ལྷོ་ཤ་འུག་སྟག་སྒོ་

ཡོང་ཁུངས་Wikipedia

༄༅། །ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྙིང་འགྲེལ་སྐལ་བཟང་རྣ་བའི་དགའ་སྟོན།།


བེ་རི་འཇིགས་མེད་དབང་རྒྱལ།

ཟབ་རྒྱས་གཞུང་བཟངསྟོང་གི་བདུད་རྩིའི་ཁམས།། གཅིག་བསྡུས་སྙན་རྒྱུད་མན་ངག་རྒྱ་མཚོའི་མཛོད།། དབང་བསྒྱུར་གསུམ་ལྡན་རྗེ་བཙུན་བླ་མའི་མགོན།། མི་ཕྱེད་དད་པས་གཙུག་གི་རྒྱན་དུ་མཆོད།། འཇམ་མགོན་བླ་མའི་ཞལ་ཆབ་འཐོར་བའི་ཆུ།། གསུང་རབ་རྒྱ་མཚོ་བསྲུབས་པའི་ཡང་སྙིང་གང་།། རྣམ་དག་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།། བསྡུས་འགྲེལ་སྐལ་བཟང་རྣ་བའི་དགའ་སྟོན་སྐྲུན།།

དེ་ལྟར་ཡུལ་ཁྱད་པ་ཅན་ལ་བསྔགས་བརྗོད་ཚིག་གི་མེ་ཏོག་འཐོར་བ་སྔོན་དུ་བཏང་སྟེ་གང་ཞིག་བརྗོད་པར་བྱ་བ་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན ་པོ འི་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་པའི་གཞུང་འདི་ཡིན་ལ། དེས་ན་འདི་འཆད་པ་ལ་གསུམ། ཀླད་ཀྱི་དོན་དང་། གཞུང་གི་དོན། མཇུག་གི་དོན་ནོ། དང་པོ་ཀླད་ཀྱི་དོན་ལ། མཆོད་བརྗོད་དང་ །  རྩོམ་པར་དམ་བཅའ་བ། ཉན་པར་སྐུལ་བ་དང་ གསུམ་ལས། 
དང་པོ་མཆོད་བརྗོད་ནི། 

རྩ་བར། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། ཞེས་གསུངས།།

དོན་ནི། ཐེག་པ་རིགས་ཅན་གསུམ་གྱི་རྗེ་བོ་དང་ །  སྡོམ་གསུམ་གྱི་བཅས་མཚམས་ལ་གནས་པའི་བཙུན་པ། ཡོན་ཏན་དང་བཀའ་དྲིན་གོང་ ན་མེད་པའི་བླ་མ་སྟོན་པ་ཐུབ་པའི་དབང་པོ་ནས།  ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་ །  གྲྭ་ས ྐོར་མཁན་ཆེན་ཆོས་སྐྱབས་བཟང་པོའི་བར།  བྱང་ཆུབ་ལམ་གྱི་རིམ་པའི་དངོས་དང་བརྒྱུད་པའི་བླ་མ་རྣམས་ལ་སྒོ་གསུམ་གྱིས་གུས་པའི་སྒོ་ནས་ཕྱག་འཚལ་ལོ། ཞེས་པའོ། འདིར་ལམ་ རིམ་ ལས་གསུངས་པའི་བཤེས་གཉེན་བསྟེན་པའི་ཕན་ཡོན་བརྒྱད་དང་། མ་བསྟེན་པའི་ཉེས་དམིགས་བརྒྱད། བསྟེན་ཚུལ་ལོག་པའི་ཉེས་དམིགས་བརྒྱད། ཚུལ་ཇི་ལྟར་དུ་བསྟེན་པའི་ཚུལ་རྣམས་ཀྱང་ཤེས་དགོས་པ་ཡིན།

གཉིས་པ་རྩོམ་པར་དམ་བཅའ་བ་ནི། རྩ་བར། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།།

          རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།།

སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།། ཞེས་གསུངས།

དོན་ནི ། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་གཅིག་ཏུ་བ སྡ ུས་པའི་དོན་ངེས ་འབྱུང་དང་། རྒྱལ་སྲས་དམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པའི་ལམ་བྱང་ཆུབ་ཀྱི་སེམས་དང་།  སྐལ་ལྡན་ཐར་པ་འདོད་པའི་གདུལ་བྱ་རྣམས་ཀྱི་འཇུག་ངོགས་མ ཆོག་ཏུ་གྱུར་བ་ཡང་དག་པའི་ལྟ་བ་སྟེ།  གསུམ་པོ་དེ་དག་རྗེ་ཙོང་ཁ་པ་ཆེན་ པོ་བདག་གིས་ཇི་ལྟར་ནུས་པ་བཞིན་བཤད་པར་བྱ།  ཞེས་ཁེངས་སྐྱུངས་པའི་སྒོ་ནས་ རྩ ོམ་པར་དམ་བཅའ་བ་ཡིན་ལ་། གཞུང་བཤད་སྤྱིའི་འགྲོས་དང་བསྟུན་ན་ འདི ར་དགོས་སོགས་ཆོས་བཞི་བསྟན་པ་ཡང་ཤེས་དགོས། གསུམ་པ་ཉན་པར་སྐུལ་བ་ནི།

རྩ་བར། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།།

         དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།།

རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།། སྐལ་ལྡན་དེ་དག་དྭངས་བའི་ཡིད་ཀྱིས་ཉོན།། ཞེས་གསུངས། དོན་ནི། གང་དག་ངེས་འབྱུང་ལ་མོས་ནས་སྲིད་པའི་བདེ་བ་ལ་མ་ཆགས་ཤིང་། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས་དལ་འབྱོར་དོན་ཡོད་བྱ་བའི་ཕྱིར་དུ་བ རྩོན་པ་ཡིས་ཏེ་བརྩོན་པའི་སྒོ་ནས། རྒྱལ་བ་དགྱེས་པའི་ལམ་ཡང་དག་པའི་ལྟ་བ་ ལ་ཡིད་རྟོན་པའི་སྐལ་ལྡན་དེ་དག་གིས། འགལ་རྐྱེན་སྣོད་ཀྱི་ སྐྱོན་གསུམ་སྤངས་ཏེ་མཐུན་རྐྱེན་འདུ་ཤེས་དྲུག་བརྟེན་ནས། དྭངས་བའི་ཡིད་ཀྱིས་ཉོན་ཅིག་ཅེས་ཉན་པ་སྐུལ་བའོ། ། གཉིས་པ་གཞུང་གི་ དོན་འཆད་པ་ལ་གསུམ། ངེས་འབྱུང་ དང་། བྱང་སེམས། ཡང་དག་པའི་ལྟ་བའོ། དང་པོ་ངེས་འབྱུང་འཆད་པ་ལ་ངེས་འབྱུང་སྐྱེ་དགོས་པའི་སྒྱུ་མཚན། ངེས་འབྱུང་སྐྱེ་བའི་ཐབས། ངེས་འབྱུང་སྐྱེས་པའི་ཚད་གསུམ་ལས། དང་པོ་ངེས་འབྱུང་སྐྱེ་དགོས་པའི་རྒྱུ་མཚན་ནི། རྩ་བར། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།

           བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།།

སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།། ཞེས་གསུངས།

དོན་ནི། སྡུག་བསྔལ་གསུམ་གྱིས་རྒྱུན་དུ་བཙེས་པའི་སྲིད་པ་འཁོར་བ་འདི་ལས་ཐར་ན་ཅི་མ་རུང་སྙམ་པའི་རྣམ་པར་དག་པའི་ངེས་འབྱུང་ཞིག་རྒྱུད་ལ་སྐྱེ་བ་མེད་པར་ཏེ། རྒྱུད་ལ་མ་སྐྱེས་ན། སྲིད་པ་འཁོར་བའི་རྒྱ་མཚོ་འདི་ཡི་ཟག་བཅས་ཀྱི་བདེ་འབྲས་དོན་དུ་གཉེར་བའི་བློ་ཞི་བའི་ཐབས་མེད་ལ། དེ་མ་ཞི་ན་སྲིད་པ་འཁོར་བ་ལ་བརྐམ་པ་སྟེ་ཆགས་ཤིང་། ཆགས་པ་ཡིས་ཀྱང་ལུས་ཅན་འཁོར་བ་པ་རྣམས་ཀུན་ནས་འཆིང་པའི་རྒྱུ་མཚན་དེའི་ཕྱིར། ཐར་འདོད་སྐྱེ་བོ་རྣམས་ཐར་པ ར་བགྲོད་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་ལས་ཐོག་མར་ངེས་འབྱུང་བཙ ལ་བར་བྱ་དགོས་སོ་ཞེས་པའོ།།  
གཉིས་པ་ངེས་འབྱུང་སྐྱེ་བའི་ཐབས་ལ། ཚེ་འདིའི་སྣང་ཤས་ལྡོག་ཐབས་དང་། ཚེ་ཕྱི་མའི་སྣང་ཤས་ལྡོག་ཐབས་གཉིས་ལས། དང་པོ་ཚེ་འདིའི་སྣང་ཤས་ལྡོག་ཐབས་ནི།

