Jump to content

ལྷག་བཅས་དང་ལྷག་མེད་མྱང་འདས་

ཡོང་ཁུངས་Wikipedia

ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ལའང་ཐལ་འགྱུར་བའི་ཐུན་མོང་མིན་པའི་བཞེད་ཚུལ་ཡོད་དེ། དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་ཉོན་མོངས་སྤངས་པའི་མྱང་འདས་གཞིར་བྱས་པ་ལ་ཟག་བཅས་ཀྱི་ཕུང་པོའི་རྒྱུན་མ་ལོག་པ་དང་ལོག་པ་ཙམ་ལ་རིམ་བཞིན་ལྷག་བཅས་དང་ལྷག་མེད་དུ་བྱེད་ཅིང། ལུགས་འདིར་ནི་ཉོན་མོངས་སྤངས་པ་གཞིར་བྱས་པ་ལ་བདེན་སྣང་གི་ལྷག་མ་ཡོད་པ་དང་མེད་པ་ལ་རིམ་བཞིན་ལྷག་བཅས་དང་ལྷག་མེད་དུ་གསུངས་ཏེ། ཉོན་མོངས་ས་བོན་དངབཅས་པ་སྤངས་པ་ན་མྱང་འདས་ཐོབ་ལ་དེ་ཡང་ཉོན་མོངས་ཟད་ཀྱང་དེའི་བག་ཆགས་ཀྱི་འཁྲུལ་བའི་ལྷག་མ་དང་བཅས་པ་ནི་ལྷག་བཅས་མྱང་འདས་དང། འཁྲུལ་བའི་ལྷག་མ་མེད་པའི་མྱང་འདས་ནི་ལྷག་མེད་མྱང་འདས་ཡིན། དེའི་དབང་གིས་ཐོབ་པའི་ཚེ་ཡང་ལྷག་མེད་སྔོན་ལ་ཐོབ་ཅིང། དེའི་རྗེས་སུ་ལྷག་བཅས་མྱང་འདས་ཐོབ་པར་གསུངས་ཏེ། ལྷག་མེད་མྱང་འདས་ནི་ཉན་རང་དགྲ་བཅོམ་མཉམ་བཞག་པའི་རྒྱུད་ཀྱི་བདག་འཛིན་གཉིས་ས་བོན་དང་བཅས་པ་སྤངས་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་དང། ལྷག་བཅས་མྱང་འདས་ནི་ཉན་རང་དགྲ་བཅོམ་རྗེས་ཐོབ་པའི་རྒྱུད་ཀྱི་དེ་འདྲ་བའི་དེ་བཞིན་ཉིད་ལ་བྱེད་པའི་ཕྱིར་རོ། ཐེག་བསྡུས་ལས། མི་ཞིག་མིག་ནི་བཙུམ་པ་ལྟར། །རྣམ་རྟོག་མེད་པའི་ཤེས་དེ་འདྲ། །ཞེས་མཉམ་བཞག་སྣང་མེད་པ་དང། དེ་ཉིད་མིག་ནི་ཕྱེ་བ་ལྟར། །དེ་རྗེས་ཐོབ་པའི་ཤེས་དེ་འདྲ། །ཞེས་གསུངས་པ་ལྟར་རོ།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།