ལྷའི་བོན་ཡན་ལག་བརྒྱད་པ་

ཡོང་ཁུངས་Wikipedia

ལྷའི་བོན་ཡན་ལག་བརྒྱད་པ་གཡུང་དྲུང་སེམས་དཔའི་སྤྱོད་པ་ལ་འཇུག་པའི་མདོ་རིན་པོ་ཆེ་ལྟ་བུ་བཞུགས་སོ། །

༄༅། །ཞང་ཞུང་སྐད་དུ། གྱེར་རོ་ཨ་རན་སད་ལ་གྱེར། ཕྲ་ཕུན་ས་ལེ་སང་སང་ལོ། བོད་སྐད་དུ། ལྷའི་བོན་ཡན་ལག་བརྒྱད་པའི་མདོ། སྟོན་པ་གཤེན་རབ་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོན་པ་གཤེན་རབ་མི་བོ་ནི། རིན་ཆེན་གྲངས་མའི་གླིང་སྟོད་ན། གཡུང་དྲུང་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཉོན་མོངས་པ་ཞི་བ། རྫུ་འཕྲུལ་དང་ལྡན་པ། དགོངས་པ་ཟབ་པ། གསུང་ལྷང་ལྷང་ཅིར་ཡང་སྟོན་པ། དོན་གྱི་སྒོ་གང་ལ་ཡང་མ་འགགས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བར་འཕྲུལ་ངག་བདེན་པའི་བོན་སྟོན་པ། ལྐུགས་པ་ཁ་འབྱེད་པ། གཏོ་མཐའ་ཡས་པ། དཔྱད་བསམ་གྱིས་མི་ཁྱབ་པ། དཀའ་བ་རྣམ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་མཐར་ཕྱིན་པར་མཛད་པ། སྒོ་གང་ལ་ཡང་མ་རྨོངས་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་ལ་གསལ་བ། དེ་ལྟ་བུ་དང་ལྡན་པའི་གཤེན་རབ་ཆེན་པོ་དེས། འགྲོ་དོན་མཐར་ཕྱིན་ཞིང་སྲིད་པ་གསུམ་གྱི་ཁ་ལོ་གྱེན་དུ་དྲང་བ་དང༌། ངན་སོང་གསུམ་གྱི་སྒོ་གཅད་པའི་ཕྱིར། བོན་འཕྲུལ་ངག་བདེན་པ་ལྐུགས་པ་ཁ་འབྱེད་པ་འདི། འགྲོ་བ་རྣམས་ལ་དཔེར་བསྟན་པར་བཞེད་ནས། སྐུ་ལས་འོད་ཟེར་བྱེ་བ་ས་ཡ་རབ་ཏུ་སྤྲོས་ཏེ། སྟོང་གསུམ་ཐམས་ཅད་རབ་ཏུ་རྒྱས་པར་བཀང་ནས། སླར་འདུས་པས་ཐུགས་ཀ་ནས་ཡེ་ཤེས་ཆེན་པོའི་རྟགས་གསལ་ལ་དྭངས་པའི་ཡེ་ཤེས་ཀྱི་འོད་ཚོན་གང་དུ་གནས་སོ། དེའི་ཚེ་སྟོན་པ་གཤེན་རབ་མི་བོ་ནི། འཁོར་གྱི་གཡུང་དྲུང་སེམས་དཔའ་ཤེས་པ་གསལ་བ། བློ་མྱུར་བ་འགྲོ་བའི་དོན་མཐར་ཕྱིན་པ་འདི་ལྟ་སྟེ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཐིག་ལེ་དང༌། གསང་བ་དོན་གྲུབ་དང༌། གསང་བ་ངང་རིང་དང༌། གསང་བ་སྟོན་པ་དང༌། རྨ་ལོ་ཏིང་སྐྱེས་དང༌། རྨ་ལོ་དེ་བོ་དང༌། འདོད་པ་དགུ་འགྱུར་དང༌། གཏོ་བུ་འབུམ་སྲས་དང༌། གཏོ་ཆེན་འབྱམ་ཡུག་དང༌། གཏོ་རྒྱལ་ཡེ་ཤེས་དང༌། ཡེ་ཤེས་གཤེན་གཙུག་ཕུད་ལས་སོགས་པ། ཡེ་གཤེན་བླ་ན་མེད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། གཞན་ཡང་ལྷའི་རྒྱལ་པོ་འོད་དེ་རྒྱལ་བ་དང༌། ཡོད་དེ་ཆེན་པོ་དང༌། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་དང༌། ཡིད་བཟང་དང༌། གོ་ཆ་བཟང་དང༌། མིའི་རྒྱལ་པོ་རྨ་སྲས་རྒྱལ་བ་དང༌། ལྡེ་རྒྱལ་གཤེན་ཆེན་དང༌། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང༌། མ་དྲོས་དང༌། གཟི་ཆེན་དང་། དུད་འགྲོའི་རྒྱལ་པོ་རབ་ཏུ་བརྟན་པ་དང༌། ལྗོན་པ་རྟ་མགོ་ལས་སོགས་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྒྱལ་པོ་དང་ཐབས་གཅིག་ཏུ་བཞུགས་སོ། དེ་ནས་འཁོར་དུ་གཏོགས་པ་རྣམས་ཀྱིས། གདན་རིན་པོ་ཆེ་སྣ་ལྔ་ལ་བྱས་པ་བཤམས་ཏེ། རོལ་མོ་དང་སིལ་སྙན་དང་མཆོད་པ་ཆེན་པོ་ཕུལ་ཏེ། མེ་ཏོག་དག་སྟོན་པ་ལ་གཏོར་ནས། འདི་སྐད་ཅེས་མགྲིན་གཅིག་ཏུ་དྲངས་ཏེ་བསྟོད་དོ། གཤེན་རབ་ཆེན་པོ་འགྲོ་བ་ཡོངས་ཀྱི་དཔལ། སྐྱེ་ཤི་རྩད་གཅོད་སྟོབས་ཆེན་མི་ཟད་པ། ལྐུགས་པ་ཁ་འབྱེད་ཡང་དག་དོན་སྟོན་པ། སྟོན་པ་གཤེན་རབ་སྐུ་ལ་ཕྱག་འཚལ་ལོ། ཞེས་བསྟོད་ནས། གཤེན་རབ་ལ་གཏོ་བུ་འབུམ་སྲས་ཀྱིས་གསོལ་བ། ཀྱེ་སྟོན་པ་ལགས། འཁོར་རྣམས་ཤེས་པའི་རྒྱུད་དག་སྦྱང་བ་དང༌། འགྲོ་བ་ཡོངས་ལ་འཕྲུལ་ངག་བདེན་པའི་བོན། མ་ནོར་དོན་ཚང་གསལ་བའི་སྒྲོན་མ་འདི། འཕྲུལ་ངག་བདེན་པའི་དོན་འདི་བསྟན་དུ་གསོལ། གཤེན་རབ་ཀྱིས་བཀའ་སྩལ་པ། ཉོན་ཅིག་འཁོར་དུ་གཏོགས་པའི་གཤེན་རབ་རྣམས། འགྲོ་དྲུག་ཐར་པའི་བདེ་བ་ཐོབ་པ་དང༌། ན་རག་ངན་སོང་སྒོ་གསུམ་གཅོད་པའི་ཕྱིར། འཕྲུལ་ངག་བདེན་པའི་བོན་འདི་བསྟན་པར་བྱ། གང་ཞིག་ཐར་པར་བདེ་བ་ཐོབ་འདོད་པས། ང་ཡིས་བསྟན་པའི་བོན་འདི་མཉན་བྱས་ཏེ། རྗེས་སུ་བསྒྲུབ་པའི་དོན་འདི་བསམ་བྱས་ན། འབྲས་བུ་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། རྒྱལ་བ་རྣམས་དབྱིངས་ནས་བསྐུར་ཕྱིར་སྤྱན་དྲངས་བའི་ཡན་ལག༼མཆན༽

དུས་གསུམ་བདེར་བར་གཤེགས་པ་མ་ལུས་ཐམས་ཅད་ནི། མ་ལུས་སྐྱེ་མེད་དབྱིངས་ནས་བཞེངས་ནས་ཀྱང༌། འགྲོ་དྲུག་ཐུགས་རྗེས་བཟུང་བར་བགྱི་སླད་དུ། དུས་གསུམ་ལྷ་གཤེན་མ་ལུས་བཞུགས་པ་རྣམས། བོན་ཉིད་ངང་ལས་ཐམས་ཅད་གཤེགས་སུ་གསོལ། འགྲོ་བ་དྲངས་ཤིང་བདེ་ལ་བཀོད་སླད་དུ། སྨོན་ལམ་དབང་གིས་བཞེངས་པའི་བདེ་གཤེགས་རྣམས། མི་གཡོའི་དབྱིངས་ནས་མ་ལུས་གཤེགས་སུ་གསོལ། འཆི་མེད་འདུ་འབྲལ་མེད་པ་སྐུ་ཡི་ལྷ། གསལ་བ་དེ་དང་དབྱེར་མེད་གཤེན་གྱི་སྐུ། བོན་རྣམས་འགྲོ་དོན་ཐམས་ཅད་སྨིན་མཛད་པ། ལྷ་གཤེན་བོན་དང་གསུམ་རྣམས་གཤེགས་སུ་གསོལ། ཁམས་གསུམ་འཁོར་བའི་འདམ་ལས་རབ་བརྒལ་ཞིང༌། སྡུག་བསྔལ་བརྩོན་ར་མ་ལུས་ཀུན་བཅོམ་སྟེ། འགྲོ་དོན་མཐར་ཕྱིན་སྤྲོས་མེད་དབྱིངས་སུ་གཤེགས། འདས་པའི་གཤེན་རབ་མ་ལུས་གཤེགས་སུ་གསོལ། ཉོན་མོངས་ནད་བཅོམ་འཁོར་བའི་སྐྱོན་སྤངས་ཤིང༌། ཐུགས་རྗེའི་དབང་གིས་སེམས་ཅན་གནས་ནས་འདྲེན། གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི། ད་ལྟའི་གཤེན་རབ་མ་ལུས་གཤེགས་སུ་གསོལ། འཁོར་བའི་སྡུག་བསྔལ་བསམ་ཞིང་སྦྱང་བ་དང༌། ཉོན་མོངས་ནད་གསོ་མཛད་ཕྱིར་སྐུ་སྟོན་ཞིང༌། ཉིད་ཀྱི་དགོངས་པ་རྫོགས་མཛད་འགྲོ་བའི་སྐྱབས། མ་བྱོན་གཤེན་རབ་མ་ལུས་གཤེགས་སུ་གསོལ། ། ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག༼མཆན༽ བདེར་བར་གཤེགས་པ་མ་ལུས་ཐམས་ཅད་ལ། བདག་ལུས་སྟོང་གསུམ་རྡུལ་ཕྲན་ཙམ་དུ་དམིགས་ནས་ནི། མགོ་དང་ལག་དང་རྐང་པའི་པུས་མོ་དང༌། ཡན་ལག་སྨད་ལྔས་རབ་ཏུ་ཕྱག་འཚལ་ལོ། མི་སྐྱེ་མི་འགགས་ནམ་མཁའི་རང་བཞིན་ཅན། རྟོག་དང་དཔྱོད་པའི་སྨྲ་བསམ་ཀུན་ལས་འདས། གླེང་གཞི་བརྗོད་དང་ཚིག་གི་ཡུལ་ལས་འདས། བོན་ཉིད་དབྱིངས་ཀྱི་གསུང་རབ་ཐམས་ཅད་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། སྟོན་པ་གཤེན་རབ་རྣམས་ཀྱི་གསུང་མཆོག་ལ། ལྐུགས་པ་ཁ་འབྱེད་འཕྲུལ་གྱི་ཡི་གེས་བརྒྱན། ད་ལྟ་བཞུགས་པའི་གསུང་རབ་ཐམས་ཅད་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། མ་རིག་མུན་འཇོམས་གསལ་བའི་སྒྲོན་མེ་སྟེ། ཤེས་བྱའི་སྒྲིབ་སེལ་ཉོན་མོངས་སྒྲིབ་པ་སྦྱང༌། འབྲས་བུ་བསྒྲུབ་བྱེད་ལམ་གྱི་གསུང་རབ་