རྩ་བར། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།།

      ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག། ཅེས་གསུངས། 
དོན་ནི། མི ་ཁོམ་པའི་གནས་བརྒྱད་ལས་དལ་ཞིང་རང་དང་ག ཞན་གྱི་འབྱོར་པ་བཅུ་ཚང་པའི་ལུས་འདི།  རྒྱུ་དང་ངོ་བོ་དཔེ་གསུམ་གྱི་སྒོ་ནས ་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་པ་དེ་ཉིད་ཀྱང་རྩ་བ་གསུམ་དང་རྒྱུ་མཚ ན་དགུའི་སྒོ་ནས་ཚེ་ལ་ཁོམ་ལོང་མེད་པར་འཆི་བ་མི་རྟག་པའ ི་ཚུལ་རྣམས། ཡིད་ལ་ཡང་ཡང་གོམས་པས་ ཚེ་འདིའི་ལྟོ་ག ོས་གཏམ་གསུམ་ལ་ཞེན་པའི་སྣང་ཤས ་ཀུན་རང་དབང་མེད་པར་ལྡོག་ནུས་ སོ།། ཞེས་པའོ། འདི ས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་གྱི་ངེས་འབྱུང་གཙོ་བོར་བསྟན་ཅིང་། སྐྱབས་འགྲོའི་རྣམ་བཞག་ཀྱང་ལམ་རིམ་ལས་གསུངས་ པ་ལྟར་འདིའི་ཤུགས་ལ་ཤེས་དགོས་པ་ཡི ན། གཉིས་པ་ཚེ་ཕྱི་མའི་སྣང་ཤས་ལྡོག་ཐབས་ནི། 

རྩ་བར། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས།། ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག། དོན་ ནི། དཀར་ནག་དགེ་སྡིག་གི་ལས་འབྲས་མི ་བསླུ་བ་དང་། འཁོར་བ་སྤྱི་དང་བྱེ་བྲག་ག ི་སྡུག་བསྔལ་གསུམ་དང་དྲུག་བརྒྱད་རྣམས། ཡང་ནས་ཡང་དུ་བསམ་ན་འཇིག་རྟེན་ཕྱི་མའི་རྟེན་ལ་ཚངས་དང་དབང་པོ་ལྟ་བུའི་སྟོབས་དང་འབྱོར་པར་ཞེན་པའི་སྣང་ཤས་རྣམས་ལྡོག་ནུས་སོ། ། ཞེས་པའོ། འདིས་གཙོ ་བོ་སྐྱེས་བུ་འབྲིང་གི་ངེས་འབྱུང་སྐྱེ་ཐ བས་སྟོན་ཅིང་། ལས་འབྲས་ཀྱི་རྣམ་བཞག་དང་འཁོར་བའི་སྡུག་བསྔལ་རྣམས་ཞིབ་པར་ལམ་རིམ་ལས་གསུངས་པ་ལྟར་འདིར་ཤེས་དགོས། གསུམ་པ་ངེས་འབྱུང་སྐྱེས་པའི་ཚད་ནི། རྩ་བར། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ་།། ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།།

