ལྷ་བླ་མ་ཡེ་ཤེས་འོད

ཡོང་ཁུངས་Wikipedia

འདི་ཉིད་ཀྱི་ཡབ་མངའ་རིས་གུ་གེའི་རྒྱལ་པོ་བཀྲ་ཤིས་མགོན་གྱི་སྲས་ཆེ་ཆུང་གཉིས་ཀྱི་ཆུང་བ་ཡིན། ཐོག་མར་ཆུང་དུས་ཀྱི་མཚན་ལ་སྲོང་ངེ་ཟེར། རྗེས་སུ་རྒྱལ་པོ་བྱས་པའི་མཚན་ལ་ཁྲི་ལྡེ་སྲོང་གཙུག་བཙན་ཟེར། རྗེ་འདི་ཉིད་བོད་ཤིང་གླང(༩༦༤)ལོར་སྐུ་འཁྲུངས་ཤིང། སྐུ་ཚེའི་སྟོད་ལ་ཁབ་བཞེས་ཏེ་སྲས་ནཱ་ག་རཱ་ཛ་དང་དྷེ་ཝ་རཱ་ཛ་གཉིས་འཁྲུངས། ཕྱིས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་ནས་རབ་ཏུ་བྱུང་བས་མཚན་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། ཡེ་ཤེས་འོད་ཀྱིས་མེ་སྤྲེལ(༩༩༦)ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། དེ་རྗེས་རིན་ཆེན་བཟང་པོ་ལ་སོགས་པའི་ཁྱེའུ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར(ཁ་ཆེའི་ཡུལ་ཞེས་པའང་སྣང)དུ་གསེར་མང་པོ་བསྐུར་ཏེ་ཆོས་སློབ་ཏུ་བཏང་བའི་ནང་ནས་བཅུ་དགུ་རྒྱ་གར་དུ་ཚད་པས་གྲོངས། ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེསརབ་གཉིས་ཀྱིས་མདོ་སྔགས་ཀྱི་ཆོས་མང་པོ་བསླབས་ཏེ་བོད་དུ་ཕེབས་ནས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ། ལྷ་བླ་མས་ཀྱང་རྒྱ་གར་ནས་པཎྜི་ཏ་ཁ་ཤས་སྤྱན་དྲངས་ཏེ་བོད་དུ་བཞུགས་པའི་མདོ་རྒྱུད་དགོངས་འགྲེལ་གསུང་རབ་ཁག་ལ་དག་ཐེར་དང། ཁ་ཤས་གསར་དུ་བསྒྱུར། བསྒྱུར་ཟིན་པ་རྣམས་དག་བཅོས་དང་བཅས་འཆད་ཉན་གྱིས་གཏན་ལ་དབབ་པ་སོགས་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ཕྱིར་འབད་བརྩོན་ཆེན་པོ་མཛད། ཁྱད་པར་དུ་སྐུ་ཚེ་སྨད་ལ་ཇོ་བོ་ཆེན་པོ་བོད་དུ་སྤྱན་འདྲེན་པའི་ཐུགས་འདུན་དྲག་པོས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་ལ་གསེར་རྟེན་མང་པོ་བསྐུར་ཏེ་བོད་ཕྲུག་བཅུ་གཅིག་གི་གྲོགས་དང་བཅས་རྒྱ་གར་ནས་ཇོ་བོ་གདན་འདྲེན་གྱི་ཞུ་འཕྲིན་གསེར་རྟེན་དང་བཅས་ཕོ་ཉ་མངགས་ཀྱང་ཇོ་བོ་ཆེན་པོས་ཞལ་བཞེས་མ་མཛད་རྐྱེན་སྐབས་དེར་བོད་དུ་སྤྱན་འདྲེན་མ་ཐུབ། དེའི་རྐྱེན་ལ་བརྟེན་ནས་སླར་ཡང་ཇོ་བོ་སྤྱན་འདྲེན་གཉིས་པ་ཞུ་རྒྱུའི་ཐུགས་འདུན་རྩེ་གཅིག་གི་ངང་དེར། རྒྱལ་སྲིད་ནི་གཅུང་པོར་གཏད་ཟིན་སྟབས། སྐུ་ངོ་མས་གསེར་འཚོལ་བར་ཕེབས་སྐབས་གར་ལོག་དང་འཐབ་པའི་དམག་དཔོན་དུ་བྱོན་པས་གཡུལ་ངོར་ཕམ་སྟེ་བཙོན་ཁང་དུ་ཤོར། གཅུང་པོས་ཁུ་བོའི་སྐུ་སྲོག་བླུ་བར་ཕེབས་སྐབས་གར་ལོག་ནས་ལུས་ཀྱི་ལྗིད་ཚད་དང་མཉམ་པའི་གསེར་བྱུང་ན་ཕྱིར་གཏོང་ཟེར་བ་སོགས་མནར་གཅོད་ལ་བརྟེན་ནས་དབོན་སྲས་རྣམས་ཀྱིས་གསེར་མང་དུ་བཙལ་བས་སྐུ་ལུས་ཙམ་གྱི་གསེར་འབྱོར་ཡང་དབུའི་ལྗིད་ཙམ་མ་ལོང་པས་འགོར་ཡུན་རིང་སྟབས། བཙོན་ཁང་གི་སྒོ་འགྲམ་དུ་ཁུ་བོ་ལྷ་བཙུན་གྱི་ཞལ་མཇལ་ཙམ་བྱུང་དུས་ཁུ་བོའི་བཀའ་སློབ་ལ་ད་ནི་ཁོ་བོ་ན་ཚོད་མཐོ་བའི་ཁར་ལུས་ཀྱི་རྩ་སྒོ་ཐམས་ཅད་གར་ལོག་ནས་མེར་བསྲེགས་ཟིན་པས་བཙོན་ཁང་འདི་ནས་ཐོན་ཀྱང་བསྟན་འགྲོའི་དོན་ཡོང་བ་ནི་ཤིན་ཏུ་དཀའ། ཁྱེད་ཚོས་གསེར་འཚོལ་བ་རྣམས་ཆ་རྐྱེན་བྱས་ཏེ་ཇོ་བོ་ཆེན་པོ་ངེས་པར་གདན་འདྲེན་ཐུབ་པ་གྱིས་ཞེས་གསུངས་ཏེ་རིང་པོར་མ་ལོན་པར་བཙོན་ཁང་ནང་སེམས་བརྐྱེད་རླབས་པོ་ཆེའི་ཐུགས་སྨོན་མཚམས་སྦྱོར་དང་བཅས་དགུང་ལོ་བདུན་ཅུ་ཡས་མེས་ལ་སྐུ་གཤེགས། རྗེས་སུ་ཚ་བོ་ལྷ་བཙུནབྱང་ཆུབ་འོད་ནས་སྐུ་གདུང་དེ་ཐོག་མར་མཐོ་ལྡིང་གསེར་ཁང་གི་ལྷ་ཁང་དུ་གདན་དྲངས་ནས་གདུང་རྟེན་དང་བཅས་ཏེ་བཞུགས་སྐབས་ཐུགས་སྨོན་མཚམས་སྦྱོར་དང་རབ་གནས་མང་པོ་མཛད། རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་དུས་གོར་བོད་སྡེ་གཟར་སྐབས་གོར་ཥས་བོད་ལ་བཙན་འཛུལ་བྱས་ཏེ་དགོན་པ་ལྷ་ཁང་མང་པོ་གཏོར་ནས་སྐུ་གདུང་འདི་ཡང་རྫོང་དགའ་ཆོས་སྡེ་ནས་གྱར་སྟབས་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་རྩེ་ཕོ་བྲང་དུ་གདན་དྲངས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་གསེར་གདུང་བཀྲ་ཤིས་འོད་འབར་གྱི་གཡས་ཕྱོགས་སུ་བཞུགས་སུ་གསོལ། སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྐུ་གདུང་དེར་དངུལ་གདུང་ལ་གསེར་སྦྱང་གི་སྒོ་ཁྱིམ་ཅན་གསར་སྐྲུན་ཉམས་གསོ་གནང་ནས་ད་ལྟ་ཡང་ཕོ་བྲང་པོ་ཏ་ལར་བཞུགས། འདིའི་ལོ་རྒྱུས་ཞིབ་པ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི《མངའ་རིས་ཆོས་བྱུང》ལས་གསལ།

གཞན་ཡང[རྩོམ་སྒྲིག]

