ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་

ཡོང་ཁུངས་Wikipedia

ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་ནི་ཤིང་བཟའ་སྐུ་ཕྲེང་ལྔ་བ་ཡིན་ལ།ཁོང་ནི་སྤྱི་ལོ༡༩༢༥ལོའི་ཟླ༡༢བའི་ཚེས༡༥ལ་མཛོད་སྒེ་ཨ་སྐྱི་ཞེས་པའི་སྡེ་བར་ཡབ་རྟ་འགྲིན་སྐྱབས་དང་ཡུམ་རིག་འཛིན་འཚོ་གཉིས་ཀྱི་སྲས་སུ་འཁྲུངས།ཁོང་གིས་གསོ་རིག་ཕྱོགས་ལ་མཁན་པོ་ངག་དབང་དཔལ་བཟང་བོའི་མདུན་ནས་ཁམས་ཕྱོགས་ཀྱི་རྒྱུད་བཞིའི་ཁྲིད་རྒྱུན་ལས་མཚོན་རྨ་མ་གཏོགས་ཆ་ཚང་གསན།གཞན་ཡང་སློབ་དཔོན་གྱི་བདུད་རྩིའི་བུམ་པ།སུམ་སྟོན་གྱི་འབུམ་ནག་གསལ་སྒྲོན།བྱང་བ་རིག་ལྡན་ཆེན་པོའི་རྒྱུད་ཆུང་གསུམ་གྱི་འགྲེལ་བ།སྐྱེམས་པའི་རྒྱུད་བཞིའི་འགྲེལ་བ།བྱང་བ་བཀྲ་ཤིས་དཔལ་བཟང་གི་ཕྱི་རྒྱུད་འགྲེལ་བ།འཕགས་སྟོན་ཤཱཀྱ་མགོན་པོའི་རྒྱུད་འགྲེལ།གླིང་སྟོད་བློ་བཟང་རྒྱ་མཚོའི་རྒྱུད་འགྲེལ།རོ་བཀྲ་གསར་བའི་འབྲི་སྟངས་སོགས་ལ་ལྟ་རྟོགས་དང་དཔྱད་བསྡུར་བྱས།ཁམས་ཕྱོགས་ཀྱི་སྨན་པ་བཀྲ་ཤིས་དཔལ་བ་ལས།སི་ཏུའི་ཀྲུང་དབྱིའི་རྩ་བརྟག་དང་ལྕེ་བརྟག་རྒྱ་ཡིག་ལས་བསྒྱུར་བ་འགའ་བསླབས།


བཤེས་གཉེན་ཆེན་པོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་མདུན་ནས་དཔལ་ལྡན་རྒྱུད་བཞིའི་རྩ་རྒྱུད་དང་བཤད་རྒྱུད།ཕྱི་མ་རྒྱུད་ཀྱི་ལུང་དང་རིག་གནས་ཆུང་བ་ལྔ་ལ་གསན།གཞན་ཡང་།ཁྲོ་ཁོའི་རྟ་དཀར་སྨན་པ།ཆུ་བི་ཤོ་རྒྱ་ལི་སྨན་པ་སོགས་སྨན་པ་གྲགས་ཅན་མང་བོའི་ཉམས་མྱོང་དང་ལག་ལེན་མན་ངག་ཕུན་སུམ་ཚོགས་པ་གུས་པས་ཞུ་ལེན་བྱས།ཕྱིས་སུ་སྨན་སྦྱིན་རྒྱ་ཆེར་མཛད་པས་འགྲོ་བ་ཁྲི་ཕྲག་དུ་མ་དུས་མིན་འཆི་བའི་འཇིགས་པ་ལས་བསྐྱབས་ཏེ་ཕན་པ་རྒྱ་ཆེན་པོ་ཐོབ་པ་དང་སྨན་གྱི་སློབ་མའང་མང་དུ་བྱོན། ཁྱད་པར་དུ་རེབ་གོང་སྟོད་སྨད་ཀྱི་ཉམ་ཐག་གི་ནད་པ་རྣམས་ཐུགས་ལ་བཏགས་ནས་མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་རེབ་གོང་དུ་གདན་ཞུ་གནང་སྟེ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་འདུལ་སྦྱོང་གི་ལག་ལེན་བརྒྱུད་སྤེལ་གནང་བ་དང་།མུ་ཏིག་བདུན་ཅུ་དང་རིན་ཆེན་གྲང་སྦྱོར་སོགས་ཤིན་ཏུ་དཀོན་པའི་རིན་ཆེན་སྐོར་གྱི་སྨན་སྣ་ཁག་ཅིག་གསར་དུ་བཟོས་པས་མཛད་རྗེས་བླ་ན་འཕགས།


གསུང་རྩོམ་སྐོར་ལ།སྐུ་ཚེ་སྟོད་ལ་གསུང་རྩོམ་སྣ་ཚོགས་པོད་བདུན་ཙམ་མཛད་ཡོད་ཀྱང་དུས་འགྱུར་གྱིས་ཚང་མ་བརླགས་ཚར།སྐུ་ཚེ་སྨད་ལ་《སོག་བོད་ཆོས་འབྱུང》པོད་ཆེན་གཅིག《མེས་པོའི་ཞལ་ལུང》རྩོམ་འཕྲོ་ཅན།གྲུབ་མཐའ་སྣ་ཚོགས་དང་དབང་བཤད་སྣ་ཚོགས་ཀྱི་ཟིན་བྲིས་པོད་ཆུང་གཅིག་ཡོད།གསུང་རྩོམ་ཐོར་བའི་རིགས་བརྒྱ་ལྷག་ཡོད།གསོ་རིག་སྐོར་ལ་མན་ངག་རྒྱུད་ཀྱི་འགྲེལ་བ་རྩོམ་འཕྲོ་ཅན།《ཆུ་མདོའི་ནང་དོན་ཉེར་མཁོའི་སྡོམ་བསྡུས》《སྨན་སྦྱོར་ཐོར་བུའི་སྐོར》《རྩི་ཤིང་འཁྲུངས་དཔེ》《སྨན་གྱི་ལོ་རྒྱུས་མདོར་བསྡུས》《རྩ་རྒྱུད་དུ་བསྟན་པའི་བཤད་རྒྱུད་བསྡུས་དོན་ནང་གི་གཉིས་པ་ལུས་གནས་ནང་དོན་མདོར་བསྡུས》《བྱིས་ནད་བརྟག་ཐབས》《སྨན་གཏོང་ཐབས་ཀྱི་མན་ངག་ཟབ་མོ》སོགས་གསུང་རྩོམ་མི་འདྲ་བ་བརྒྱ་ཕྲག་ལྷག་གནང་སྟེ་གངས་ཅན་གསོ་བ་རིག་པའི་བསྟན་པ་ཕྱོགས་མཐར་རྒྱས་པར་མཛད།