		 བྱུང་ན་དེ་ཚེ་ངེས་གབྱུང་སྐྱེས་པ་ལགས།། ཞེས་གསུངས།
	དོན་ནི།  དེ་ལྟར་ཚེ་འདི་ཕྱིའི་སྣང་ཤས ་ལྡོག་ཐབས་ལ་ཡང་ཡང་གོམས་པར་བྱས་པས།  འཁོར་བའི་ཕུན་ཚོགས་ཀུན་ལ་མཆིལ་མའི་ཐལ་བ་བཞིན་དུ་ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། དེ་ལས་གོ་ལྡོག་ནས་ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་གྱི་བློ་ངང་ངམ་ཤུགས་ཀྱིས་སྐྱེས་པ་ཞིག་བྱུང་ན། དེ་ཡི་ཚེ་གཞི་ནས་ངེས་འབྱུང་གི་བསམ་པ་རྣམ་དག་ཅིག་རྒྱུད་ལ་སྐྱེས་པ་ལགས་སོ། ཞེས་པའོ།  །
གཉིས་པ་སེམས་བསྐྱེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པའི་རྒྱུ་མཚན་དང་། སེམས་དེ་ཇི་ལྟར་བསྐྱེད་པའི་ཚལ་གཉིས་ལས། དང་པོ་ནི། 

རྩ་བར། ངེས་བྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།། ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།། ཅེས་གསུངས།

དོན་ནི། ངེས་འབྱུང་དེ་ཡང་རྣམ་པར་དག་བའི་སེམས་བསྐྱེད་ཀྱིས་ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པའི་བདེ་བའི་རྒྱུ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་མི་འགྱུ ར་བས་ན། བློ་ལྡན་ཐེག་པ་ཆེན་པོའི་རི གས་ཅན་རྣམས་ཀྱིས་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མཆོག་འདི་རང་རྒྱུད་ལ་བསྐྱེད་པར་བྱ་དགོས་སོ། ཞེས་པའོ། གཉིས་པ་སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་ནི། 

རྩ་བར། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།། བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།། སྡུག་བསྔལ་གསུམ་ཀྱིས་རྒྱུན་ཆད་མེད་པར་མནར།། གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི།། ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། ། ཅེས་གསུངས།

དོན་ནི། འདོད་པའི་ཆུ་བོ་སོགས་བཞི་དང་། སྐྱེ་བ་སོགས་འབྲས་བུ་བཞིའི་ཤུ ག ས་དྲག་ལ་རྒྱུན་ རིང་བའི་ཆུ་བོ་ཆེན་པོ་བཞི་ཡི་རྒྱུན་ གྱིས་ཁྱེར་ཞིང་། ཟློག་པར་དཀའ ་བའི་ལས་ཀྱི་འཆིང་བའི་ཐག་པ་ དམ་པས་ཀུན་ནས་བསྡམས་ཏེ། བདག་ཏུ་འཛིན་པའི་ལྕ གས་ཀྱི་དྲ་བའི་སྦུབས་སུ་ཚུད་ནས། བླ ང་དོར་གྱི་གནས་རྣམས་མ་རིག་པའི་མུན་པའི་སྨག་ཆེན་པོས་ཀུན་ནས་འཐིབས་ཤིང་། མུ་དང་མཐའ་མེད་པའི་འཁོར་བ འི་གནས་སུ་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།  སྡུག་བསྡལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར་བའི་གནསསྐབས་འདི་འདྲར་གྱུར་པའི་མ་རྒ ན་སེམས་ཅན་རྣམས་ཀྱི་ངང་ཚུལ་བསམས་ནས།  རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེའི་གཉིས་ཀྱི་སྒོ་ནས་བློསྦྱངས་ཏེ་སེམས་ཅན་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དུ། ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་མཛོད་ཅིག། ཅེས་སོ།།   འདིར་སྐྱེས་བུ་ཆེན་པོའི་ལམ་རིམ་ལས་བསྟན་པ་ལྟར་ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་དང་། རང་རྒྱུད་སྨི ན་བྱེད་ཕར་ཕྱིན་དྲུག གཞན་རྒྱུད་སྨིན་བྱེ ད་བསྡུ་བཞིའི་དངོས་པོ་སོགས་ལ་བསླབ་དགོས་པའང་ཤུགས་ལ་ཤེས་དགོས། 
ག སུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ། ལྟ་བ ་རྟོགས་པའི་ཐབས་ལ་འབད་དགོས་པའི་རྒྱུ་ མཚན་དང་། ལྟ་བ་གཏན་ལ་འབེབས་ཚུལ། ལྟ་བའི་དཔྱད་པ་མ་རྫོགས་པའི་ཚད། ལྟ་བའི་དཔྱད་པ་རྫོགས་པའི་ཚད། ཐལ་འགྱུར་བའི ་ཐུན་མོང་མ་ཡིན་པའི་བཞེད་པ་དང་ལྔ །  
དང་པོ་ལྟ་བ་རྟ ོ གས་པའི་ཐབས་ལ་འབད་དགོས་པའི་རྒྱུ་མཚན་ནི། 

