Jump to content

ཤེས་བཞིན་

ཡོང་ཁུངས་Wikipedia

ཤེས་བཞིན་ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་དྲན་པ་ཉེ་བར་གཞག་སྟེ་ཤེས་རབ་ཀྱིས་བརྟག་དཔྱད་ནས་བླང་དོར་གྱི་གནས་ལ་ཇི་ལྟར་འཇུག་དགོས་པ་ཤེས་པའི་ངང་ནས་སྤྱོད་པ་ལ་འཇུག་པའི་སེམས་ཀྱི་གནས་ཚུལ་ཞིག་ལ་ཟེར། དེ་ཡང་ནང་པའི་ཆོས་ལུགས་ཀྱི་སྒོམ་ཉམས་དང་བསླབ་གསུམ་གྱི་ལམ་སྲོལ་གྱི་ནང་གལ་ཆེན་པོའི་ནང་དོན་ཞིག་ཡིན། དྲན་ཤེས་ཟུང་འབྲེལ་གྱི་སྒོ་ནས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བར་མི་འདད་པར་བསྲུང་ཞིང་དགེ་བའི་ཆོས་རྣམས་གོང་འཕེལ་དུ་གཏང་བའི་ལམ་ཁྱེར་གལ་ཆེན་པོ་ཞིག་ཡིན་པས་སོ། །

ནང་དོན།

[རྩོམ་སྒྲིག]

"བདག་ཉིད་ཀྱི་ལུས་ཅི་སྤྱོད་པ་དང་། སེམས་ཅི་བསམ་པ་སྐད་ཅིག་ཡང་མ་ཡེངས་པར་བརྟག་ཅིང་བླང་དོར་བྱ་བ་ཁོ་ན་ལ་ཤེས་བཞིན་སྲུང་བ་ཞེས་བྱའི་"[]ཞེས་གསུངས་པ་ལྟར། ཤེས་བཞིན་ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་ལ་བ་ཅི་ཡང་རུང་བ་རྒྱུན་དུ་ཤེས་པའི་ངང་ནས་འཇུག་པ་དེ་ཡིན། དེ་ཡང་མ་ཡེངས་པར་རྟག་པར་བརྟག་དཔྱད་གནང་སྟེ་བླང་དོར་གྱི་གནས་སུ་ཇི་ལྟར་སྤྱད་པ་དེ་ལ་ཟེར། ཤེས་བཞིན་ནི་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་བསླབ་པ་དང་འགལ་མི་འགལ་དང་། དགེ་མི་དགེ། ཉོན་མོངས་ཀྱི་དབང་དུ་གྱུར་མ་གྱུར་སོགས་ཀྱི་གནས་སྐབས་ལ་རྟོག་ཅིང་ཤེས་པའི་ཤེས་རབ་ཡིན་ལ། སེམས་བསྲུང་བ་དང་བསླབ་པ་སྲུང་བའི་གནད་འགག་ཏུ་གྱུར་པའི་གལ་ཆེའི་སེམས་བྱུང་ཞིག་ཡིན་ནོ། །"སྤྱོད་ན་ཡང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ། །འགྲེང་ན་བདག་འགྲེང་ངོ་སྙམ་དུ་རབ་ཏུ་ཤེས་སོ། །འདུག་ན་བདག་འདུག་གོ་སྙམ་དུ་རབ་ཏུ་ཤེས་སོ། །ཉལ་ན་བདག་ཉལ་ལོ་སྙམ་དུ་རབ་ཏུ་ཤེས་སོ། །དེའི་ལུས་ཇི་ལྟ་ཇི་ལྟར་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་རབ་ཏུ་ཤེས་སོ། །"[]ཞེས་གསུངས་པ་ལྟར། འཆར་གསུམ་གྱི་སྤྱོད་པ་ཕྲ་མོ་ལ་ཡང་རབ་ཏུ་ཤེས་པར་བྱེད་པ་དེ་ཉིད་ཤེས་བཞིན་ཞེས་བྱ། སྒོ་གསུམ་གྱི་སྤྱོད་པ་ལ་ཤེས་བཞིན་འཇུག་པའི་ཚུལ། ནི་ཡང་"སྒོ་གསུམ་གྱི་སྤྱོད་པ་ལ་ལེགས་པར་བརྟགས་ནས་འཇུག་པའི་ཤེས་བཞིན་དག་སྒོ་ཐམས་ཅད་ནས་འབད་པས་སྲོག་ལ་བབ་ཀྱང་བསྲུངས་ཤིག་"[]ཅེས་གསུངས་པ་ལྟར། ལུས་ཀྱིས་ཅི་ལ་བཞུགས་པ། ངག་གིས་ཅི་གསུངས་པ། སེམས་ཀྱིས་ཅི་བསམས་པའི་གནས་སྐབས་རེ་རེར་ཤེས་རབ་ཀྱིས་ལེགས་པར་དཔྱད་དེ་དགེ་མི་དགེ་གང་ཡིན་རྟོགས་ནས་དེ་དང་མཐུན་པར་སྤྱད་པ་དེ་ལ་ཟེར།

དྲན་པ་དང་ཤེས་བཞིན་གྱི་འབྲེལ་བ།

[རྩོམ་སྒྲིག]

སེམས་བསྲུང་བ་ལ་འདོད་པ་རྣམས་ལ་དགེ་བའི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང་། སྒོ་གསུམ་གྱི་གནས་སྐབས་ཇི་ལྟར་གྱུར་པ་རྟོག་པའི་ཤེས་བཞིན་དག "སྲོག་ལ་བབ་ཀྱང་མི་ཉམས་པར་སྲུངས་ཤིག་"[]ཅེས་གསུངས་པ་ལྟར། དྲན་པ་དང་ཤེས་བཞིན་གཉིས་ནི་ཕན་ཚུན་རྟེན་འབྲེལ་ཅན་དུ་གནས་པ་ཡིན་ནོ། །"དྲན་པ་འབའ་ཞིག་ཀྱང་མ་ཡིན་ལ། ཤེས་བཞིན་འབའ་ཞིག་ཀྱང་མ་ཡིན་ནོ་ཞེས་པ་སྟེ། རང་གི་དོན་ནི་ཕན་ཚུན་དུ་ལྟོས་པས་སོ། །"[]ཞེས་པ་ལྟར་དྲན་པ་དང་ཤེས་བཞིན་གཉིས་ཀ་ཕན་ཚུན་རྟེན་འབྲེལ་ཞིང་གཅིག་བུ་བརྟེན་མི་ཐུབ། དྲན་པ་ནི་གནང་བ་དང་བཀག་པ་གཉིས་ཅི་རིགས་པར་དྲན་པ་སྟེ་དམིགས་པ་མ་བརྗེད་པ་ལ་གོ། ཤེས་བཞིན་ནི་ད་ལྟའི་སྤྱོད་པ་གང་ཡིན་རབ་ཏུ་ཤེས་པ་ལ་གོ །

ཤེས་བཞིན་མེད་པའི་སྐྱོན།

[རྩོམ་སྒྲིག]