ནང་དོན་གནད་བསྡུས།རྩོམ་ཡིག་འདིར་རྩོམ་པ་པོས་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་<<ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་>>དང་དེ་མིན་མངའ་རིས་རྒྱལ་རབས་སྐོར་གྱི་དཔྱད་ཡིག་གསར་བ་འགའ་ཞིག་ལ་བརྟེན་ནས་དངོས་ཐོག་བདེན་འཚོལ་གྱིས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཆབ་སྲིད་བསམ་བློའི་སྐོར་ལ་དབྱེ་ཞིབ་ཕྲན་ཙམ་བྱས་ཡོད་པ་དང་།ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཆབ་སྲིད་བསམ་བློ་ལས་བྱུང་བའི་ཉམས་མྱོང་བསླབ་བྱ་དེ་ལ་དེང་སྐབས་ང་ཚོས་བསྐྱར་དུ་བསམ་ཞིབ་གཏོང་དགོས་པའི་སྐོར་བསྟན་ཡོད། ལྷ་བླ་མ་ཡེ་ཤེས་འོད་ནི་བཙན་པོའི་རྒྱལ་རྒྱུད་ཁྲོད་བྱུང་བའི་བོད་སིལ་བུར་འཐོར་བའི་སྐབས་ཀྱི་སྐད་གྲགས་ཆེ་བའི་ལོ་རྒྱུས་མི་སྣ་ཞིག་ཡིན་པས།བོད་ཀྱི་ཆོས་འབྱུང་ལོ་རྒྱུས་བསྟན་བཅོས་ཁག་ཏུ་ཁོང་གི་ཆོས་ཕྱོགས་ཀྱི་མཛད་རྗེས་ཉུང་ངུ་མ་འཁོད་པ་ཕལ་ཆེར་མེད། ཡིན་ནའང་སྔ་མའི་ཆོས་འབྱུང་ལོ་རྒྱུས་དེ་དག་ཏུ་ཁོང་གིས་ཕྱི་དར་བསྟན་པ་སྤེལ་བའི་ཕྱོགས་སུ་ཕྱག་རྗེས་ཅི་དང་ཅི་མཛད་ཀྱི་ལོ་རྒྱུས་བཀོད་པ་མ་གཏོགས། འཇིག་རྟེན་མི་ཆོས་དང་འབྲེལ་བའི་སྲིད་དོན་སྐྱོང་ཐབས་སྐོར་གྱི་ལོ་རྒྱུས་འཁོད་པ་ཤིན་ཏུ་མཐོང་དཀོན་པ་དང་། མིག་སྔར་ཁོ་བོར་ལྷ་བླ་མ་ཡེ་ཤེས་འོད་ལ་ཞིབ་འཇུག་བྱེད་པའི་ལས་གཞི་ཞིག་བསྒྲུབ་པའི་སྐལ་བ་བྱུང་བས། ཁོང་གི་ལོ་རྒྱུས་འཁོད་པའི་འབྲེལ་ཡོད་ཡིག་རྙིང་རྩད་གཅོད་ཞིབ་འཇུག་བྱེད་ཁུལ་བྱས་པ་དང་། ཁྱད་པར་དུ་རྒྱལ་དབང་ལྔ་པ་ཆེན་མོས་བསྡུ་ཉར་བྱས་པའི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་ནས་ཐོན་པའི་<<ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་>>(གཤམ་དུ་རྣམ་ཐར་ཞེས་བསྡུས་རྒྱུ)དེ་འུ་ཅག་གི་མིག་སྔར་མཐོང་ཐུབ་པ་བྱུང་བ་མ་ཟད། རྣམ་ཐར་དེ་རུ་ལྷ་བླ་མ་ཡེ་ཤེས་འོད་སྐུ་དངོས་ཀྱིས་གསུངས་པའི་བཀའ་གཙིགས་མང་པོ་ཞིག་ངོ་བཤུས་བརྒྱབ་སྟེ་འཁོད་ཡོད་པས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྲིད་དོན་དང་འབྲེལ་བའི་དོན་གནད་མང་པོ་ཞིག་གསེད་འགྲོལ་ཐུབ་པ་བྱུང་ཡོད། དེར་བརྟེན་ཁོ་བོས་ཡིག་ཆ་དེ་དག་གཞིར་བཟུང་སྟེ་ཁོང་གི་འཇིག་རྟེན་སྲིད་དོན་སྐྱོང་བའི་བསམ་བློའི་སྐོར་ལ་དབྱེ་ཞིབ་ཕྲན་ཙམ་གཏོང་བར་འདོད་དེ། གཅིག་ནས་ལྷ་བླ་མ་ཡེ་ཤེས་འོད་འཚོ་བཞུགས་སྐབས་ཀྱི་སྟོད་མངའ་རིས་སྐོར་གསུམ་གྱི་སྤྱི་ཚོགས་གནས་ཚུལ་དང་། ཆབ་སྲིད། དཔལ་འབྱོར། ཆོས་ལུགས་དར་འཕེལ་གྱི་ལོ་རྒྱུས་བཅས་ལ་ངེས་ཤེས་ཟབ་མོ་བསྐྱེད་ཡོང་བ་དང་། གཉིས་ནས་ལྷ་བླ་མ་ཡེ་ཤེས་འོད་ཅེས་པའི་ལོ་རྒྱུས་ཁྲོད་བྱུང་བའི་མི་སྣ་འདི་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་དང་སྦྲགས་འུ་ཅག་ཕྱི་རབས་པས་ཁོང་གི་སྲིད་དོན་སྐྱོང་ཐབས་ཀྱི་མཐའ་འབྲས་བསླབ་བྱ་ལ་ཡང་བསྐྱར་མནོ་བསམ་ཞིག་གཏོང་བའི་ཕྱིར་དུའོ།།

དང་པོ།གདུང་རྒྱུད་ལས་ཐར་པར་གཤེགས་པའི་བསམ་བློ། བོད་བཙན་པོའི་སྐབས་སངས་རྒྱས་ཆོས་ལུགས་ནང་འདྲེན་བྱས་པ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ནང་ཆོས་ལུགས་དང་ཆབ་སྲིད་གཉིས་ནི་ཁེར་ཚུགས་སུ་གནས་པ་ཞིག་མ་ཡིན་པར། ཆོས་ལུགས་ཀྱིས་རྩ་འཛུགས་དང་མི་སྒེར་གང་རུང་གི་ཆབ་སྲིད་ཁེ་ཕན་མཚོན་གྱི་ཡོད་པས། ང་ཚོས་ཆོས་ལུགས་ཀྱི་སྣང་ཚུལ་སྟོང་གི་རྒྱབ་ལོགས་ཀྱི་གནས་ཚུལ་ངོ་མ་དེ་གང་ཡིན་རྩད་གཅོད་ཞིབ་མོ་ཞིག་བྱ་རྒྱུ་གལ་ཆེ་བར་མཐོང་། ལྷ་བླ་མ་ཡེ་ཤེས་ཀྱིས་ཚེ་སྟོད་ལ་འཇིག་རྟེན་སྲིད་སྐྱོང་མཛད་ཅིང་ཕྱིས་སྲས་དང་བཅས་པ་ཐར་བར་གཤེགས་པའི་གནས་ཚུལ་དེ་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་རྐྱེན་ཞིག་ཡིན་ནའང་། ཁོང་གིས་རྒྱལ་སྲིད་སྤངས་ཏེ་ཐར་པར་གཤེགས་པ་དེ་འཁོར་བ་ལ་ངེས་འབྱུང་དང་སངས་རྒྱས་བསྟན་པ་དར་རྒྱས་སུ་མཛད་པའི་དམིགས་ཡུལ་ཁོ་ན་མ་ཡིན་ཏེ། རྣམ་ཐར་ལས། རྣམ་ཐར་འགའ་ཞིག་ཏུ། ཁྲིམས་འཇགས་མ་འཇགས་གཟིགས་པའི་ཕྱིར་དུ། གཅིག་པུར་རོང་ཕྱོགས་སུ་ཕེབས་པ་ལས། ལ་གཅིག་གི་རྩེ་མོར་རྐུན་པོས། ཕྱུགས་བསད་མ་ཁད་ཀྱི་མགོ་དང་། ཤ་ཁྲག་སྡིག་ཅན་གྱི་ཁྲལ་མ་འཁོར་བས་རྐུར་ཕྱིན་པ་ཡིན་ཟེར། མོད་ལ་འཁོར་བ་ལ་སྤྱིར་ངེས་འབྱུང་དྲག་པོ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཁྲུངས། དེ་ནས་འཁོར་སྟེ། སངས་རྒྱས་ཀྱི་བརྟེན་གྱི་དྲུང་དུ། རབ་བྱུང་གི་སྙེན་པར་རྫོགས་པ་མཛད་དོ། ཞེས་འབྱུང་ཡང་། སྟོད་འདུལ་འཛིན་གྱི་བླ་རབས་རྣམས་ལས་གོང་ལྟར་བྲིས་པས། དག་ཅིང་ལེགས་པར་བཤད་པ་ཡིན་ནོ། ཞེས་འབྱུང་བ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཐར་པར་གཤེགས་པ་ནི་འཁོར་བར་ངེས་འབྱུང་དང་ཆོས་དད་བྱུང་བའི་རྒྱུ་རྐྱེན་གང་ཡང་མ་ཡིན་པར། སྟོད་མངའ་རིས་ཀྱི་འབངས་རྣམས་བདེ་བར་འགྱུར་བའི་ཆབ་སྲིད་ཀྱི་གདམ་ག་ཞིག་རེད་སྙམ་སྟེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་ལས། སྐྱེ་བོ་རྗེ་འབངས་ཡོངས་ལ་བཀའ་བསྩལ།མཆིད་གོང་དུའང་གསོལ། འབངས་སོ་སོར་ཡང་མཆིད་གྲོས་བསྩལ་ཏེ། སྤྱིར་བཏུན་དེ་བསྡུས་ནས། མོལ་ཆད་དཀར་ཆག་ཏུ་བགྱིས་པའི་གཞི། བོད་ཀྱི་མངའ་རིས་རྒྱ་ཁྱོན་མི་ཆེ་བ་ཞིག་ལ། གློ་བུར་བའི་རྒྱལ་པོ་གཅིག་གི་མངའ་མཛད་ནས། བོད་སྤྱི་མཐུན་གྱི་བསོད་ནམས་འཕེལ་བའི་དུས་ལ་བབ་པས། ཞེས་དང་། མངའ་རིས་སྐོར་གསུམ་གྱི་མགོ་ནག་པོ་འབུམ་ཕྲག་གཅིག་གནས་པ་རེ་ཞིག་བདེ་བར་འགྱུར་བའི་ཆེད་དུ། བཙན་པོ་དབུ་གྲངས་སྐྱུངས་ཏེ།ཐར་པར་གཤེགས་པ་ནི་འབངས་ལ་ཕྱོགས་རིས་མི་འབྱུང་། མངའ་རིས་ཆོས་འཁོར་དུ་བྱས་ཤིང་། ལྷ་འབངས་སུ་བཅད་པས་ནི། ཡུལ་ལ་ང་ཁྱོད་མི་མངའ། ཐབས་འདི་ལྟར་སྦྱར་བ་ལས་གཞན་བཀའ་དྲོས་ཀྱི་དམིགས་གཞན་ཡང་མ་རྙེད་དེ་ཞེས་གསུངས་པ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཐར་པར་གཤེགས་པ་ནི་རྒྱུ་མཚན་གཞན་གང་ཡང་མ་ཡིན་པར་མངའ་རིས་ཀྱི་འབངས་རྣམས་མངའ་མཛད་གཅིག་གིས་དབང་བསྒྱུར་ཏེ་སྟོད་མངའ་རིས་ཀྱི་ཆབ་སྲིད་གཅིག་གྱུར་ཡོང་བའི་སྲིད་དོན་སྐྱོང་ཐབས་ཀྱི་བཀོད་པ་ཞིག་ཡིན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་གི་རྒྱལ་སྲིད་གཅེན་པོ་འཁོར་རེར་ཕུལ་ཏེ་རང་བསམ་གྱིས་སྲས་སྲས་མོ་དང་བཅས་པ་ཐར་པར་གཤེགས་པའི་ངོ་མཚར་གྱི་མཛད་སྤྱོད་དེའང་གློ་བུར་བ་ཞིག་གཏན་ནས་མ་ཡིན་པར། ཁོང་གིས་སྔ་རབས་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་དང་སྐབས་དེའི་དངོས་ཡོད་སྤྱི་ཚོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་ཟབ་མོ་གནང་པའི་ཆབ་སྲིད་ཀྱི་གདམ་ག་ཞིག་རེད་སྙམ།

༡ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་བྱས་པ། ལོ་རྒྱུས་ནི་སྔ་རབས་མིའི་འདས་སོང་གི་བྱུང་བ་བརྗོད་པ་ཡིན་པས། ང་ཚོས་སྔར་མིའི་ལོ་རྒྱུས་ལ་བལྟས་ཏེ་དགའ་སྐྱོ་ཆགས་སྡང་གི་དུངས་པ་བརྗོད་པ་ལོ་རྒྱུས་བཀླག་པའི་དམིགས་རྩ་མ་ཡིན་ཏེ། ལོ་རྒྱུས་ཀྱི་དངོས་ཡོད་རང་བཞིན་ལ་རྟོག་ཞིབ་དང་ལོ་རྒྱུས་དངོས་ཁྲོད་མངོན་པའི་གཏན་ཚིགས་ཀྱི་ཆོས་ཉིད་ལ་ཤེས་རྟོགས་དང་ཕྱོགས་སྡོམ། ལོ་རྒྱུས་ལས་བྱུང་བའི་ལེགས་ཉེས་ཀྱི་བསླབ་བྱ་དང་ལེན་བྱས་ཏེ་དངོས་ཡོད་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་ཐུབ་པ་ཞིག་ཡོང་རྒྱུ་དེ་ནི་ལོ་རྒྱུས་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པའི་དམིགས་ཡུལ་ཡིན། ལྷ་བླ་མ་ཡེ་ཤེས་འོད་ནི་བོད་བཙན་པོའི་གདུང་རྒྱུད་ཁྲོད་བྱུང་བའི་མངའ་རིས་གུ་གེ་ས་ཆའི་མངའ་མཛད་ཡིན་པས། ཁོང་ཉིད་བོད་བཙན་པའི་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་དང་། ལྷག་པར་དུ་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་གནང་བ་དང་སྟོད་མངའ་རིས་ཀྱི་སྤྱི་ཚོགས་བརྟན་བརླིང་ལ་མནོ་བསམ་གཏོང་མཁན་ཞིག་རེད། བཀའ་གཙིགས་ནང་། བཙན་པོ་ཞལ་༡་གིས་མངའ་མཛད་པས་ནི་མངའ་རིས་ལ་ཕྱོགས་མེད། འབངས་ཡོངས་རྗེ་གཅིག་ཉིད་ལ་བརྟེན་པས་ནི། ཚན་དང་རིས་སུ་མི་ཕྱེད་པ་ཞིག་ལས། བར་ཞིག་ཚུན་ཆད་བོད་སྤྱི་མཐུན་གྱི་ལས་དགེ་བ་ཟད་པས། མངའ་མཛད་དབུ་གྲངས་མང་། མངའ་རིས་ཕྱོགས་བཟུང་ཞིང་། འབངས་སྐོལ་ཚན་ཆེས་པས། དབུས་རུ་གཡོན་རུའི་འཁྲུག་པ་དང། ངག་ལོག་གི་ཁེངས་ཡན་ཆད་ཀྱིས། བཀའ་ཁྲིམས་རྣམས་ཉམས་དམས་ཏེ། རང་དབང་སིལ་བུར་གྱུར་པ་འདྲ། ཞེས་སྔར་བོད་བཙན་པོ་འོད་བསྲུང་དང་ཡུམ་བརྟན་སྐབས་མངའ་མཛད་གཉིས་བྱུང་བ་དང་དེ་དག་གིས་མངའ་རིས་ཕྱོགས་བཟུང་སྟེ། ཕྱིས་དབུ་རུ་གཡོ་རུ་འཁྲུག་པ་དང་འབངས་གྱེན་ལོག་བྱུང་བ་ནི་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་གསུངས་པ་ལྟར། ཁོང་གི་དབྱེ་ཞིབ་འདི་ནི་ཆོས་ལུགས་ཀྱི་ཕྱོགས་ཞེན་དབང་དུ་མ་སོང་བར་དངོས་ཐོག་བདེན་འཚོལ་གྱིས་ལོ་རྒྱུས་དངོས་ལ་རིགས་པས་རྟོག་ཞིབ་གནང་པའི་ལེགས་བཤད་ཅིག་རེད་སྙམ། རྒྱུ་མཚན་ནི། བོད་བཙན་པའི་རྒྱལ་རབས་སིལ་བུར་འཐོར་བའི་རྒྱུ་རྐྱེན་སྐོར་ལ་དཔྱད་བརྗོད་མི་མཐུན་པ་མང་པོ་ཡོད་དེ། སངས་རྒྱས་ཆོས་ལུགས་དར་དྲགས་པས་མཐར་རྒྱལ་རབས་འཐོར་ཞིག་ཏུ་སོང་ཟེར་བ་དང་། བཙན་པོ་དར་མས་ནང་ཆོས་བསྣུབས་པས་རྒྱལ་རབས་འཐོར་ཟེར་བ། ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་དར་མ་བཀྲོངས་པས་བོད་ཀྱི་རྒྱལ་རབས་འཐོར་ཞིག་ཏུ་སོང་ཟེར་བ་སོགས་ཀྱི་བཤད་ཚུལ་འདྲ་མིན་སྣ་ཚོགས་མཐོང་ཡང་། བཤད་ཚུལ་འདི་དག་རྒྱལ་རབས་སིལ་བུར་འཐོར་བའི་རྐྱེན་ཙམ་དུ་འགྲོ་སྲིད་ནའང་རྒྱུ་མཚན་གཙོ་བོ་གཞན་གང་ཡང་མ་ཡིན་པར། མངའ་མཛད་ཕྱོགས་གཉིས་ཀྱིས་དབང་བརྩད་དེ་ཕྱོགས་རིས་སུ་སོང་སྟེ་དབུ་གཡོ་འཁྲུག་པ་དང་། འབངས་ཁེང་ལོག་བྱུང་བ་དེ་བོད་བཙན་པོའི་རྒྱལ་རབས་སིལ་བུར་གྱུར་པའི་རྒྱུ་གཙོ་བོ་ཡིན་པར་གསུངས་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ཤས་ཆེ་སྙམ། དེ་བཞིན་དུ། བཙན་པོ་དར་མ་བཀྲོངས་པ་དང་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་ཟེར་བའི་ཡོངས་གྲགས་ཀྱི་བཤད་ཚུལ་འདི་ལའང་ཅུང་ཟད་བསམ་དགོས་སྙམ་སྟེ། སྤྱི་ལོ་༢༠༡༡ལོར་མངའ་རིས་གུ་གེ་ནས་རྙེད