ལྷོ་བྲག་འབུམ་པ་
མཐོང་རིས་
(བོད་ལྗོངས་སྟག་རྩེ་རྫོང་ཁོངས)ར་ཤ་ཁུག་གྲོང་ཚོའི་ཉེ་འདབས་སུ་ལྷོ་བྲག་འབུམ་པ་ཞེས་མཆོད་རྟེན་གྲགས་ཅན་ཞིག་ཡོད་པ་དེ་ཙོང་ཁ་པའི་བླ་མ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གདུང་རྟེན་ཡིན་པར་གྲགས་ཤིང། མཆོད་རྟེན་དེའི་ཆགས་དབྱིབས་ནི་དབུས་སུ་མཆོད་རྟེན་ཆེན་པོ་ཞིག་གི་མཐའ་སྐོར་དུ་མཆོད་རྟེན་མང་པོ་ཡོད་པ་དེར་རྒྱུན་གཏན་ཕྱག་སྐོར་བྱེད་མཁན་མང་པོ་ཡོད་པ་ནི་དེ་གར་ཕྱག་སྐོར་བྱས་ན་གཟའ་དང། རྒྱལ་གཟེར། མཛེ་ལ་སོགས་ནད་ངན་རྣམས་ལས་མཐར་བའི་ཤོད་རྒྱུན་འདུག རིག་གསར་སྐབས་མཆོད་རྟེན་ཚང་མ་གཏོར་བཤིག་བྱུང་ཡང་དབུས་ཀྱི་མཆོད་རྟེན་དེའི་གཤམ་ཆ་རང་འཇགས་ཡོད་པར་རབ་བྱུང་བཅུ་བདུན་པའི་ལྕགས་ལུག(༡༩༩༡)ལོ་མཆོད་རྟེན་ཉམས་གསོ་ཞུས་པ་དང། དེང་སྐབས་ཕྱགས་སྐོར་བྱེད་མཁན་མང་པོ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།