རྩ་བར། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།། ངེས་འབྱུང་བྱུང་ཆུབ་སེམས་ལ་གོམས་བྱས་ཀྱང་།། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།། དེ་ཕྱིེར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།

དོན་ནི། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་ མ་ལོག་པར་རྟོགས་པའི་ཤེས་རབ་དང་མི་ལྡན་ན།  གོང་དུ་བཤད་པའི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་ཇི་ཙམ་གོམས་པར་བྱས་ཀྱང་ ། སྲིད་པ ་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་གཅོད་པར་མི་ནུས་པས། རྒྱུ་མཚན་དེའི་ཕྱིར་ཐར་པ་འདོད་པ་རྣམས་ཀྱིས་རྟེན་འབྲེལ་བདག་མེད་རྟོགས་པའི་ཐབས་ལ་འབད་པ་མཛད་དགོས། ཞེས་སོ། །

གཉིས་པ་ལྟ་བ་གཏན་ལ་འབེབས་པའི་ཚུལ་ནི། རྩ་བར། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།། དེ་ནི་སངས་རྒྱས་དགྱེས་པའི་ལམ་དུ་ཞུགས།། ཞེས་གསུངས།

ད ོན་ ནི། གང་ཞིག་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ཐམས་ཅད་ཀྱི་སྟེང་དུ།  རྒྱུ་འབྲས་རྟེན་འབྲེལ་གྱི་ རྣམ་བཞག་ ནམ་ཡང་བསླུ་བ་མེད་པར་མཐོང་ཞིང་། སྟོང་བྱེད་རིགས་པའི་དགག་བྱའམ་རང་བཞིན་གྱིས་གྲུབ་པ་འཛིན་པའི་བདེན་འཛིན་གྱི ་ དམིགས་པའི་གཏད་སོ་གང་ཡིན་པ་དེ་ཀུན་བློ་ངོར་ཞིག་པ་དེ་ནི་སངས་རྒྱས་དགྱེས་པའི་ལམ་སྟེ །  ཡང་དག་པ འ ི་ལྟ་བའི་གནད་ཚུལ་བཞིན་གཏན་ལ་འབེབས་ པའི་དབུ་མའི་ལམ་དུ་ཞུགས་པ་ཡིན་ནོ། ཞེས་པའོ།  །
གསུམ་པ་ལྟ་བའི་དཔྱད་པ་མ་རྫོགས་པའི་ཚད་ནི། 

རྩ་བར། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། ཅེས་གསུངས།

དོན་ནི། སྣང་བ་རྟེན་འབྲེལ་གྱི་རྣམ་བཞག་བསླུ་བ་མེད་པ་དང་ །  སྟོང་པ་རང་བཞིན་གྱིས་གྲུབ་པའི་ཁས་ལེན་དང་བྲལ་བའི་གོ་བ་གཉིསཔོ་གཅིག་གྲོགས་གཅིག་ཏུ་མ་ཤར་བར། དེ་ལས་ལྡོག་སྟེ་གཞི་གཅིག་གི་སྟེང་དུ་སྣང་ཕྱོགས་དང་སྟོང་ཕྱོགས་གཉིས་ཇི་སྲིད་ཐ་དད་སོ་སོར་ ཚ་གྲང་ལྟར་འགལ་བར་སྣང་བ་དེ་སྲིད་དུ།  ད་ དུང་ཐུབ་པའི་དགོངས་པ་མཐར་ཐུག་པ་ དབུ་མའི་ལམ་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་མེད་པ་ཡིན་ཞེས་པའོ། འདིས་རང་སྡེའི་ཉི་ཚེ་བའི་ལྟ་བའི་རྣམ་བཞག་མང་པོ་ཞིག་ཐུབ་པའི་དགོངས་པ་མཐར་ཐུག་མིན་པར་ཤེས་དགོས། བཞི་པ་ལྟ་བའི་དཔྱད་པ་རྫོགས་པའི་ཚད་ནི།

རྩ་བར། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། ཞེས་གསུངས།

	དོན་ནི།  ལྟ་བའི་དཔྱད ་པ་རྫོགས་པའི་ཕྱིར་དུ་ཡང་ཡང་འབད་པས།  ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ་སྣང་ཕྱོགས་རྒྱུ་འབྲས་རྟེན་འབྲེལ་གྱི་ཚུལ་ན མ་ཡང་མི་བསླུ་བ་མཐོང་བ་ཙམ་ཉིད་ནས།  སྟོང་ཕྱོགས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་དམིགས་མེད་དུ་ཞིག་པ་ན། དེ་ཡི་ཚེ་གཞི་ནས་ལྟ་བའི་དཔྱད་པ་རྫོགས་པ་ལགས་ཤིང་ཚད་དེ་མ་འཁྱོལ་གྱི་བར་དུ་འབད་དགོས་སོ། ཞེས་པའོ།  །
ལྔ་པ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི།

རྩ་བར། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།། ཞེས་གསུངས།

	དོན་ནི།  ལྟ་བའི་དཔྱད་པ་རྫོགས་པའི་ཚད་གཞན་ཡང་ཆོས་ཀུན་རང་བཞིན་གྱིས་གྲུབ་པར་མེད་ཀྱང་ཐ་སྙད་ཙམ་དུ་ཡོད་པ་དང་། ཐ་སྙད་ཙམ་དུ་ཡོད་པ་མ་གཏོགས་རང་བཞིན་གྱིས་གྲུབ་པས་སྟོང་པས་མེད་མཐའ་སེལ་ཞིང་ །  མཐའ་གཉིས་དང་བྲལ་བའི་སྟོང་པ་ སྟེ ། སྣང་བས་སྟོང་པ་ལ་གྲོགས་བྱས་ནས་ཡོད་མཐའ་སེལ་བ་དང་། སྟོང་པས་སྣང་བ་ལ་གྲོགས་བྱས་ནས་མེད་མཐའ་སེལ་ཏེ། མཐའ་གཉིས་དང་བྲལ་བའི་དེ་ཉིད་ཀྱི་ངང་ དུ་རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ལམ།  འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་འཐད་པའི་ཚུལ་ཤེས་ན། རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་ངན་པས་སེམས་རྒྱུད་འཕྲོག་པར་མི་འགྱུར་རོ།། ཞེས་པའོ།  
རྩ ་བའི་ས་བཅད་གསུམ་པ་མཇུག་གི་དོན་ལ།  ལམ་གཙོ་གསུམ་གྱི་གནད་ཤེས་ནས་གཏན་འདུན་སྙིང་པོ་ཇི་ལྟར་སྒྲུབ་པའི་ཚུལ་དང་མཛད་བྱང་གཉིས་ལས།  
དང་པོ་ནི།

རྩ་བར། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།། གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།། དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།། གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ།། ཞེས་གསུངས།