་ཅིང་ད་ལྟ་མཐོ་གླིང་དགོན་པར་ཉར་ཡོད་པའི་ལོ་རྒྱུས་བསྟན་བཅོས་<<ཟླ་བའི་རིགས་ཀྱི་རྒྱལ་རབས་>>ཞེས་པའི་ནང་། སླད་ན་མེས་དཔལ་འཁོར་བརྩན་གྱི་སྐུ་རིང་ལ་རྗེའི་ཕྱག་འོར་ནི་དེའུ་རེ་སྔས་ལ། འབངས་ཀྱི་སུག་ཐབས་ནི་དེའུ་རེ་ཕྱིས་པས་རྒྱལ་ཁམས་དང་ཆབ་སྲིད་དེའུ་བརྙེས་པ་ལས། སྤྱི་མཐུན་གྱི་བསོད་ནམས་ཆུངས་པ་དང་རྗེའི་སྐུ་ཚོགས་ཟད་པ་དང་འདྲ་སྟེ། མེས་དཔལ་འཁོར་བརྩན་གྱི་སྙགས་ཀྱིས་བཀྲོངས་པ་དང་། རྒྱལ་ཁྲིམས་ཡེ་ནས་ཞིག་ཏུ་ཐོར་བས།གཡུང་པོ་ལ་བློ་ཁམ་སྐྱེས་ཏེ། དབལ་འཁོ་བཞེར་ལྡོང་གཟིགས་ལ་སྩོགས་པ་ངན་ལོག་གི་འཁྲུག་པ་ཆེན་པོ་བྱུང་བས་སྐོལ་བོད་ཀྱི་རྒྱལ་ཁམས་དབུ་བྱེའུ་རྒྱུན་ཆད་པ་བཞིན་དུ་སུག་ཐལ་ཞིང་། ཞེས་མངའ་བདག་དཔལ་འཁོར་བཙན་གྱི་རིང་ལ་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་ཚུལ་བཀོད་ཡོད་པ་དང་།གུ་གེ་གྲགས་པ་རྒྱལ་མཚན་གྱི་<<ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་གཅོད་པཎ་ཕྲེང་མཛེས>>ཞེས་པའི་ནང་། འོད་བསྲུངས་ཉིད་ཀྱིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལས་སྨན་ལྷའི་མཆོད་ཆོག་ཞུས་མཆོད་བསྟོད་མཛད་པའི་བྱིན་རླབས་ཀྱིས་རྒྱལ་སྲིད་ཀྱང་ཟིན། མེས་གོང་མ་རྣམས་ཀྱི་བཀའ་སྲོལ་ལྟར་ཆོས་བཞིན་དུ་བསྐྱངས་སོ། རྗེ་གནམ་ལྡེ་འོད་བསྲུངས་ཀྱི་སྐུ་ཚེའི་སྨད་ལ་མདོ་དབུས་གཙང་གསུམ་ལ་མངའ་མཛད་དེ་ལོ་སུམ་ཅུ་རྩ་གསུམ་པ་ཤིང་མོ་ལུག་ལ་ཡར་རླུངས་འཕང་མདར་གཤེགས་པའི་བང་སོ་ལྷ་རི་ལྡེམ་བུའི་མདུན་ན་རྡོའི་ཕུང་པོ་གཅིག་ཡོད་དོ། ཞེས་མངའ་བདག་ཁྲི་འོད་བསྲུང་གིས་བོད་སྤྱི་ལ་དབང་བསྒྱུར་ཚུལ་བཀོད་པ་དེས་སྐབས་དེར་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་མེད་པ་རྟོགས་ཐུབ་པ་དང་། ཡང་།<<ལྡེའུ་ཆོས་འབྱུང་རྒྱས་པ་>>རུ། མངའ་བདག་འོད་སྲུང་གི་སྲས་དཔལ་འཁོར་བཙན་དང་། ཡུམ་བརྟན་གྱི་སྲས་མགོན་སྤྱོད་ཀྱི་རིང་ལ། དབུ་གཡོ་རྣམ་པ་གསུམ་དང་།ཁེང་ལོག་རྣམ་པ་གསུམ་བྱུང་སྟེ། མངའ་བདག་དཔལ་འཁོར་བཙན་ལ་བསོད་ནམས་ཟད་པའི་རྒྱལ་པོ་གཅིག་ཟེར་རོ། ཞེས་འབྱུང་བ་ལྟར། མངའ་བདག་དཔལ་འཁོར་བཙན་གྱི་རིང་ལ་དབུ་གཡོ་འཁྲུག་ཅིང་ཁེང་ལོག་བྱུང་སྟེ་བོད་བཙན་པོའི་རྒྱལ་རབས་སིལ་བུ་འཐོར་པའི་གཏམ་འདི་ལོ་རྒྱུས་དོན་དངོས་དང་མཐུན་ཤས་ཆེ་སྙམ། བོད་བཙན་པོའི་རྒྱལ་རྒྱུད་དུ་འཁྲུངས་པའི་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ལ་མཚོན་ན། ཡབ་མེས་ཀྱི་རྒྱལ་རབས་ཅིའི་ཕྱིར་འཐོར་ཞིག་ཏུ་སོང་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལེན་བྱེད་པ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཆོས་ཉིད་ཅིག་ཡིན་པས། ཁོང་གིས་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་བའི་ལོ་རྒྱུས་དོན་རྐྱེན་དེ་ལས་བྱུང་བའི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་བསླབ་བྱ་དང་ལེན་བྱས་ཏེ། རེ་ཞིག་སྟོད་མངའ་རིས་སྐོར་གསུམ་གྱི་འབངས་རྣམས་བདེ་བར་འགྱུར་བའི་ཆེད་དུ་བཙན་པོ་ཞལ་གཅིག་གིས་མངའ་མཛད་གནང་ཞིང་ཕྱི་མ་རྣམས་གདུང་རྒྱུད་ལས་ཐར་པར་གཤེགས་པའི་ཐབས་འདི་གྲོས་སུ་བཏོན་ཞིང་ཁྲིམས་ཀྱིས་གཏན་ལ་ཕབ། བྱེད་ཐབས་འདི་ལག་བསྟར་དོན་འཁྱོལ་ཡོང་ཆེད་རང་གི་རྒྱལ་སྲིད་གཅེན་པོ་འཁོར་རེའི་ལག་ཏུ་ཕུལ་ཏེ། རང་ཉིད་དང་རང་གི་སྲས་སྲས་མོ་དང་བཅས་པ་ཐར་པར་གཤེགས་པ་འདིའི་སྟེང་ནས་ལྷ་བླ་མ་ཡེ་ཤེས་འོད་ནི་ལོ་རྒྱུས་ལ་བསམ་ཞིབ་བྱེད་མཁས་པ་དང་ཆབ་སྲིད་ཀྱི་མཁྱེན་དཔྱོད་ཡངས་པ་ཞིག་ཡིན་པ་མངོན་གསལ་དུ་རྟོགས་ཐུབ།

༢དངོས་ཡོད་སྤྱི་ཚོགས་ལ་ཁ་ཕྱོགས་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྟོད་མངའ་རིས་ཀྱི་སྤྱི་ཚོགས་བརྟན་བརླིང་དང་ཆབ་སྲིད་གཅིག་གྱུར་ཡོང་བའི་ཆེད་དུ་སྐབས་དེའི་སྟོད་མངའ་རིས་སྐོར་གསུམ་གྱི་དངོས་ཡོད་སྤྱི་ཚོགས་གནས་ཚུལ་ལ་ཁ་ཕྱོགས་ཡོད་པ་རེད། བཀའ་གཙིགས་ལས། ཡབ་སྐུ་མཆེད་གསུམ་གྱིས་སྟོད་ཕྱོགས་འདི་མངའ་མཛད་ན་ཡང་། མཐུན་པའི་བཀའ་གྲོས་མ་སྙེས་པ་དང་། འབངས་ཉུང་ཤས་ཙམ་གནས་པ་འདི་ཡང་། ཞིག་རླག་ཆེ་བར་སོང་། དབོན་སྲས་ཡབ་མཆེད་ཞལ་གྲངས་མང་དུ་སྐུ་འཁྲུངས། མ་བྲལ་མ་ཞིག་པའི་ཐུགས་དགོངས་ཀྱང་སོ་སོ་ན་མངའ་ན། རྗེ་ཉིད་ཀྱི་ཐུགས་རྒྱ་ཆུངས་པ་དང། འབངས་སྤུ་ཕྲས་པས་དེ་ལྟར་ཡང་མ་བཏུབ། ཞེས་འབྱུང་བ་ལྟར། སྐྱིད་ལྡེ་ཉི་མ་མགོན་གྱིས་སྟོད་མངའ་རིས་ས་ཆ་བདག་གིར་བཟུང་ནའང་སྲས་མང་དུ་འཁྲུངས་པས། བུ་གསུམ་ལ་མངའ་རིས་སྐོར་གསུམ་སོ་སོར་བགོས་ཏེ་མངའ་མཛད་དུ་བཅུག་པ་ན། ཆེ་བ་དཔལ་གྱི་མགོན་དང་ཆུང་བ་ལྡེ་གཙུག་མགོན་གཉིས་སྲིད་ལ་མ་འཆམ་པར་འཁྲུག་པ་བྱུང་སྟེ་འབངས་མི་སེར་ཐམས་ཅད་མི་བདེ་བའི་སྡུག་བསྔལ་བྱུང་བ་དང་། <<ཉི་མའི་རིགས་ཀྱི་རྒྱལ་རབས་>> ན། ཕྱིས་གཅེན་དང་གཅུང་གཉིས་ཐུགས་མ་འཆམས་པར་འཁྲུགས་