ཤེས་བཞིན་མེད་ན་ཤེས་རབ་ཆུད་ཟ་བར་འགྱུར་ཏེ། "ཤེས་བཞིན་མེད་པས་རྣམ་པར་གཡེང་བའི་སེམས་དང་ལྡན་པའི་སྐྱེས་བུ་གང་ལ་བླ་མ་ལས་ཐོས་པའི་ཤེས་རབ་དང་དེའི་དོན་ལ་ཚུལ་བཞིན་ཡང་ཡང་བརྟགས་ཤིང་དཔྱད་པའི་བསམ་པའི་ཤེས་རབ་དང་དེ་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་སྒོམ་པ་ལས་བྱུང་བའི་ཤེས་རབ་ཡང་དཔེར་ན་གློ་རྡོལ་བའི་བུམ་པའི་ནང་དུ་ཆུ་བླུགས་ཀྱང་རིམ་གྱིས་ཟག་ནས་མེད་པར་འགྱུར་བ་དེ་བཞིན་དུ་གང་ཟག་དེའི་དྲན་པ་ཙམ་ལ་ནི་ཐོས་བསམ་བསྒོམ་གསུམ་གྱི་ཤེས་རབ་གསུམ་པོ་དེ་ཡུན་རིང་དུ་མི་གནས་པར་བརྗེད་པར་འགྱུར་ཏེ་ཤེས་བཞིན་མེད་ན་དྲན་པ་ཁོ་ནས་དེ་དག་བསྲུང་མི་ཐུབ་པས་སོ། །"[]ཞེས་གསུངས་པ་ལྟར། ཤེས་བཞིན་མེད་ན་སྔོན་དུ་ཐོས་བསམ་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཡང་གློ་རྡོལ་བའི་བུམ་པར་ཆུ་བླུགས་པ་བཞིན་ཟག་ནས་ཆུད་ཟ་བར་འགྱུར་རོ། །"གློའམ་ཞབས་བུག་རྡོལ་ཅན་དུ་གྱུར་པའི་བུམ་པའི་ནང་དུ་དང་པོ་ཆུ་བླུགས་ནས་གང་བར་བྱས་པ་ཡང་ནང་དུ་ཡུན་རིང་མི་གནས་པར་ཕྱིར་ཟག་ནས་ཟད་པར་འགྱུར་བ་བཞིན་དུ་ཤེས་བཞིན་དང་མི་ལྡན་པའི་གང་ཟག་དེའི་དྲན་པ་ལ་ནི་སྔར་ཡོད་ཀྱི་ཤེས་རབ་གསུམ་པོ་དེ་དག་ཀྱང་འཕྱིས་མི་གནས་པའི་ཤེས་རབ་ཕུན་སུམ་ཚོགས་པའང་ཉམས་ཤིང་ཆུད་འཛའ་བར་འགྱུར་རོ། །"[]ཤེས་བཞིན་མེད་ན་ཚུལ་ཁྲིམས་ཀྱང་ཆུད་ཟ་སྟེ། "གང་ཟག་གང་ལ་ཤེས་བཞིན་མེད་པའི་སྐྱོན་གྱིས་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་གཉིས་ཆོམ་པོ་ལྟ་བུ་དང་། ང་རྒྱལ་དང་ཕྲག་དོག་སོགས་རྐུན་མ་ལྟ་བུ་དག་བསྲུང་མ་ལྟ་བུའི་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཉམས་པའི་རྗེས་སུ་འབྲང་བས་ཏེ་རྗེས་སུ་ཞུགས་ནས། སྔར་རང་གི་བསོད་ནམས་དགེ་བའི་དངོས་པོ་དག་ནི་ཉེར་ཏེ་ཉེ་བར་བསགས་པ་ཀུན་ཀྱང་དཔེར་ན་རྒྱུ་རྫས་ཀྱི་དངོས་པོ་རྣམས་རྐུན་མ་དང་ཆོམ་པོས་འཕྲོག་སྟེ་སྲོག་གཅོད་པ་ཇི་ལྟ་བ་དེ་བཞིན་དུ་དགེ་བའི་ནོར་འཕྲོག་ཅིང་བདེ་འགྲོའི་སྲོག་བཅད་སྟེ་ངན་འགྲོར་འགྲོ་ཞིང་སྐྱེའོ། །"[]"ཤེས་བཞིན་མེད་པའི་ཉོན་མོངས་པའི་ཆོམ་རྐུན་དག་དྲན་པ་ཉམས་པའི་རྗེས་སུ་འབྲངས་ནས་བསོད་ནམས་དག་ནི་ཉེར་བསགས་ཀྱང་དེ་དག་རྐུན་པོས་ཕྲོགས་པ་བཞིན་དུ་ཟད་པར་བྱས་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། ཤེས་བཞིན་མེད་པའི་སྐྱོན་གྱིས་ཉོན་མོངས་པ་སྐྱེ་ནས་སྔོན་གྱི་དགེ་རྩ་རྣམས་ཀྱང་ཞིག་ཅིང་ངན་འགྲོར་སྐྱེ་བར་འགྱུར་རོ། །

ཤེས་བཞིན་ཡོད་པའི་ཕན་ཡོན།

[རྩོམ་སྒྲིག]