དོན་ནི། དེ་ལྟར་གོང་དུ་བཤད་ཟིན་པའི་ཐར་པར་བགྲོད་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་གནད་རྣམས་རང་གིས་ཇི་ལྟ་བ་བཞིན་རྟོགས་པའི་ཚེ་ན། མདོ་སྡེ་རྒྱན་ནས་བཤད་པ་ལྟར་གྱི་མཚན་ཉིད་ཚང་བའི་གནས་དབེན་པ་ཞིག་བསྟེ ན་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ།  གཏན་གྱི་མདུན་མ་སངས་རྒྱས་ཀྱི་ གོ་འཕང་མྱུར་བ་ཉིད་དུ་སྒྲུབས་ཤིག་བུ།  ཞེས་ཚ་ཁོ་དབོན་པོ་དག་དབང་གྲགས་པ་ལ་ཐུགས་ཉེ་བའི་ཚུལ་གྱིས་དངོས་སུ་གདམས་ཏེ་ཤུགས་ལ་གདམས་ངག་ཁྱད་པར་ཅན་འདི་ཉིད་ལ་ཐོས་བསམ་བྱེད་པའི་སློབ་མ་ཀུན་ལ་དེ་ལྟར་གྱིས་ཤིག་ཅེས་གདམས་པའོ།  །
གཉིས་པ་མཛད་བྱང་ནི།
རྩ་བར། ཞེས་པ་འདི་ནི་མང་དུ་ཐོས་པ་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། ཞེས་གསུངས།
དོན་ནི། ལམ ་གྱི་གཙོ་བོ་རྣམ་གསུམ་ཞེས་པ་འདི་ནི།  མདོ་སྔགས་རིག་གནས་དང་བཅས་པ་མང་དུ་ཐོས་པའི་དགེ་སློང་ཤར་ ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས།  གང་ལ་གདམས་པའི་ཡུལ་གངས་ཅན་མདོ་ཁམས་ཕྱོགས་སུ་ད་ཚང་དགོན་པ་སོགས་དགེ་ལྡན་པའི་ཆོས་སྡེ་བརྒྱ་རྩ་བརྒྱད་བཏབ་ ནས་བསྟན་པར་བྱ་བ་རྒྱ་ཆེར་བྱས་པར་མ་ཟད།  སླར་ཡང་ཤར་ཕྱོགས་རྒྱ་ནག་རི་བོ་རྩེ་ལྔར་དགེ་ལྡན་པའི་ཆོས་གཞིས་བཏབ་ནས་མཛ ད་འཕྲིན་ནམ་མཁའ་དང་མཉམ་པའི་བུ་ཆེན།  མདོ་སྨད་རྒྱལ་མོ་རོང་དུ་འ ཁྲུངས་པའི་ཚ་ཁོ་དབོན་པོ་ངག་གྲགས་པས།  ལམ་ གྱི་གནད་ཀུན་བསྡུས་པའི་ ག ད མས་ངག་ཁྱད་པར་ཅན་ཞིག་དགོས་ཞེས་རྒྱ་ནག་རི་བོ་རྩེ་ལྔ་ནས ་སྐྱེས་དང་བཅས་པའི་ཞུ་འཕྲིན་ཕུལ་བ་ལ།  ལན་གྱི་ཚུལ་དུ་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་གདམས་པའོ།། ཞེས་སོ། ། 

སྨྲས་པ་ ཐར་འདོད་སྐྱེ་བོ་གངྒཱའི་རྡུལ་སྙེད་ཀྱི། འཇུག་སྒོ་མ་ནོར་ཚུལ་བཞིན་གདམས་པའི་ཕུལ།། རྨད་བྱུང་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས། འཇམ་མགོན་ལེགས་བཤད་རྣ་བའི་དཔལ་དུ་འཇེབས།། གང་དེའི་སྙན་རྒྱུད་གདམས་པའི་ཉིད་ཁུ་གཏེར། བསྲེ་ལྷད་མེད་པར་འཆང་པའི་ཞྭ་སེར་པ།། བཤེས་གཉེན་མཁས་པའི་ཞབས་ཆབ་རྒྱུན་རིང་དུ། འཐུང་བས་བདུད་རྩིའི་ཟིལ་ཆར་འདི་ཉིད་ཟགས།།

མ་རྟོགས་གཞུང་དོན་འཁྲུལ་བས་བསྙོགས་གྱུར་ན། གཟུར་གནས་མཁས་པའི་སྤྱན་སྔར་སྙིང་ནས་བཤགས།།

འདི་བྱས་དགེ་བ་ཀུ་ཤའི་ཆུ་ཐིགས་ཟླ། བྱང་ཆེན་རྒྱ་མཚོའི་རླབས་དང་འགྲོགས་པར་ཤོག།

  ཅེས་པ་འདི་ནི་རྐྱེན་དབང་གིས་ ཉེ་བའི་སློབ་མ་འགའ་ཞིག་གི་དོན་དུ།  གདན་ས་ཆེན་པོའི་རིགས་པ་སྨྲ་པའི་གྲལ་མཐའ་འཛིན་པ་བེ་རི་འཇིགསམེད་དབང་རྒྱ ལ ་བས་བྲེལ་འཚུབ་ཆེན་པོ འི་ངང་དུ།  ཕྱི་ལོ་ ༡༩༩༧།༣།༢༧། མཚན་མོར་སློབ་གྲྭའི་ཡིག་ཚང་དུ་བྲིས་པ་དགེ་ལེགས་འཕེལ།།