པ་ལ། བར་པ་བཀྲ་ཤིས་མགོན(ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཡབ)་གྱིས་བསྡུམས་མཛད་ནས། མངའ་ཕན་ཚུན་བརྗེས། གཅེན་ལ་གར་ཞྭ་དང་ཟངས་སྐར་ཕུལ། གཅུང་ལ་མར་ཡུལ་ཕུལ་ལོ་ཞེས་འབྱུང་བ་ལྟར་ལྷ་བླ་མ་ཡེ་ཤེས་འོད་འཚོ་བཞུགས་ཀྱི་སྐབས་དེ་ནི་བོད་བཙན་པོའི་གདུང་རབས་ཀྱིས་སྟོད་མངའ་རིས་ཀྱི་ས་ཆ་དབང་དུ་བསྡུས་ཏེ་ཡུན་རིང་འགོར་མེད་པས་ཆབ་སྲིད་ཀྱི་རྨང་གཞི་བརྟན་བརླིང་མ་ཡིན་པ་དང་།བན་བོན་གཉིས་ཀྱི་འགལ་བ་ཤུགས་ཆེ་བ། ཁྱད་པར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཡབ་སྤུན་མཆེད་གསུམ་གྱིས་མངའ་རིས་སྐོར་གསུམ་སོ་སོར་མངའ་མཛད་ནའང་སྲིད་ལ་མ་འཆམ་པར་འཁྲུག་པ་བྱུང་སྟེ། མངའ་རིས་སྐོར་གསུམ་གྱི་འབངས་མི་བདེ་ཞིང་སྤྱི་ཚོགས་བརྟན་བརླིང་མིན་པའི་འཇིག་ཉེན་ཞིག་འོང་གི་འདུག་པས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དངོས་ཡོད་གནས་ཚུལ་འདི་ལ་གཞིགས་ཏེ། བཙན་པོ་མངའ་མཛད་གཅིག་གིས་འཇིག་རྟེན་སྲིད་ལུགས་སྐྱོང་ཞིང་གདུང་སྲས་ཕྱི་མ་རྣམས་ཐར་པར་གཤེགས་པའི་ཐབས་ལམ་འདི་བཏོན་པ་རེད། སྤྱིར་བཙན་པོ་མངའ་མཛད་སྐྱུང་པའི་ཐབས་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ནས་བྱུང་ཡོད་དེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་ལས། སྔོན་གྱི་རྒྱལ་ཁྲིམས་ལྟ་བུ་མངའ་མཛད་བསྐྱུང་པའི་ཐབས་ནི་ད་བགྱིར་ཡང་མི་ཚལ། འོན་ཀྱང་གདུང་རྒྱུད་ལས་ཐར་པར་གཤེགས་པའི་མོལ་འདི་ལོ་གྲངས་དུ་མའི་སྒོ་ནས་བསམ་པ་ལས་འདས། འཐད་མི་འཐད་ཀྱི་བཀའ་གྲོས་ཐོག་ཏུ་མ་བབ། འདི་རེས་ཀྱང་རྗེ་འབངས་ལས་དགོས་ཚད་མི་མཐུན་པ་ནི་ཡོད་ན།མངའ་རིས་སྐོར་གསུམ་གྱི་མགོ་ནག་པོ་འབུམ་ཕྲག་༡་གནས་པ་རེ་ཞིག་བདེ་བར་འགྱུར་བའི་ཆེད་དུ། བཙན་པོ་དབུ་གྲངས་སྐྱུངས་ཏེ། ཐར་པར་གཤེགས་པ་ནི་འབངས་ལ་ཕྱོགས་རིས་མི་འབྱུང་། མངའ་རིས་ཆོས་འཁོར་དུ་བྱས་ཤིང་། ལྷ་འབངས་སུ་བཅད་པས་ནི། ཡུལ་ལ་ང་ཁྱོད་མི་མངའ། ཐབས་འདི་ལྟར་སྦྱར་བ་ལས་ཡང་གཞན་བཀའ་གྲོས་ཀྱི་དམིགས་གཞན་ཡང་མ་བརྙེད་དེ། ད་ཕྱིས་སླན་ཆད་མིའི་ཚོགས་ལ་ཕན་པ་དང་། བདེ་བར་བྱ་བའི་ཐབས་བགྱིའོ། ཞེས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲས་མཐའ་མཚམས་གཏོང་པ་ལ་སོགས་པའི་སྔོན་བོད་བཙན་པོའི་སྐབས་ཀྱི་མངའ་མཛད་སྐྱུང་བའི་ཐབས་དེ་དག་སྐབས་དེའི་མངའ་རིས་སྐོར་གསུམ་གྱི་སྤྱི་ཚོགས་ནང་མི་འཚམ་པ་ཤེས་རྟོགས་བྱུང་སྟེ་སྔོན་གྱི་བྱེད་ཐབས་ཇི་བཞིན་ལག་བསྟར་ཀྱང་བྱས་མེད་པར། གང་ལ་གང་འདུལ་དེ་ལ་དེ་སྟོན་གྱི་དཔེ་ལྟར་སྐབས་དེའི་དངོས་ཡོད་སྤྱི་ཚོགས་དང་འཚམ་པའི་མངའ་མཛད་སྐྱུང་བའི་ཐབས་འདི་ལག་ཏུ་བསྟར་བ་ཡིན་པས།ལྷ་བླ་མ་ཡེ་ཤེས་འོད་ཀྱི་གདུང་རྒྱུད་ལས་ཐར་བར་གཤེགས་པའི་བསམ་བློ་འདི་ནི་མངའ་རིས་སྤྱི་ཚོགས་རེ་ཞིག་བརྟན་བརླིང་ཡོང་བའི་དངོས་ཡོད་དགོས་མཁོ་དང་མཐུན་པའི་ཆབ་སྲིད་ཀྱི་བཀོད་པ་ཞིག་རེད།

གཉིས་པ།འདུལ་བསྟན་སྤེལ་ཏེ་སྤྱི་ཚོགས་ཞོད་འཇགས་སུ་བཏང་བ། དཔལ་འབྱོར་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་དང་། རིག་གནས་ནི་སྤྱི་ཚོགས་འཕེལ་རྒྱས་གཏོང་བྱེད་ཀྱི་སྒུལ་ཤུགས་ཡིན་པས། དེ་གཉིས་ནི་ཕན་ཚུན་འབྲལ་མི་ཕོད་པ་གཅིག་ལ་གཅིག་བརྟེན་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཞིག་ཡིན། གལ་ཏེ་དཔལ་འབྱོར་གྱི་རྨང་གཞི་བརྟན་ཞིང་སྟོབས་དང་ལྡན་ན།རིག་གནས་སྣ་ཚོགས་ཀྱི་འཕེལ་ཁ་མགྱོགས་པ་དང་། དེ་ལྟར་རིག་གནས་ཀྱི་བཀོད་པ་རྒྱ་ཆེ་ཞིང་སྤྱི་ཚོགས་ཀྱི་འཕེལ་ཁ་དང་མཐུན་ན་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཀྱི་ནུས་པ་མི་དམན་པ་ཐོན་ཐུབ་པ་བཞིན། ལྷ་བླ་མ་ཡེ་ཤེས་འོད་འཚོ་བཞུགས་ཀྱི་སྐབས་དེའི་སྟོད་མངའ་རིས་ས་ཆའི་དཔལ་འབྱོར་ཤིན་ཏུ་སྟོབས་དང་ལྡན་པས། ནང་བསྟན་ཆོས་ལུགས་རིག་གནས་སྤེལ་བའི་མཐུན་རྐྱེན་འཛོམ་ཡོད་པ་རེད། དེར་བརྟེན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་དངུལ་མང་པོ་བསྐུར་ཏེ་རྒྱ་གར་པཎྟིཏ་དྷརྨ་པཱ་ལ་ལ་སོགས་པའི་མཁས་པ་མང་པོ་གདན་དྲངས་པ་དང་། ལོ་ཆེན་རིན་ཆེན་བཟང་པོ་སོགས་བོད་ཀྱི་ཤེས་རབ་བཟང་པའི་བུ་ཕྲུག་རྒྱ་གར་ཏུ་མངགས་ཏེ། ནང་ཆོས་ཀྱི་གཞི་མ་འདུལ་བའི་བསྟན་པ་སྟོད་མངའ་རིས་ཕྱོགས་སུ་སྤེལ་ནས་འདུལ་ཁྲིམས་ཀྱི་གཞི་རྒྱ་ཆེན་པོ་བཏང་སྟེ་མངའ་འབངས་ཐམས་ཅད་ཀྱི་སེམས་རྒྱུད་བཏུལ། དྲག་པོའི་རྩུབ་སྤྱོད་བཅོམ་སྟེ་སྤྱི་ཚོགས་ཞོད་འཇགས་སུ་གཏོང་བའི་ལས་བརྩམས། ཞི་བ་འོད་ཀྱིས། བླ་མ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད།། མངའ་རིས་སྟོད་འདི་འདུལ་བའི་དོན་དུ་འབྱུང་།། ཞེས་འབྱུང་བ་ལྟར།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་འདུལ་བསྟན་སྤེལ་བ་ལ་བསྟེན་ནས་མངའ་རིས་ཀྱི་སྤྱི་ཚོགས་ཞོད་འཇགས་སུ་གཏོང་བའི་ལས་ལ་བརྩོན་ཡོད་པ་རེད།