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། འགྲོ་དོན་མཐར་ཕྱིན་ཐར་པའི་གནས་སུ་གཤེགས། དཀའ་བ་མཐར་ཕྱིན་གཡུང་དྲུང་ས་ལ་གནས། འདས་པའི་གཤེན་རབ་མ་ལུས་ཐམས་ཅད་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། ཐུགས་རྗེ་ཆེན་པོས་འཁོར་བའི་གནས་ལ་ཆགས། ཐེག་པ་དགུ་དང་བཅུ་གཉིས་ལས་སོགས་པས། འགྲོ་དོན་རྫོགས་མཛད་ད་ལྟའི་གཤེན་རབ་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། མ་རིག་རྨོངས་པའི་སེམས་ཅན་ཐམས་ཅད་ལ། འགྲོ་བ་འདྲེན་པའི་ཐུགས་དམ་སྨོན་ལམ་ཅན། མ་བྱོན་གཤེན་རབ་མ་ལུས་ཐམས་ཅད་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། བདེ་བར་གཤེགས་པ་མ་ལུས་ཐམས་ཅད་ལ། བདག་ལུས་སྟོང་གསུམ་རྡུལ་དུ་དམིགས་ནས་ནི། མགོ་དང་ལག་དང་རྐང་པའི་པུས་མོ་དང༌། ཡན་ལག་སྨད་ལྔས་རབ་ཏུ་ཕྱག་འཚལ་ལོ། བདེ་བར་གཤེགས་པའི་བསྟོད་པ་དབྱངས་རྣམས་དང༌། ངག་སྙན་དབྱངས་ཀྱི་གདུང་བ་སྣ་ཚོགས་ཀྱིས། བདེ་བར་གཤེགས་པའི་ཡོན་ཏན་བརྗོད་བྱས་ཏེ། ངག་གིས་དབྱངས་དྲུག་བསྟོད་དེ་ཕྱག་འཚལ་ལོ། བདེ་བར་གཤེགས་པ་བདག་གི་མདུན་བསམ་སྟེ། སྟོང་གསུམ་བདེ་བར་གཤེགས་པས་གང་བསམ་ནས། བདག་སེམས་དགའ་དང་གུས་པའི་སེམས་ཀྱིས་ནི། བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། ལུས་ཀྱིས་ཕྱག་འཚལ་ཡན་ལག་ལྔ་ཆར་བཏུད། ངག་གིས་ཕྱག་འཚལ་བསྟོད་ཚིག་དབྱངས་དང་ཆས། ཡིད་ཀྱིས་ཕྱག་འཚལ་དགའ་དང་དད་པ་བསྐྱེད། སྒོ་གསུམ་དྭངས་བས་རབ་ཏུ་ཕྱག་འཚལ་ལོ། ། སེར་སྣའི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག༼མཆན༽ བདེ་བར་གཤེགས་པ་མ་ལུས་ཐམས་ཅད་ལ། མཆོད་པའི་རིམ་པ་རྣམ་པ་སྣ་ཚོགས་པ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། བདེ་གཤེགས་རྒྱ་མཚོའི་ཚོགས་ལ་མཆོད་པར་བགྱི། ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་བསིལ་ཆབ་དང༌། ནགས་ཚལ་བཅུད་མཆོག་སྤོས་ཀྱི་དྲི་རྣམས་དང༌། ཉོན་མོངས་མུན་སེལ་གསལ་བའི་མར་མེ་དང༌། བག་ཆགས་དག་བྱེད་གཙང་མའི་ཚན་ཆབ་དང༌། མཛེས་སྡུག་བཀྲ་གསལ་དབྱིབས་ལེགས་མེ་ཏོག་དང༌། ཕོངས་ཤིང་བཀྲེས་སེལ་འབྲུ་བཅུད་བཤོས་སངས་དང༌། རོལ་མོ་སིལ་སྙན་དབྱངས་སྒྲ་སྙན་པ་རྣམས། དུས་གསུམ་བདེ་གཤེགས་རྣམས་ལ་མཆོད་པར་བགྱི། གཞན་ཡང་མཆོད་པའི་རྒྱན་འོས་སྣ་ཚོགས་པ། ཙན་དན་ནགས་ཚལ་སྤོས་ཀྱི་ལྗོན་ཤིང་དང༌། ཨུཏ྄པལ་ནགས་ཚལ་གསེར་གྱི་མེ་ཏོག་དང༌། ཡིད་བཞིན་ནོར་བུ་མཛེས་པའི་རྒྱན་རྣམས་དང༌། ན་བཟའ་པན་ཙ་ཡང་ཞིང་དྲོ་བ་དང༌། རོལ་མོ་སིལ་སྙན་རྒྱན་དང་བ་དན་དང༌། གདུགས་དང་རྔ་ཡབ་ཕྲེང་བ་མཛེས་པ་ཡིས། དུས་གསུམ་བདེ་གཤེགས་རྣམས་ལ་མཆོད་པར་བགྱི། བླ་མེད་མཆོད་པའི་རྒྱན་རྣམས་ཀུན་བཤམས་ནས། ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ཏེ། བླ་མེད་མཆོད་པའི་རིམ་པ་སྤྲིན་ཚོགས་ཀྱིས། དུས་གསུམ་བདེ་གཤེགས་རྣམས་ལ་མཆོད་པར་བགྱི། མཆོད་པ་བླ་ན་ཡོད་པའི་འབྱོར་ཚད་དང༌། མཆོད་པ་བླ་ན་མེད་པའི་དགོངས་ཚད་རྣམས། བསོད་ནམས་འབྲས་བུ་མྱུར་དུ་འཐོབ་བྱའི་ཕྱིར། དུས་གསུམ་བདེ་གཤེགས་རྣམས་ལ་མཆོད་པར་བགྱི། ། ཞེ་སྡང་གྱི་གཉེན་པོ་སྡིག་པ་བཤགས་པའི་ཡན་ལག༼མཆན༽ དུས་གསུམ་བདེ་བར་གཤེགས་པའི་སྤྱན་སྔ་རུ། སྡིག་པ་མི་དགེའི་ལས་རྣམས་སྣ་ཚོགས་པ། བདག་གིས་བགྱིས་དང་བཅོལ་དང་ཡི་རང་བ། ཐམས་ཅད་མ་ལུས་སོ་སོར་བཤགས་པར་བགྱི། བདག་གི་སྐྱེ་བ་འདི་དང་ཐམས་ཅད་དུ། ཞེ་སྡང་དབང་གིས་བསད་བཅད་ཁོང་ཁྲོ་བྱས། གཏི་མུག་དབང་གིས་དགེ་སྡིག་ངོ་མ་ཤེས། འདོད་ཆགས་དབང་གིས་རྐུ་འཕྲོག་མ་བྱིན་བླངས། ང་རྒྱལ་དབང་གིས་བདེན་ཚིག་ཁྱད་དུ་བསད། ཕྲག་དོག་དབང་གིས་གཞན་གྱི་ཡོན་ཏན་སྨད། དུག་ལྔའི་དབང་གིས་སྡིག་པ་ཅི་བགྱིས་པ། མི་འཆབ་གནོང་འགྱོད་སེམས་ཀྱིས་མཐོལ་ལོ་བཤགས། ལུས་ཀྱིས་སྲོག་གཅོད་རྐུ་འཕྲོག་མི་ཚངས་སྤྱོད། ངག་གིས་རྫུན་དང་ཕྲ་མ་ལས་སོགས་སྨྲས། ཡིད་ཀྱིས་མ་རིག་ལོག་པར་ལྟ་ལས་སོགས། དུག་གསུམ་དབང་གིས་སྡིག་པ་ཅི་བགྱིས་པ། བདེ་གཤེགས་བྱམས་མགོན་རྣམས་ཀྱི་སྤྱན་སྔ་རུ། མི་འཆབ་གནོང་འགྱོད་སེམས་ཀྱིས་སོ་སོར་བཤགས། སྔོན་ཆད་སྡིག་པ་བགྱིས་པ་གཤགས་ནས་ནི། འདི་ནས་བཟུང་ནས་འབྲས་བུ་གྲུབ་གྲུབ་ཏུ། སྡིག་པའི་མི་དགེའི་ལས་ལས་ལྡོག་པར་བགྱི། ། ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག༼མཆན༽ བདེ་བར་གཤེགས་པའི་སྡོམ་པ་ཇི་ལྟ་བར། དེ་འདྲའི་རྗེས་སུ་བདག་ཀྱང་ཞུགས་ནས་ནི། སྡིག་པ་སྤང་ཞིང་དགེ་བ་སྤྱད་པ་དང༌། སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། འཇིག་རྟེན་འདི་དང་གཞན་རྣམས་ཐམས་ཅད་དུ། འགྲོ་བ་སེམས་ཅན་དགེ་བ་ཅི་སྤྱད་པ། འགྲོ་བས་བསོད་ནམས་ཚོགས་རྣམས་གང་བསགས་པ། བསོད་ནམས་ཀུན་གྱི་རྗེས་སུ་བདག་ཡི་རངས། བདེ་གཤེགས་རྣམས་ཀྱིས་དཀའ་བ་སྤྱད་མཛད་ནས། འབྲས་བུ་སྨིན་པར་གྱུར་ནས་ཚོགས་བསགས་པའི། དགེ་བ་གང་ལགས་དེ་དག་ཐམས་ཅད་ལ། རབ་ཏུ་མོས་ཤིང་རྗེས་སུ་ཡི་རང་ངོ༌། གཏི་མུག་གི་གཉེན་པོ་བཞུགས་སུ་གསོལ་བའི་ཡན་ལག༼མཆན༽ འདི་ནས་བཟུང་ནས་འབྲས་བུ་གྲུབ་གྲུབ་ཏུ། ངན་སོང་གསུམ་གྱི་སྒོ་རྣམས་གཏན་བཅད་དེ། འགྲོ་དྲུག་གནས་སུ་ནམ་ཡང་མི་སྐྱེ་བར། བདེ་བར་གཤེགས་པས་བདག་ལ་མཛད་དུ་གསོལ། ། ལོག་ལྟའི་གཉེན་པོ་བཀའ་འཁོར་བསྐོར་བའི་ཡན་ལག༼མཆན༽ འགྲོ་བ་དྲངས་ཤིང་འཁོར་བ་སྟོངས་མཛད་ཕྱིར། ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་བོན། ཀུན་ལ་བསྟན་ཞིང་མཛད་པ་སྣ་ཚོགས་པས། འགྲོ་དོན་མཛད་ཅིང་བསྐལ་པར་བཞུགས་སུ་གསོལ། ། ཐེ་ཚོམ་གྱི་གཉེན་པོ་སྨོན་ལམ་འདེབས་པའི་ཡན་ལག༼མཆན༽ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། འདི་ནས་བཟུང་ནས་འབྲས་བུ་གྲུབ་གྲུབ་ཏུ། བདེ་བར་གཤེགས་པ་རྟག་ཏུ་མཆོད་པ་དང༌། འགྲོ་བ་འདྲེན་ཞིང་བསོད་ནམས་བསགས་པར་ཤོག ཅི་སྲིད་འཁོར་བ་གནས་པའི་བར་དུ་ཡང༌། ལུས་དང་ངག་དང་ཡིད་ཀྱི་སྒོ་གསུམ་ནས། མི་དགེ་བཅུ་པོ་གཏན་དུ་སྤང་བ་དང༌། དགེ་བཅུ་ཆུ་ཀླུང་རྒྱུན་བཞིན་སྤྱོད་པར་ཤོག ཆགས་པ་མེད་པའི་སྦྱིན་པ་གཏོང་བར་ཤོག འཆལ་བ་མེད་པའི་ཚུལ་ཁྲིམས་བསྲུང་བར་ཤོག བྱུང་ཚོར་མེད་པའི་བཟོད་པ་བསྒོམ་པར་ཤོག བཏང་སྙོམས་མེད་པའི་བརྩོན་འགྲུས་བརྩམ་པར་ཤོག འགྱུར་ལྡོག་མེད་པའི་བསམ་གཏན་བསྒོམ་པར་ཤོག ཉོན་མོངས་མེད་པའི་སྟོབས་ལ་གནས་པར་ཤོག རེ་དོགས་མེད་པའི་སྨོན་ལམ་འདེབས་པར་ཤོག ཉེ་རིང་མེད་པའི་སྙིང་རྗེ་སྐྱེ་བར་ཤོག འཁོར་བ་སྒྲོལ་བའི་ཐབས་ལ་མཁས་པར་ཤོག