ལྷ་རྗེ་འཚོ་བྱེད་གཞོན་ནུ
མཐོང་རིས་
སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷ་རྗེའམ་བླ་སྨན།
འཚོ་བྱེད་གཞོན་ནུ(JIYAKA)ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས། རྒྱ་གར་འཕགས་ཡུལ་ན་ཆེས་སྙན་གྲགས་ཆེ་བའི་ལྷ་རྗེ་ཞིག་ཡིན། ཁོང་གི་ཨ་མ་ནི་སྨད་འཚོང་མ་ཞིག་ཡིན་པར་བརྟེན་ཁོང་སྐྱེས་མ་ཐག་ཤིང་གི་སྒམ་ཐིག་ཏུ་བཅུག་སྟེ་ལམ་ཟུར་གྱི་གད་སྙིགས་ཕུང་པོ་ཞིག་ཏུ་གཡུག དེའི་ཞོགས་པ་དེར་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་འཇིགས་མེད། (PRINCE-ABHAYA)ཞུ་བ་ཁོང་ལམ་མདོ་དེ་བརྒྱུད་ནས་ཕོ་བྲང་དུ་ཕེབས་སྐབས་མ་ཤི་གསོན་པོར་ཡོད་པའི་ཕྲུ་གུ་དེ་རྙེད་སོན་བྱུང་བས། ཁོང་གིས་སྙིང་རྗེས་ཀུན་ནས་བསླངས་ཏེ་ཕྲུ་གུ་དེ་རང་གི་གསོས་ཕྲུག་ཏུ་གཅེས་ཉར་གྱིས་འཚར་ལོངས་གསོ་སྐྱོང་གནང་།
འཚོ་བྱེད་གཞོན་ནུ་ནར་སོན་པ་ན་མཚན་སྙན་རབ་ཏུ་འབར་བའི་སློབ་དཔོན་ཞིག་གི་ཞབས་ལ་གཏུགས་ཏེ་ལོ་ངོ་བདུན་ཙམ་གྱི་རིང་གསོ་རིག་གི་གཞུང་ལུགས་ལ་སྦྱངས་པ་བྱས་པས། རིང་པོར་མ་ཐོགས་པར་ཁོང་གི་གཤག་བཅོས་རྨ་ལས་དང་གསོ་དཔྱད་ཀྱི་ལག་རྩལ་སོགས་ཕུལ་དུ་བྱུང་བས་སྙན་པ་དཀར་པོ་ཡུལ་གྲུ་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དུས་དེ་ནས་བཟུང་རྒྱལ་པོ་གཟུགས་ཅན་སྙིང་པོས་གཙོས་རྒྱལ་པོ་དང་རྒྱལ་སྲས་རྣམས་ཀྱིས། འཚོ་བྱེད་གཞོན་ནུ་ཁོང་ཚོའི་མདུན་དུ་བཀུག་སྟེ་ཁོང་གི་གམ་ནས་གསོ་ཐབས་སྨན་བཅོས་གནང་གི་ཡོད། དེ་བཞིན་ལྷ་རྗེ་ཁོང་གནད་ཡོད་ཀྱི་མི་སྣ་གལ་ཆེན་ཚང་མའི་མདུན་དུ་བཅར་ཏེ་གསོ་ཐབས་སྨན་བཅོས་ཀྱི་སྲི་ཞུ་འབུལ་བཞིན་ཡོད་པ་མ་ཟད། ཁོང་ཉིན་རེར་ཐེངས་གསུམ་གྱི་བར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས་གསོ་ཐབས་སྨན་བཅོས་ཞུ་རྒྱུའི་གོ་སྐབས་ཀྱང་ཐོབ་ཀྱི་ཡོད་པས། ཁོའི་སེམས་ཀྱི་བདེ་སྐྱིད་ཆེ་ཤོས་སྐབས་དེ་དུས་ཐོབ་ཀྱི་ཡོད།
དེ་སྔོན་ལྷས་བྱིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་བྲག་རྡོ་འཕང་སྟེ་དེའི་ཆ་ཤས་ཀྱིས་ཁོང་གི་ཞབས་ལ་རྨས་སྐྱོན་ཕོག་སྐབས་ཀྱང་། འཚོ་བྱེད་གཞོན་ནུས་གསོ་ཐབས་སྨན་བཅོས་ཞུས་ཏེ་ཁོང་གི་སྙུང་གཞི་གདངས་སྐྱེད་བྱུང་།
འཚོ་བྱེད་གཞོན་ནུས་རང་གི་ཉེ་འཁྲིས་སུ་དགོན་པ་ཞིག་ཡོད་ན་དགེ་མཚན་དང་ཕན་ཐོགས་ཆེན་པོ་འདུག་སྙམ་སྟེ། རང་གི་ཨ་མྲའི་ཚལ་དུ་གཙུག་ལག་ཁང་ཞིག་བཞེངས་སྐྲུན་བྱས་ནས་བཅོམ་ལྡན་འདས་འཁོར་ཉན་ཐོས་དང་བཅས་པ་དེར་གདན་འདྲེན་ཞུས་ཤིང་། གཙུག་ལག་ཁང་དེ་ཉིད་སངས་རྒྱས་ལ་ཕུལ་ནས་བསོད་སྙོམས་གྱ་ནོམ་པ་སྦྱར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་དབུ་འབྱེད་མཛད་སྒོའི་བྱིན་རླབས་གནང་སྟེ་གསུང་གི་གདམས་པ་གནང་བས། འཚོ་བྱེད་གཞོན་ནུས་རྒྱུན་དུ་ཞུགས་པའི་གོ་འཕང་ཐོབ།
ཕྱིས་སུ་རྒྱལ་པོ་མ་སྐྱེས་དགྲས་འཚོ་བྱེད་གཞོན་ནུ་ལ། ངས་ཆོས་ཀྱི་བགྲོ་གླེང་བྱེད་པར་འདོད་པས་སུ་ཞིག་གི་ཞབས་ལ་གཏུགས་ན་ལེགས། ཞེས་བཀའ་འདྲི་ཞུས་པར། ཁོང་གིས་རྒྱལ་པོ་མ་སྐྱེས་དགྲ་སངས་རྒྱས་བཅོམ་ལྡན་འདས་ལ་མཇལ་དུ་ཁྲིད། སྤྱིར་ན་རྒྱལ་པོ་མ་སྐྱེས་དགྲས་ལྷས་བྱིན་གྱི་མ་རུངས་པའི་སློབ་སྟོན་འོག་རང་གི་ཡབ་ཆེན་ཡང་བཀྲོངས་མྱོང་ནའང་། ཕྱིས་སུ་ཁོང་ཁྱིམ་པའི་གྲས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་མ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་པར་མ་ཟད། བཀའ་བསྡུ་དང་པོའི་སྐབས་སུ་བླ་ན་མེད་པའི་བྱས་རྗེས་ཀྱང་བཞག་གོ །