༡བོན་དང་ཆོས་ལོག་བཀག་སྟེ་སྤྱི་ཚོགས་བདེ་ལ་ཕབ་པ། ལྷ་བླ་མ་ཡེ་ཤེས་འོད་འཚོ་བཞུགས་ཀྱི་སྐབས་དེར་སྟོད་མངའ་རིས་ཀྱི་ཡུལ་འདིར་གསོན་པོ་ལོག་ཆོས་སྤྱོད་ཅིང་གཤིན་པོར་སྡིག་རྫོངས་འདེབས་པའི་བོན་དང་སངས་རྒྱས་ཆོས་ལུགས་དབར་གྱི་འགལ་བ་ཚབས་ཆེན་ཡིན་པ་དང་། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་ཀྱང་ཐམས་ཅད་སྟོང་བ་ཉིད་དེ་ཅི་ཡང་མ་གྲུབ་པའི་སྦྱོར་སྒྲོལ་ཆོས་སུ་སྨྲ་སྟེ་སྡིག་པ་ལ་ཆོས་ལྟར་སྤྱོད་པ་དུ་མ་བྱུང་བས། སྟོད་མངའ་རིས་ཀྱི་ཡུལ་འདིར་ཆོས་དང་ཆོས་མིན་སྣ་ཚོགས་དར་ཏེ་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་པའི་བྱ་བྱེད་མང་པོ་བསྟར་ཡོད་པ་རེད། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གུ་གེ་ལ་མངའ་མཛད་པའི་སྐབས་སུ་ས་གནས་ཀྱི་བོན་ཆོས་བཀག་ཡོད་པ་སྟེ། རྣམ་ཐར་དུ། ཤིན་ཏུ་མི་ཟད་པའི་གདུག་པ་ཅན།ལོག་པར་སྤྱོད་པ་རྣམས་ནི་དྲག་པོས་ཚར་སྤྱོད་པར་མཛད་པ་ཡིན་ཏེ། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཅུག་སྟེ་ཧོམ་ལ་གཤེགས་སུ་གསོལ་ལོ། བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས། འགའ་ཞིག་ཞུགས་ལ་གསོལ། འགའ་ཞིག་སར་བཞུགས་པར་གསོལ་ལོ། འགའ་ཞིག་དྲི་བཞོན་ལ་སྤྱན་དྲང་བར་བྱའོ། ཞེས་འབྱུང་བ་ལྟར། ཁོང་གིས་སྐབས་དེའི་སངས་རྒྱས་ཆོས་ལུགས་པའི་དགྲ་རུ་ལངས་པའི་བོན་ཆོས་སྦྱོང་མཁན་རྣམས་ཞི་དྲག་གཉིས་ཀྱི་སྒོ་ནས་ཚར་བཅད་ཅིང་། གཤིན་པོའི་དོན་དུ་ནོར་དུར་དུ་སྦེད་པའི་ལུགས་ཡོད་པ་བཀག་ནས། ལྷ་ཆོས་དང་མཐུན་པའི་དགེ་བ་བྱེད་དུ་བཅུག ་སངས་རྒྱས་ཆོས་ཀྱི་ཆེ་བ་བསྟན་པའི་ཕྱིར་བོན་ལ་དགའ་བ་རྣམས་ལ། བོན་གཞུང་རྙིང་པ་ཆོས་ལ་སོགས་པས་བསྲེ་སླད་མེད་པ་ཉི་ཚེ་གཅིག་གནང་པ་ལས་གཞན། ཆོས་བོན་བསྲེས་པ་ལྟར་བགྱིས་པ་རྣམས་ཡོངས་སུ་བཀག་ཡོད་པ་སྟེ། རྣམ་ཐར་དུ། སྔོན་གྱི་བོན་གཞུང་རྙིང་པ་བཞག་པ་དེ་ཉིད་ལས། གསར་ཆོས་སུ་ཆོས་བོན་བསྲེས་པ་ལྟར་མི་བགྱིད། བགྱིས་ན་བོན་ཡིག་བསྲེགས་པའི་འོག་ཏུ་ཆད་པ་རྟ་རེ་སྤྱད། དོན་བདག་ལ་སྲང་༢་ཀྱི་སྤྱད། ལྡམ་པོ་ལ་སྲང་༡་སྤྱད། མངའ་རིས་སུ་བོན་ཤིད་ནག་ཆོས་སུ་བགྱིད་ན་མི་གནང་། བགྱིས་པ་བྱུང་ན་བོན་པོ་དུ་ཡོད་ཀྱང་སྲང་ཕྱེད་ཕྱེད། དོན་བདག་ལ་སྲང་གཉིས་ཀྱི་སྤྱད། ལྡམ་པོ་ལ་སྲང་༡་སྩལ། བོན་པོ་དངོས་གུམ་པ་ལ་ནི་ཤིད་ནག་ཆོས་སུ་བགྱིད་དུ་མི་གནང་། གསོན་བོན་གྱི་ཕྱུགས་གསོད་པ་སྐྱུང་། བསད་ན་ཉ་ཚས་བཞུ། ཞེས་ཐབས་སྣ་ཚོགས་ཀྱིས་བོན་ལོག་ཆོས་སྤྱོད་པ་ཐམས་ཅད་བཀག་སྟེ་དགེ་བའི་ལམ་དུ་བཅུག་པ་དང་། འབངས་རྣམས་ལ་འཇིག་རྟེན་གྱི་ལུང་དང་མཐུན་པར་སྤྱོད་པའི་བཀའ་ལུང་ཐམས་ཅད་སྩལ་ཞིང་།ཡུལ་དུས་དང་འཚམས་པར་སྐྱེ་བོ་ཐམས་ཅད་ཀྱིས་སྒྲུབ་ནུས་པ་ཤིན་ཏུ་འཐད་པ་མང་པོ་མཛད་དེ། མངའ་རིས་ཕྱོགས་ཀྱི་སྤྱི་ཚོགས་བདེ་བར་ཡོང་བའི་ཐབས་འབའ་ཞིག་བསྒྲུབ་པ་རེད། ལྷ་བླ་མ་ཡེ་ཤེས་འོད་འཚོ་བཞུགས་ཀྱི་སྐབས་དེར་མངའ་རིས་སུ་ནང་བསྟན་ཆོས་ལུགས་ཅུང་ཟད་དར་བར་བྱས་ནའང་། ཨར་ཚོ་བན་ངྷེ་བཅོ་བརྒྱད་དང་།ཤམ་ཐབས་སྔོན་པོ་ཅན་ལ་སོགས་པའི་ལྟ་བ་དར་ཏེ་སྦྱོར་སྒྲོལ་ཆོས་སུ་སྨྲ་བ་དང་། སྡིག་པ་ལ་ཆོས་ལྟར་སྤྱོད་པའི་ཆོས་མིན་གྱི་གསང་སྔགས་ཀྱི་ཉམས་ལེན་བྱེད་སྟངས་མ་དག་པ་དུ་མ་བྱུང་སྟེ་མངའ་རིས་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་པས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྔགས་ལོག་སུན་འབྱིན་གྱི་ཡི་གེ་བཀྲམ་པ་སྟེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ཏུ། ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས།། རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར།། ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ།། ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར།། དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར།། སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད།། སྦྱོར་བ་དར་བས་མི་རིགས་འཆོལ་བ་འདྲེས།། སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་།། སྨན་སྒྲུབ་དར་བས་ནད་པས་གསོ་རྐྱེན་ཆད།། བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་།།མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་།། ཞེས་འབྱུང་བ་ལྟར།སྐབས་དེའི་སྦྱོར་སྒྲོལ་ཆོས་ལོག་གི་གསང་སྔགས་ཉམས་ལེན་བྱེད་ཚུལ་དེས། སྟོད་མངའ་རིས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་པའི་བྱ་བྱེད་མང་པོ་མཐོང་བས།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སྤྱི་ཚོགས་བརྟན་བརླིང་དང་འཕེལ་རྒྱས་སུ་འགྲོ་བའི་དགོས་པར་དམིགས་ཏེ། སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་བཀྲམ་ཅིང་མངའ་རིས་ས་ཆར་དར་བའི་ཆོས་ལོག་ངན་སྤྱོད་བཀག་ནས་སྤྱི་ཚོགས་ཞོད་འཇགས་སུ་གཏོང་བའི་ཐབས་ལ་བརྩོན་ཡོད་དོ།