གཏི་མུག་སེལ་བའི་ཤེས་རབ་སྐྱེ་བར་ཤོག བདག་གིས་ལུས་འདི་བྱམས་པའི་མཆོག་གྱུར་ལ། ཞེ་སྡང་དབང་གིས་དམྱལ་བའི་གནས་སུ་སྐྱེ་བའི་ཚེ། ཚ་གྲང་མྱོང་བའི་སེམས་ཅན་ཐམས་ཅད་ལ། ཀུན་གྱི་སྡུག་བསྔལ་སེལ་བའི་སྨན་པར་ཤོག བདག་གི་ལུས་འདི་ཟས་སྐོམ་ཚོགས་གྱུར་ལ། འདོད་ཆགས་དབང་གིས་ཡི་དྭགས་གནས་སུ་སྐྱེ་བའི་ཚེ། བཀྲེས་སྐོམ་མྱོང་བའི་སེམས་ཅན་ཐམས་ཅད་ལ། ཡིད་བཞིན་འགྱུར་བའི་བདུད་རྩི་ཟས་སུ་ཤོག བདག་གི་ལུས་འདི་ཡེ་ཤེས་ཚོགས་གྱུར་ལ། གཏི་མུག་དབང་གིས་བྱོལ་སོང་གནས་སུ་སྐྱེ་བའི་ཚེ། རྨོངས་ཤིང་སྡུག་བསྔལ་མྱོང་བའི་སེམས་ཅན་ལ། ཡིད་བཞིན་སྐོང་བའི་ནོར་བུ་ལྟ་བུར་ཤོག གཞན་ཡང་བདག་ནི་འཆི་འཕོས་སྐྱེ་བ་ན། ན་རག་དམྱལ་བའི་གནས་སུ་སྐྱེ་བའི་ཚེ། ཚ་གྲང་ལས་སོགས་སྡུག་བསྔལ་ཀུན་བསལ་ནས། དམྱལ་བ་རྣམས་ལ་བོན་གྱི་ཆར་འབེབས་ཤིང༌།གསང་བ་ངང་རིང་ལྟ་བུའི་དབང་ཐོབ་ཤོག པྲིང་རྒྱུད་ཡི་དྭགས་གནས་སུ་སྐྱེ་བའི་ཚེ། བཀྲེས་སྐོམ་ལས་སོགས་སྡུག་བསྔལ་ཀུན་བསལ་ནས། ཡི་དྭགས་རྣམས་ལ་བོན་གྱི་ཆར་འབེབས་ཤིང༌། གསང་བ་འདུས་པ་ལྟ་བུའི་དབང་ཐོབ་ཤོག དུ་ཏི་དུད་འགྲོའི་གནས་སུ་སྐྱེ་བའི་ཚེ། བཀོལ་སྤྱོད་ལས་སོགས་སྡུག་བསྔལ་ཀུན་བསལ་ནས། བྱོལ་སོང་རྣམས་ལ་བོན་གྱི་ཆར་འབེབས་ཤིང༌། ཏིང་སངས་རང་ཞི་ལྟ་བུའི་དབང་ཐོབ་ཤོག གླིང་བཞི་མི་ཡི་གནས་སུ་སྐྱེ་བའི་ཚེ། འགྱུར་བ་ལས་སོགས་སྡུག་བསྔལ་ཀུན་བསལ་ནས། འགྲོ་བ་མི་ལ་བོན་གྱི་ཆར་འབེབས་ཤིང༌། འདོད་པ་དགུ་འགྱུར་ལྟ་བུའི་དབང་ཐོབ་ཤོག སད་མིན་ལྷ་མིན་གནས་སུ་སྐྱེ་བའི་ཚེ། འཐབ་རྩོད་ཁོང་ཁྲོའི་སྡུག་བསྔལ་ཀུན་བསལ་ནས། ལྷ་མིན་རྣམས་ལ་བོན་གྱི་ཆར་འབེབས་ཤིང༌། ལྕེ་རྒྱལ་པར་ཏི་ལྟ་བུའི་དབང་ཐོབ་ཤོག སད་ཝེར་ལྷ་ཡི་གནས་སུ་སྐྱེ་བའི་ཚེ། འདུ་བྱེད་ལྟུང་བའི་སྡུག་བསྔལ་ཀུན་བསལ་ནས། ལྷ་རྣམས་ཀུན་ལ་བོན་གྱི་ཆར་འབེབས་ཤིང༌།གསལ་བ་འོད་ལྡན་ལྟ་བུའི་དབང་ཐོབ་ཤོག གཞན་ཡང་བདག་ནི་འཆི་འཕོས་སྐྱེ་བ་ན། ཚེ་རབས་ཀུན་ཏུ་བརྫུས་ཏེ་སྐྱེ་བ་དང༌། གང་དུ་སྐྱེ་བའི་སྐྱེ་བ་དྲན་པ་དང༌། སྟོན་པའི་སྒྲོན་མ་དག་དང་འཕྲད་པར་ཤོག གང་དུ་སྐྱེ་བའི་སྐྱེ་བ་དེ་དང་དེར། འཕྲུལ་ངག་བདེན་པའི་བོན་དང་འཕྲད་ནས་ཀྱང༌། མ་རིག་རྨོངས་པའི་སེམས་ཅན་ཐམས་ཅད་ལ། འཕྲུལ་གྱི་ཡི་གེ་ལྐུགས་པ་ཁ་འབྱེད་འདི། གང་ཟག་ཤེས་པ་གསལ་ཞིང་རིག་པ་ཅན། སྐྱེས་བུ་དམ་པ་རྣམས་དང་འཕྲད་པར་ཤོག གཞན་དོན་ཚད་མེད་བཞི་བསྒོམས་གཟུགས་སྐུ་ཡིས། འགྲོ་བ་མ་ལུས་འདམ་ནས་འདྲེན་པ་དང༌། རང་དོན་དེ་བཞིན་ཉིད་བསྒོམ་བོན་སྐུ་ཡིས། འཁོར་བའི་རྒྱ་མཚོ་སྒྲོལ་བའི་བདག་པོར་ཤོག གང་ནས་སངས་རྒྱས་མཛད་པ་དཀའ་བའི་སར། ལྷ་གཤེན་བོན་གྱི་བསྟན་པ་འཛིན་པ་དང༌། འཕྲུལ་ངག་བདེན་པའི་བོན་འདི་སྟོན་པ་དང༌། འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་ཤོག གཞན་ཡང་འགྲོ་བ་ཇི་ལྟར་འདུལ་བ་ཡི། ལྷ་དང་གཤེན་རབ་རྣམས་ལ་མཆོད་བྱེད་ཅིང༌། འགྲོ་དོན་ཇི་ལྟར་འཚམས་པར་སྤྱོད་པར་ཤོག དང་པོ་འཇིག་རྟེན་བྱ་བ་ཀུན་སྤངས་ནས། མོས་པར་སྤྱོད་པའི་ས་གཞི་བརྒལ་བར་ཤོག མོས་པར་སྤྱོད་པའི་ས་གཞི་བརྒལ་ནས་ཀྱང༌། གཡུང་དྲུང་ས་བཅུ་དག་ལ་བརྒལ་བར་ཤོག