྣམ་ཤེས་ཀྱི་སྤྱོད་ཡུལ་ཅན་གྱི་དམིགས་གཏད་དང་སྤྲོས་པའི་དྲྭ་བ་ཐམས་ཅད་རབ་ཏུ་ལོག་པས་འཛིན་སྟངས་ཀྱི་རྣམ་པ་གང་ཡང་མེད་པའི་ཤེས་རབ་རང་བཞིན་གྱིས་འོད་གསལ་བའམ་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་བརྟེན་ནས་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པ་ཡིན་ནོ། །"[]ཞེས་སྟོང་ཉིད་མཉམ་གཞག་གི་ཚེ་དམིགས་པ་དང་སྤྲོས་པ་ཐམས་ཅད་ལས་གྲོལ་བའི་ཤེས་རབ་ཀྱི་རང་བཞིན་བཤད།

མི་དམིགས་པར་སྤྱོད་པ། "བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཆོས་རྣམས་དམིགས་སུ་མེད་པར་ཤེས་པ་དེ་ནི་ཞི་བ་ཕྱོགས་པའི་མྱ་ངན་འདས་པ་ལ་མི་རེག་ཅིང་བྱང་སེམས་དེ་ནི་སྲིད་ཞི་མཉམ་པ་ཉིད་ཀྱི་ཤེས་རབ་ཟབ་མོ་ལ་གནས་པར་འགྱུར་རོ། །"[༡༠]ཞེས་འཁོར་བ་དང་ཞི་བ་གཉིས་ཀའི་མཐར་མི་གནས་པའི་དབུ་མའི་སྤྱོད་པ་བཤད།

ཕན་ཡོན།

[རྩོམ་སྒྲིག]

ཤེས་རབ་ཅེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་འགྲུབ་པའི་རྒྱུ་གཙོ་བོ་ཡིན་ཏེ། "དེ་ལྟར་སེམས་ཀུན་ཏུ་གནས་པ་ལས་ལྷག་མཐོང་བདག་མེད་རྟོགས་པའི་ཤེས་རབ་འབྱུང་ངོ་། །"[༡༡]ཞེས་ཞི་གནས་ལ་བརྟེན་ནས་ལྷག་མཐོང་གི་ཤེས་རབ་སྐྱེ་བའི་རིམ་པ་གསུངས། དེ་བཞིན་དུ་"གང་ཞིག་ཆོས་ཐམས་ཅད་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ་ཆོས་སུ་གདགས་པ་ཇི་སྙེད་པ་དེ་ནི་རང་བཞིན་མེད་དོ་ཅེས་བྱ་བ་ཉིད་དུ་བསྟན་པའི་ཚེ། བྱིས་པ་མིང་དང་མཚན་མ་ལ་ཆགས་པ་རྣམས་ཀྱིས་དོན་དེ་བརྟགས་ཤིང་དཔྱད་ནས། ཡང་ན་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་། ཡང་ན་མེད་པ་སྐུར་འདེབས་ཀྱི་མཐའ་གང་རུང་ཞིག་ཏུ་འཛིན་པར་བྱེད་ཀྱི་མཐའ་དང་བྲལ་བའི་གནས་ལུགས་ཁོང་དུ་ཆུད་པར་མི་ནུས་སོ། །"[༡༢]ཞེས་མཐའ་བཞིའི་སྤྲོས་པ་ལས་འདས་པའི་དོན་རྟོགས་པར་བྱེད་པའི་ཤེས་རབ་ཀྱི་ཁྱད་པར་གསུངས།

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༩།
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ང་དཔར། ཤོག་ངོས། ༧།
  3. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༡༦།
  4. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༡༦།
  5. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། ༤b།
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། ༧a-༧b
  7. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༧།
  8. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༧།
  9. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། ༨ b།
  10. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། ༨།
  11. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༡༧།
  12. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། ༩ བ།