"དུས་གང་ཚེ་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཡིད་ཀྱི་ཁང་པའི་སྒོ་ཁར་བཞག་ནས་སེམས་ཉོན་མོངས་པའི་ཡུལ་དུ་འཇུག་པ་ནི་བསྲུང་བའི་དོན་དུ་དྲན་པ་ཉེ་བར་གནས་པར་གྱུར་པ་དེ་ཡི་ཚེ་སྒོ་གསུམ་གྱི་སྤྱོད་པ་ལ་ཤེས་བཞིན་ཏུ་འཇུག་པའང་ངང་གིས་འོང་བར་འགྱུར་ཞིང་ལན་འགར་བརྗེད་པའམ་གཞན་དུ་སོང་བ་དག་ཀྱང་སླར་སྐྱེ་བའམ་ཕྱིར་འོང་བར་འགྱུར་རོ། །"[༡༠]ཞེས་གསུངས་པ་ལྟར། དྲན་པ་དང་ཤེས་བཞིན་ཟུང་འབྲེལ་ནས་ནན་ཏན་བྱས་ན་ཉོན་མོངས་པ་རྣམས་ལས་སེམས་བསྲུང་ཐུབ་ཅིང་དགེ་བའི་སྤྱོད་པ་རྣམས་ལ་ཡང་རང་བཞིན་གྱིས་སྤྱད་ཐུབ་པར་འགྱུར་རོ། །

ཤེས་བཞིན་སྲུང་བའི་ཚུལ།

[རྩོམ་སྒྲིག]

"ལུས་དང་སེམས་ཀྱི་གནས་སྐབས་ལ་ཡང་དང་ཡང་དུ་བརྟག་པར་བྱ་བ་འདི་ཉིད་ཁོ་ན་མདོར་ན་ནི་འདི་ཉིད་ཁོ་ན་ཤེས་བཞིན་སྲུང་བའི་མཚན་ཉིད་དོ། །"[༡༡]ཞེས་གསུངས། དེ་ལྟར་ལུས་དང་སེམས་ཀྱི་སྤྱོད་པ་རིས་མེད་དུ་ཡང་དང་ཡང་དུ་བརྟག་ཅིང་རྟོག་པ་དེ་ཉིད་ཤེས་བཞིན་སྲུང་བའི་གནད་ཡིན། "རང་གི་ལུས་ངག་དང་སེམས་ཀྱི་གནས་སྐབས་ལ་ཉོན་མོངས་ཀྱི་དབང་དུ་གྱུར་མ་གྱུར་དང་བསླབ་པ་དང་འགལ་མི་འགལ་དང་དགེ་མི་དགེ་དང་འགྲོ་འདུག་སོགས་ཀྱི་སྤྱོད་ལམ་ཅི་ཞིག་ཏུ་གྱུར་པ་ཇི་ལྟ་བ་བཞིན་ཤེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བརྟག་པར་བྱས་ནས་བླང་དོར་ཚུལ་བཞིན་དུ་ཤེས་པར་བྱ་བ་འདི་ཉིད་ཁོ་ན་མདོར་བསྡུ་ན་ཤེས་བཞིན་མི་ཉམས་པར་བསྲུང་བའི་མཚན་ཉིད་ཡིན་ནོ། །"[༡༢]ཞེས་གསལ་འཁོད་དུ་མཛད་པ་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

ཤེས་བཞིན་ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཇི་ཞིག་བྱེད་པའི་སྐབས་སུ་མ་ཡེངས་པར་དྲན་པ་དང་ཤེས་རབ་གཉིས་ཀྱིས་བརྟག་དཔྱད་ནས་བླང་དོར་བྱ་བའི་གནད་དོན་ཤེས་པའི་སྒོ་ནས་སྤྱད་པ་ལ་འཇུག་པ་དེ་ཡིན། དེ་མེད་ན་སྔར་ཐོབ་པའི་ཤེས་རབ་དང་ཚུལ་ཁྲིམས་སོགས་ཀྱང་ཆུད་ཟ་བར་འགྱུར་ལ། ཡོད་ན་ཉོན་མོངས་པ་ལས་སེམས་བསྲུང་ཞིང་དགེ་བ་གོང་འཕེལ་དུ་གཏང་ཐུབ་པས་ནང་པའི་ལམ་སྒོམ་གྱི་སྐོར་ལ་གལ་ཆེན་པོ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  9. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  10. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  11. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  12. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།