གཡུང་དྲུང་ས་བཅུ་དག་ལ་བརྒལ་ནས་ཀྱང༌། བཅུ་གཅིག་ས་ལ་སྤྲུལ་པའི་སྐུ་བསྟན་ནས། འགྲོ་བ་རིགས་དྲུག་ཅི་ལ་ཅིས་འདུལ་བ། སེམས་ཅན་བསམ་པ་ཇི་ལྟར་འཐད་པ་བཞིན། སྟོན་པའི་སྒྲོན་མེ་དེ་བཞིན་བྱེད་པར་ཤོག ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་བོན། ལྷ་མི་ལས་སོགས་སེམས་ཅན་ཐམས་ཅད་ལ། སོ་སོར་རང་རང་སྒྲ་སྐད་ཅི་བཞིན་དུ། འགྲོ་བ་རྣམས་ལ་བོན་གྱི་ཆར་འབེབས་ཤོགསྟོན་པ་གཏོ་རྒྱལ་སྔ་རབས་འདས་པ་ཡིས། ཇི་ལྟར་འགྲོ་དོན་མཛད་ཅིང་མཐར་ཕྱིན་ཏེ། འགྲོ་བ་རྣམས་ལ་བོན་གྱི་ཆར་འབེབས་བཞིན། བདག་ཀྱང་དེ་དང་འདྲ་བའི་སྟོན་པར་ཤོག དུས་གསུམ་བདེ་བར་གཤེག་པས་འགྲོ་དོན་དུ། འཕྲིན་ལས་མཛད་ཅིང་འགྲོ་བའི་དོན་མཛད་ལྟར། བདག་ཀྱང་དཀའ་བ་རྣམ་པ་སྣ་ཚོགས་ཀྱིས། འགྲོ་དོན་མཛད་ཅིང་ཐར་པ་བསྒྲུབ་པར་ཤོག དེ་ལྟར་མ་གྱུར་བར་གྱི་ཚེ་རབས་སུ། སྡིག་པ་མི་དགེའི་ལས་ལས་རབ་ཐར་ནས། དགེ་བ་དག་ལ་རབ་ཏུ་སྤྱོད་པ་དང༌། ཉིན་མཚན་ཀུན་ཏུ་བསོད་ནམས་ཚོགས་གསོག་ཤོག འཇིག་རྟེན་འདི་དང་གཞན་རྣམས་ཐམས་ཅད་དུ། ངན་སོང་གསུམ་གྱི་སྒྲ་ཡང་མིང་མེད་དེ། འགྲོ་དྲུག་སེམས་ཅན་མ་ལུས་ཐམས་ཅད་ཀུན། ཐར་པ་བདེ་བའི་གནས་སུ་ཕྱིན་པར་ཤོག བདག་ནི་ཚེ་འཕོས་ལུས་བརྗེས་གྱུར་པའི་ཚེ། ཉོན་མོངས་སྒྲིབ་པའི་དྲི་མ་ཀུན་བསལ་ནས། སྟོན་པ་གཤེན་ལྷ་འོད་དཀར་ཞལ་མཐོང་སྟེ། །ཐར་པ་བདེ་བའི་ལུང་རྣམས་སྟོན་པར་ཤོག ། དེ་ལྟར་ལམ་བསྟན་འགྲོ་བའི་གནས་སྟོན་ནས། ཡེ་ཤེས་འོད་ཀྱིས་འགྲོ་བའི་ཤུལ་མཚོན་ཏེ། ཏིང་འཛིན་ཟབ་མོས་འགྲོ་བའི་རྟ་བྱས་ནས། བགྲོད་པ་མེད་པའི་གནས་སུ་ཕྱིན་པར་ཤོག མདོར་ན་ངན་སོང་གསུམ་པོ་མིང་མེད་དེ། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། ཐར་པའི་ལམ་ཐོབ་མངོན་པར་སངས་རྒྱས་ནས། ཡེ་ཤེས་ཆེན་པོ་བླ་མེད་ས་ཐོབ་ཤོག ། ཆགས་སྡང་གི་གཉེན་པོ་བསྔོ་བའི་ཡན་ལག༼མཆན༽ བདེ་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་ཕུལ་དང༌། བཤགས་དང་སྡོམ་དང་གསོལ་བ་བཏབ་པ་དང༌། སྨོན་ལམ་བཏབ་པའི་དགེ་བ་ཅི་བགྱིས་པ། འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། བདག་ཀྱང་དེ་བཞིན་དམིགས་པ་མེད་པར་བསྔོ། །

སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང་། དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག སངས་རྒྱས་བསྟན་པ་རབ་དར་ནས། སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། དུས་རྣམ་རྟག་ཏུ་བཀྲ་ཤིས་ཤོག སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག


དེ་ནས་གཤེན་རབ་གཏོ་བུ་འབུམ་སྲས་ཀྱིས། རྒྱན་དང་ཆ་ལུགས་མཛེས་པར་བྱས་ནས། མེ་ཏོག་གཏོར་ཞིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། སྲིད་གསུམ་སྟོན་པ་གཤེན་རབ་མི་བོ་ལགས། མདོ་འདིའི་མིང་དང་མཚན་ཉིད་ཇི་ལྟ་བུ། བཏོན་དང་བཟུང་དང་བཅངས་པའི་ཡོན་ཏན་གང༌། འདི་ལ་བཀུར་སྟི་རིམ་གྲོའི་བསོད་ནམས་གང༌། འདི་ལ་རྗེས་ཞུགས་བསྒྲུབ་པའི་བསོད་ནམས་གང༌། སྟོན་པ་ཐུགས་རྗེ་ཆེན་པོས་བཤད་དུ་གསོལ། དེ་ནས་གཤེན་རབ་མི་བོས་བཀའ་སྩལ་པ། གཏོ་བུ་འབུམ་སྲས་གཤེན་གྱི་བུ་ཁྱོད་ལ། སྟོན་པར་བྱ་ཡི་གུས་པའི་ཚུལ་གྱིས་ཉོན། མདོ་འདིའི་མིང་ནི་ཡན་ལག་བརྒྱད་པའི་མདོ། གདམས་ངག་དམ་པ་བསྒྲུབ་པའི་གཞུང་ཆེན་པོ། འདི་ནི་རྗེས་སུ་བསྒྲུབ་ཅིང་ཡི་དམ་དུ་འདོན་ན། བོན་གྱི་སྒྲ་བསྒྲགས་བོན་གྱི་སྦྱིན་པའི་མཆོགདགའ་དང་སེམས་ཀྱི་ཕྱག་བྱས་ལས་སོགས་ཏེ། སྨོན་ལམ་དམ་པ་འདི་དག་འདེབས་པ་ལ། གང་ཞིག་སྐད་ཅིག་དེ་ལ་རབ་མོས་ན། སྟོང་གསུམ་སེམས་ཅན་མ་ལུས་ཐམས་ཅད་ལ། ཟས་སྐོམ་ཚིམ་བྱས་དེ་ལ་ཆར་མི་ཉེ། གང་ཞིག་དད་པའི་སེམས་ཀྱིས་འཛིན་བྱེད་པ། དུས་གསུམ་གཤེན་རབ་མ་ལུས་ཐམས་ཅད་ལ། ཞབས་ནས་གཏེགས་པའི་མཆོད་པ་བྱས་དང་འདྲ། གང་ཞིག་དད་པས་འདི་ལ་འབྲི་བྱེད་ན། ཡི་གེ་འབྲུ་རེས་བསྐལ་པའི་གྲངས་སྙེད་དུ། འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ལུས་འཐོབ་ནས། འགྲོ་བ་རྣམས་ལ་ཇི་ལྟར་འཚམས་པར་འདུལ། གང་ཞིག་དད་པས་འདི་ལ་བཀུར་སྟི་བྱེད། སྐད་ཅིག་ཙམ་ལ་དེ་ཡི་བསོད་ནམས་དཔག་མེད་དེ། བསྐལ་པ་ཞིང་གི་རྡུལ་སྙེད་བསྒྲགས་པར་ཡང༌། གཤེན་རབ་ཞལ་མཐོང་ངན་སོང་གནས་ནས་དཔགརིམ་གྲོ་ཕུད་དུད་བྱས་པའི་བསོད་ནམས་ལ། དད་པས་སེམས་ཀྱིས་མདོ་འདི་གནས་པའི་སར།གོམ་ཅིག་བོར་ཞིང་སྐད་ཅིག་སེམས་དང་ནི༌། ཁམས་གསུམ་གང་བའི་སེམས་ཅན་ཐམས་ཅད་ལ། སྲོག་སྦྱིན་དགའ་བར་བྱས་པས་ཆར་མི་ཉེ། གང་ཞིག་མདོ་འདི་ཤེས་ནས་བསྒྲུབ་བྱེད་ན། ངན་སོང་གསུམ་པོ་གཏན་ནས་སྤངས་བ་དང༌། འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས་པར་འགྱུར། མཐའ་འཁོབ་གླིང་དགུ་རྣ་བས་ཐོས་མི་འགྱུར། བདུད་ཀྱིས་མི་བསླུ་གྲོགས་ངན་གཏན་ནས་སྤངས། གཤེན་ལྷ་འོད་དཀར་ཞལ་ཡང་མྱུར་མཐོང་འགྱུར། གང་དུ་སྐྱེས་བར་བསོད་ནམས་ལོངས་སྤྱོད་རྒྱས། འགྲོ་བ་འདྲེན་པའི་སྟོན་པ་མྱུར་འཐོབ་འགྱུར། གང་གིས་ཡིད་བཞིན་ནོར་བུས་སེམས་ཅན་གྱི། དགོས་འདོད་རེ་བ་ཡིད་བཞིན་བསྐངས་བྱས་ལས། གང་གིས་ཡན་ལག་བརྒྱད་པ་འདི་བརྗོད་ན། དེ་ཉིད་བསོད་ནམས་ཆེ་བར་འདི་བརྗོད་འགྱུར། གང་དུ་སྐྱེ་བ་བླངས་པ་དེ་དང་དེར། ཉོན་མོངས་དབང་གིས་ལེན་པར་མི་འགྱུར་ཏེ། ཐུགས་རྗེ་སེམས་ཅན་རྣམས་ལ་འཚམས་པར་སྟོན། ཁམས་གསུམ་ཉེས་པས་གོས་པར་མི་འགྱུར་ཏེ།པདྨ་འདམ་ནས་སྐྱེས་པ་ཇི་བཞིན་འགྱུར། གཞན་ཡང་འདི་ཡི་ཡོན་ཏན་བསམ་དཔག་དཀའ། གཤེན་རབ་སྒམ་པོས་བསྒོམས་པས་དཔོགས་དཀའ་ན། གང་ཟག་སྒྲིན་པོས་དཔོགས་པར་ག་ལ་འགྱུར། འདི་ཡི་དོན་འདི་གང་གིས་སྒྲུབས་བྱས་ན། གཤེན་རབ་གྲལ་ཐོབ་སངས་རྒྱས་གདོན་མི་ཟ། གཞན་ཡང་ཡོན་ཏན་རྣམ་གྲངས་འདི་ལྟ་སྟེ། བཏང་པས་ངག་སྙན་བཟུང་བས་ལོངས་སྤྱོད་འཕེལ། བྲིས་པས་ལག་བཟོ་བཀུར་བསྟི་དབང་ཕྱུག་ཐོབ། རིམ་གྲོ་ཕུད་དུད་བྱས་པས་གཟུགས་བཟང་དགོངས་པ་འགྲུབ། འདི་ཡི་དོན་བསྒྲུབ་འབྲས་བུ་ཐར་པ་ཐོབ། གང་ཞིག་དད་པས་འདི་ལ་འབྲི་པ་དང༌། ཀློག་དང་འཆང་དང་ལས་སོགས་སུས་བྱས་པ། འདི་དང་ཕ་རོལ་གཉིས་ཀར་དགོས་པའི་དོན། འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད། གང་གིས་འདི་ལ་བཀུར་བསྟི་མ་མོས་ན། སྐད་ཅིག་དེ་ལ་ན་རག་རྒྱུ་བསགས་ཏེ། ཁ་འཚིག་རྙིང་བྲུས་ངན་སོང་གནས་སུ་ལྟུང༌། དེ་ཕྱིར་ཤེས་རབ་ལྡན་པ་འགའ་ལ་བསྟན་པར་བྱ།སྟོན་པ་གཤེན་རབ་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང༌། གཏོ་བུ་འབུམ་སྲས་ལས་སོགས་པའི་འཁོར་དེ་དག་དགའ་མགུ་ཡི་རང་པར་གྱུར་ཏེ། སྟོན་པ་ལ་ལན་གསུམ་བསྐོར་བ་བྱས་ནས་བསྟོད་དེ། ཕྱིར་མི་སྡོག་པའི་ས་ནོན་པར་གྱུར་ཏོ། སྲིད་པའི་ཐོ་བ་འཇོམས་མཛད་གཤེན་རབ་ལགས། མ་རིག་རྨོངས་པའི་འཁོར་བའི་སེམས་ཅན་དང༌། བདག་ཅག་འཁོར་དུ་གཏོགས་པ་རྣམས་འདུས་ལ། ཐུགས་ཀྱི་དཀྱིལ་ན་མན་ངག་གཏེར་ཕྱུངས་ནས། མན་ངག་ཉིང་ཁུ་སྙིང་པོ་འདི་བསྟན་པས། འཁོར་བ་དོང་སྤྲུགས་ན་རག་སྒོ་གཅོད་འདི། ཕྱི་རབས་རྣམས་ཀྱིས་འབྲས་བུ་བསྒྲུབ་པའི་མཆོགཡང་དག་དོན་སྟོན་མཛད་པ་བཀའ་དྲིན་ཆེ། ཞེས་གུས་པ་དང་བཅས་པས་ཞུས་སོ། བོན་ཡན་ལག་བརྒྱད་པ་རིན་པོ་ཆེ་ལྟ་བུའི་མདོ་རྫོགས་སོ། །ཞེས་ལྡེ་གྱིམ་ཚ་རྨ་ཆུང་གིས་གཙང་གི་ནུ་མའི་བྲག་ལ་སྦས་སོ། ཕྱིས་ཁྱེའུ་གཉེན་ཐིང་གིས་གཏེར་ཞལ་ཕྱེས་ཏེ་འཕེལ་བའོ། དགེའོ། །ྋ གང་གིས་བོན་འདི་ཐོས་པ་ཡིས། སྲིད་གསུམ་སེམས་ཅན་བདེ་བྱེད་ཤོགགང་ཞིག་འདི་ལ་དད་པ་ཡིས། འཇིག་རྟེན་འདི་དང་ཕ་རོལ་ཏུ། བདེ་བ་ཆེན་པོ་ཐོབ་གྱུར་ཅིགལྐུགས་པ་ཁ་འབྱེད་འཕྲུལ་དུམ་འདི། འཛིན་པ་དགའ་ཞིང་བརྗོད་པས་ནི། འདམ་ནས་པདྨ་ཇི་བཞིན་དུ། ཉེས་པའི་སྐྱོན་གྱིས་མ་གོས་ཤིང༌། ལེགས་པའི་ཡོན་ཏན་ཐོབ་པར་འགྱུར། དེ་ཕྱིར་བཀུར་ཞིང་ཕུད་དུད་དུ་བྱའོ། སྟོན་པ་གཤེན་རབ་མི་བོ་ཡིས། དེ་སྐད་ཅེས་དགྱེས་པ་ཆེན་པོ་བསྐྱེད་དེ་གསུངས་སོ། འཁོར་དེ་དག་ཀྱང་རྗེས་སུ་ཡི་རང༌། དད་པ་ཅན་གྱི་ཡི་དམ་དུ་འདོན་པ། དགོངས་པ་གསལ་བ་རྣམས་ལ་བསྟན་པ་ལས། ཀུན་ལ་བསྟན་ན་སྐུར་པ་འདེབས་ཞེས་བྱ། མཁས་པའི་གདམས་ངག་ཞང་ཞུང་ཡུལ་ནས། ཞང་ཞུང་ཕུགས་པའི་ལུགས། རྒྱལ་པོ་སླེ་ཏྲ་གུ་གེའི་ཐུགས་དམ། དེ་ལས་བོན་ལེན་མི་གསུམ་བཏང་བས། བོད་ཡུལ་དུ་བོན་སྤྱོད་དུ་མ་སྟེར། གཏེར་དུ་སྦས་སོ། །དུས་ཀྱི་མཐའ་ལ་རབ་ཏུ་དར་དུས་ཤིགམ་འོངས་པའི་དུས་དེར་གང་ཟག་ཤེས་པ་གསལ་བ། གཤེན་རབ་ཀྱི་བསྟན་པ་ལ་མོས་པ་ཞིག་དེ་དང་འཕྲད་པར་ཤོགཅེས་སྨོན་ལམ་རྣམ་པར་དག་པའི་རྒྱས་གདབ་བོ། །མཇུག་གི་ཡིག་ཆུང་དཔེ་གཉིས་ལ་མི་འདུག་སྟེ་དཔེ་གཅིག་ལ་བཞུགས་འདུག་པས་བྲིས་ཏེ་གཟིགས་དཔྱད་ཞུ། ། གསུམ་སེམས་ཅན་བདེ་བྱེད་ཤོགགང་ཞིག་འདི་ལ་དད་པ་ཡིས། འཇིག་རྟེན་འདི་དང་ཕ་རོལ་ཏུ། བདེ་བ་ཆེན་པོ་ཐོབ་གྱུར་ཅིགལྐུགས་པ་ཁ་འབྱེད་འཕྲུལ་དུམ་འདི། འཛིན་པ་དགའ་ཞིང་བརྗོད་པས་ནི། འདམ་ནས་པདྨ་ཇི་བཞིན་དུ། ཉེས་པའི་སྐྱོན་གྱིས་མ་གོས་ཤིང༌། ལེགས་པའི་ཡོན་ཏན་ཐོབ་པར་འགྱུར། དེ་ཕྱིར་བཀུར་ཞིང་ཕུད་དུད་དུ་བྱའོ། སྟོན་པ་གཤེན་རབ་མི་བོ་ཡིས། དེ་སྐད་ཅེས་དགྱེས་པ་ཆེན་པོ་བསྐྱེད་དེ་གསུངས་སོ། འཁོར་དེ་དག་ཀྱང་རྗེས་སུ་ཡི་རང༌། དད་པ་ཅན་གྱི་ཡི་དམ་དུ་འདོན་པ། དགོངས་པ་གསལ་བ་རྣམས་ལ་བསྟན་པ་ལས། ཀུན་ལ་བསྟན་ན་སྐུར་པ་འདེབས་ཞེས་བྱ། མཁས་པའི་གདམས་ངག་ཞང་ཞུང་ཡུལ་ནས། ཞང་ཞུང་ཕུགས་པའི་ལུགས། རྒྱལ་པོ་སླེ་ཏྲ་གུ་གེའི་ཐུགས་དམ། དེ་ལས་བོན་ལེན་མི་གསུམ་བཏང་བས། བོད་ཡུལ་དུ་བོན་སྤྱོད་དུ་མ་སྟེར། གཏེར་དུ་སྦས་སོ། །དུས་ཀྱི་མཐའ་ལ་རབ་ཏུ་དར་དུས་ཤིགམ་འོངས་པའི་དུས་དེར་གང་ཟག་ཤེས་པ་གསལ་བ། གཤེན་རབ་ཀྱི་བསྟན་པ་ལ་མོས་པ་ཞིག་དེ་དང་འཕྲད་པར་ཤོག ཅེས་སྨོན་ལམ་རྣམ་པར་དག་པའི་རྒྱས་གདབ་བོ། མཇུག་གི་ཡིག་ཆུང་དཔེ་གཉིས་ལ་མི་འདུག་སྟེ་དཔེ་གཅིག་ལ་བཞུགས་འདུག་པས་བྲིས་ཏེ་གཟིགས་དཔྱད་ཞུ།