༢ཆོས་ཁྲིམས་གསར་པ་བཙུགས་ཏེ་མངའ་རིས་ཆོས་ཀྱིས་བསྐྱངས་པ། སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་སྙིང་པོ་ནི་སྡིག་སྤོང་དགེ་སྒྲུབ་དང་རང་སེམས་འདུལ་རྒྱུ་དེ་ཡིན་པས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྟོད་མངའ་རིས་སུ་འདུལ་བསྟན་སྤེལ་ཏེ་འབངས་ཀྱི་རྒྱུད་བཏུལ་སྤྱི་ཚོགས་ཞོད་འཇགས་སུ་གཏོང་བའི་བྱེད་ཐབས་འདི་བསྐྱར་དུ་ལག་བསྟར་བྱས་ཡོད་དེ། རྣམ་ཐར་ལས།སླན་ཆད་ཆོས་འཁོར་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ། དགེ་འདུན་གྱི་བགྱི་བོ་ཚལ་གྱི་ཡན་ལག་ཆོས་ཀྱི་ཡི་གེ་འདུལ་བའི་གཞུང་དང་། སྔ་རབས་ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པའི་ཆོས་ཁྲིམས་ཀྱི་གཞི་དག་ལས་ཀྱང་ཞིབ་ཏུ་འབྱུང་་ཞེས་བོད་བཙན་པོའི་རྒྱལ་རབས་སྐབས་ཆོས་རྒྱལ་མེས་དབོན་རྣམས་ཀྱིས་གཏན་འབེབས་བྱས་པའི་ཆོས་ཁྲིམས་ལ་གཞི་བཅོལ་ཞིང་། སངས་རྒྱས་ཆོས་ཀྱི་གཞི་མ་འདུལ་བའི་བསྟན་པ་སྟོད་ཕྱོགས་མངའ་རིས་སུ་སྤེལ་ཏེ་མངའ་འབངས་ཐམས་ཅད་ནང་པའི་ཆོས་ཀྱིས་བསྐྱངས་པ་འདི་ནི་བོད་བཙན་པོའི་སྐབས་ཀྱི་སྤྱི་ཚོགས་ཞོད་འཇགས་སུ་གཏོང་བའི་བྱེད་ཐབས་དེ་བསྐྱར་དུ་ལག་བསྟར་བྱས་ཏེ་སྐབས་དེའི་མངའ་རིས་སྤྱི་ཚོགས་ཀྱི་རྣམ་པ་བསྒྱུར་འདོད་པ་དེ་རེད། ལྷ་བླ་མ་ཡེ་ཤེས་འོད་སྐུ་འཁྲུངས་པའི་ལོ་དེར་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་སྐོར་གསུམ་དབང་དུ་བཟུང་སྟེ་ལོ་ངོ་ཉི་ཤུ་ལྷག་ལས་འགོར་མེད་པ་དང་། མངའ་རིས་ས་ཆ་ཀུན་ཏུ་བོན་ཆོས་གཙོ་བོར་སྤྱོད་བཞིན་ཡོད་དེ། རྣམ་ཐར་དུ། སྤྱིར་ཡང་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་སྲོང་གཙན ( ལྷ་བླ་མ་ཡེ་ཤེས་འོད་ཀྱི་མཚན་གཞན )་འདི་ནི།དར་མའི་དུག་ཅན་ནས་བཟུང་སྟེ་རྒྱལ་རབས་ལྔའི་རིང་དང་།ལོ་བརྒྱ་༤་བཅུ་རྩ་དྲུག་གི་བར་དུ། བསྟན་པ་སྔ་ཕྱིའི་ལྟེང་ཞུགས། ཁྱད་པར་མངའ་རིས་ཀྱི་སའི་ཆར་གཙུག་ལག་ནི་བོན། ཤིད་ནི་ནག་པོ་ཐ་༡་བོན་ཤིད་ཁྲའོ། གསོན་པོ་ལོག་ཆོས་སྤྱོད་ལ། གཤིན་པོ་ལ་སྡིག་ཟོང་སྡེབས། དམ་པའི་ཆོས་ཀྱི་མ་ཁྱབ་ཅིང་ཆ་བཞག་པའི་དུས་སུ། གཉའ་ཁྲི་བཙན་པོ་ནས་བརྩམས་སྟེ། གདུང་རབས་༤་བཅུ་རྩ་བདུན་ནས་འདི་འཁྲུངས་པ་ཡིན་དེ། ཞེས་ལྷ་བླ་མ་ཡེ་ཤེས་འོད་འཚོ་བཞུགས་ཀྱི་སྐབས་དེ་དག་ཏུ་མངའ་རིས་ཀྱི་འབངས་ཐམས་ཅད་ཀྱིས་བོན་ཆོས་བཀུར་བ་ལ། ཁོང་གིས་བུ་ཕྲུག་རྒྱ་གར་དུ་ཆོས་སློབ་ཏུ་མངགས་པ། རྒྱ་གར་ནས་པནྟིཏ་གདན་དྲངས་པ་དང་། མངའ་རིས་ཀྱི་ཤེས་རབ་ཅན་གྱི་བྱིས་པ་མང་པོ་རབ་ཏུ་བྱུང་བར་བཅུག་པ་སོགས་སངས་རྒྱས་ཆོས་ལུགས་སྤེལ་བར་མཐའ་གཅིག་ཏུ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད་པ་མ་ཟད།འདུལ་བའི་གཞུང་དང་མཐུན་པའི་ཆོས་ཁྲིམས་གསར་དུ་བཙུགས་པ་སྟེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་སྔ་ནས། མེས་ཁྲི་སྲོང་ལྡེ་བཙན་ལ་སོགས་གདུང་རབས་རིམ་པར་མཛད་པའི་ཆོས་གཙིགས་ཀྱི་མདོ་རྣམས་དང། ངའི་རིང་ལ་མཛད་པ། ཝི་ཕུག་གསར་ཁྲིམས་ལས་འབྱུང་བ་༤ན་བྱའོ། ཞེས་འབྱུང་བ་ལྟར། པུ་རངས་ཝི་ཕུག་ཏུ་ཆོས་ཁྲིམས་གསར་དུ་མཛད་དེ། དྲག་པོ་ཁྲིམས་ཀྱི་སྒོ་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་དུ་བཏང་བ་རེད། དགེ་འདུན་གྱི་ཆོས་ལོག་རྣམས་མི་སྤྱད་པའི་ཁྲིམས་ལ། སྔགས་ལོག་པ་དང་། ལུང་དང་མན་ངག་ཏུ་གསོལ་བའི་ཆོས་ནོར་པ་དང་། ཕྱི་རོལ་པའི་ལྟ་བ་དང་། གཞུང་དང་། ཨ་ཏི་པ་དང་། བོན་དང་། མོ་དང་། ཞང་ཞུང་གི་གཙུག་ལག་སྐར་དཔྱད་ཀྱི་རྩིས་ལོག་པ། ལུང་དང་མི་མཐུན་ཞིང་། ཚད་མ་དང་འགལ་བའི་མ་དག་པ་རྣམས་ཀྱང་མི་སློབ། གཞན་ལ་ཡང་མི་སྙད། ཡི་གེ་ཡང་མི་བཅང་། གལ་ཏེ་སློབ་པའམ་འཆང་བ་བྱུང་ན། ཆོས་༤ན་དུ་ཆད་པས་བཏབ་པ། ཆུང་བ་ལ། ལྷ་ཕྱག་བརྒྱ་ཡན་ཆད་བགྱིད་དུ་འཚལ། མ་མཆིས་ན། ཕྲལ་མེར་བསྲེག་ཕྱིས་འདི་ལྟ་བུ་མ་སྤྱོད་ཅེས་ལན་གསུམ་བཀའ་བསྒོ། སྐྱེད་མ་མཆིས་ཞིང་བློ་ངན་ལ་ཞེན་ན། ལོག་པར་སྤྱོད་པ་འདི་ལྟ་བུ་ལགས། ཅེས་ཡི་གེར་བྲིས་ཏེ་རྒྱལ་ཁམས་གཞན་དུ་དབྱུག་གོ་ཞེས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་ལས་འབྱུང་བ་ལྟར། སངས་རྒྱས་ཆོས་གཞུང་ལས་ལོག་པའི་ཆོས་རྣམས་མི་སྤྱོད་པའི་ཁྲིམས་གཏན་ལ་ཕབ་པ་དང་། ཡང་དགེ་འདུན་གྱི་ཁྲིམས་ཇི་ལྟར་བསྲུང་བ་ནི། རྣམ་ཐར་ལས། ཆོས་ལོག་པར་བཤད་པ་བྱེད་ན། ཤས་ཆེ་ཕྲ་དང་སྦྱར་ཏེ་འགྱོད་ཚངས་སུ་བགྱིད་འཚལ། དཔེ་ཆ་སྤྱིར་བཞེས།ཕྱིན་ཆད་དེ་ལྟར་མ་སྤྱོད་ཅེས་ལན་གསུམ་བསྒོ། སྐྱེད་མ་མཆིས་ན་རྒྱལ་བའི་བཀའ་ཁྱད་དུ་གསོད་པ་པོ་ལགས་ཞེས་དཔྲལ་བར་ཡི་གེ་བྲིས་ཏེ་ཕྱོགས་གཞན་དུ་དབྱུང་ངོ་། ཞེས་དང་། སླབ་པ་ལ་གནས་པ་རྣམས་ཉོན་མོངས་པས་མི་གཡེང་ཞིང་། དགེ་བའི་བྱ་བ་ཁོ་ནར་འགྱུར་དགོས་ཏེ། སྒོ་༣་དམ་པའི་ཆོས་དང་མཐུན་ཞིང་། ལམ་མ་ནོར་བ་སྟོན་པ་རྣམས་ལས། ཆོས་ཉན་པ་དང་། བསམ་པ་དང་། སྒོམ་པ་དང་། བྲི་བ་དང་། ཀློག་པ་དང་། འདོན་པ་དང་།དཀོན་མཆོག་མཆོད་པ་ལ་སོགས་པས་དུས་འདའ་བར་བགྱིད་འཚལ་སྟེ། ཞེས་སོགས་བཅའ་ཁྲིམས་ཀྱི་ཡི་གེ་མང་དུ་མཛད་དེ། བྲི་བར་མ་ལང་། ཞེས་འབྱུང་བ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་ཀྱི་འབངས་ཐམས་ཅད་ཆོས་བཞིན་སྐྱོང་བའི་ཆེད་དུ་ཆོས་ཁྲིམས་མང་དུ་མཛད་པ་དང་། གཞན་ཡང་། ཁོང་གིས་མངའ་རིས་ཀྱི་འབངས་མི་སེར་ལ་ནམ་ཡང་དཀོན་མཆོག་གསུམ་ལ་བསྙེན་བཀུར་བསྒྲུབ་དགོས་པའི་མནའ་བསྐྱལ་ཏུ་བཅུག་པ་སྟེ།བཀའ་གཙིགས་ལས། ཡེ་ཤེས་འོད་ཀྱི་འབངས་ཁྱིམ་པ་དང་བན་སྐྱའི་ཚོགས་ལ་བྲོ་འཚལ་བའི་མདོ། དཀོན་ཆོག་གསུམ་གཞིག་ཅིང་སྤོང་སྟེ། དེ་ལྟར་སྨྲ་བ་ཞིག་བྱུང་ན་མཐུའ་ཅི་མཆིས་པས་དབང་དུ་བཏང་སྟེ། བཙན་པོ་འབངས་དགེ་བ་ལ་དད་ཅིང་བསྒྲུབ་པ་ཞིག་མཆིས་ན་དགག་རེ། ཆོས་འཁོར་དང་ལྷའི་རིས་སུ་སྔོས་པ་ཐབས་ཀྱི་དབྲི་སྟེ། རབ་ཏུ་བྱུང་བ་རྣམས་ཁ་དྲང་བའམ། སེམས་བསྒྱུར་དེ་དབབ་པའི་ཐབས་བགྱིད་རེ། མངའ་འབངས་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་དཀོན་ཅོག་གསུམ་གཉན་ཞིང་བཙུན་པར་མི་བཀུར་རེ། དཀོན་ཅོག་༣་གྱི་རྐྱེན་རིས་འབྲོག་ཕྱུགས་དང་རྐང་འགྲོས་ལ་སོགས་པ་སྐོར་དུ་ཚལ་(འཚལ)་ཐམས་ཅད་རྩོལ་ཕོད་དུ་ཏང(བཏང)་རེ། མཆོད་བརྟེན་དང་བཅོ་ཁྲི་དང་སྐུ་གཟུགས་བཀའ་ནན་གྱི་ཆུམས་ཤིང་གང་ལ་འོས་པའི་ཆད་པ་བཅོད(གཅོད)་པ་མི་མཛད་རེའི་ཞེས་སོགས་ཀྱང་འབྱུང་། ཞེས་འབྱུང་བ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སྟོད་ཀྱི་རབ་ཏུ་བྱུང་བ་དང་འབངས་མི་སེར་ཐམས་ཅད་སངས་རྒྱས་ཆོས་ལ་གཞུག་པའི་ཁྲིམས་བཅས་ཏེ་སངས་རྒྱས་ཆོས་ལུགས་དར་ཁྱབ་ཆེ་བར་བྱུང་བ་དང་། སྟོད་མངའ་རིས་ཀྱི་མགོ་ནག་ཐམས་ཅད་དམ་པའི་ཆོས་ཀྱིས་བཏུལ་ཅིང་རེ་ཞིག་སྤྱི་ཚོགས་ཞོད་འཇགས་སུ་གཏོང་ཐུབ་པ་བྱུང་ཡོད་ནའང་། མངའ་རིས་སྐོར་གསུམ་གྱི་རྒྱལ་སྲིད་ཐམས་ཅད་ཆོས་ལ་བསྟིམས་པས་“སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་”ལས་ཆགས་མ་ཐུབ་པ་རེད།

གསུམ་པ།ཆབ་སྲིད་བསམ་བློ་དེ་ལས་ཐོབ་བའི་ལོ་རྒྱུས་བསླབ་བྱ། སྤྱི་ཚོགས་འཚོ་བ་གང་འདྲ་ཞིག་ཡིན་ཀྱང་དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་རྩ་བའི་ཆ་རྐྱེན་གསུམ་འཛོམས་དགོས་ཤིང་། དཔལ་འབྱོར་ནི་རྨང་གཞི་དང་། ཆབ་སྲིད་ནི་སྟེང་གི་བཀོད་པ། རིག་གནས་ནི་དཔལ་འབྱོར་དང་ཆབ་སྲིད་འཕེལ་རྒྱས་འགྲོ་བྱེད་ཀྱི་སྒུལ་ཤུགས་ཡིན་པས། དེ་གསུམ་གཅིག་ལ་གཅིག་བརྟེན་གྱིས་ཕན་ཚུན་གཞོགས་འདེགས་ཐུབ་པ་ཡིན་ན་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་སླ་བ་དང་། དེ་ལས་ལྡོག་སྟེ་ཕན་ཚུན་འགོག་རྐྱེན་དུ་གྱུར་པ་ཡིན་ན། སྤྱི་ཚོགས་ཀྱི་སྒྲོག་གཞི་དེ་ལའང་རྩ་བའི་འཕོ་འགྱུར་བྱུང་སྟེ་ཉམས་ཉེས་སུ་འགྱུར་བ་ཞིག་རེད། བོད་བཙན་པོའི་གདུང་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་སྟོད་ཀྱི་སྲིད་དབང་ལ་མངའ་བསྒྱུར་ནའང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སུ་ས་གནས་ཆོས་ལུགས་ཀྱི་ཁ་གཏད་དུ་ལངས་པའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བསྐྱར་དུ་དར་སྤེལ་གཏོང་བར་ཤུགས་ཆེན་བརྒྱབ་པ་དང་། སངས་རྒྱས་ཆོས་ལུགས་ནི་དཔལ་འབྱོར་དང་དབང་སྒྱུར་བའི་བསམ་བློ་ལ་རྡུང་རྡེག་གཏོང་བྱེད་ཀྱི་རིག་གནས་ཤིག་ཡིན་པར་བརྟེན། སྐབས་དེའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་དེ་ལ་རྩ་བའི་འགལ་འདུ་འབྱུང་འགོ་བརྩམས་ཏེ་རྒྱལ་སྲིད་ཐམས་ཅད་ཆོས་ལ་བསྟིམས་པས་སྟོད་མངའ་རིས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་ཐེབས་པ་དེ་ནི།ཆབ་སྲིད་བསམ་བློའི་བཀོད་པ་དེ་ལས་བྱུང་བའི་བསླབ་བྱ་ཟབ་མོ་ཞིག་རེད་སྙམ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སྐོར་གསུམ་གྱི་སྤྱི་ཚོགས་རེ་ཞིག་བདེ་བར་འགྱུར་བའི་ཕྱིར་དུ་གུ་གེའི་མངའ་མཛད་སྤངས་ཏེ་ཐར་པར་གཤེགས་ནའང་། སངས་རྒྱས་ཆོས་ལུགས་མངའ་རིས་སུ་དར་སྤེལ་གཏོང་རྒྱུ་ནི་ཁོང་གི་ལས་འགན་གལ་ཆེན་ཞིག་ཡིན་པས། ཡེ་ཤེས་འོད་ཐར་པར་གཤེགས་རྗེས་རང་ཉིད་བཙན་པོའི་གདུང་སྲས་ཡིན་པའི་དམིགས་བསལ་དབང་ཆ་བེད་སྤྱད་དེ་གོང་མངའ་མཛད་ནས་དམན་བན་སྐྱ་ཐམས་ཅད་ཀྱིས་ཅི་བྱེད་ཆོས་བཞིན་བགྱི་དགོས་པའི་ཆོས་གཙིགས་དང་ཆོས་ཁྲིམས་ལག་བསྟར་བྱས་ཡོད་དེ། བཀའ་གཙིགས་ལས། སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང་།ཆོས་དང་འཐུན(མཐུན)་པར་རྒྱལ་ཁམས་སྐྱོང་བར་རྒྱལ་པོ་ལ་རག་ལས་པས། མངའ་མཛད་རྣམས་ཀྱི་བཅོ་བ་མཆོག་ཏུ་བཅེས(གཅེས)་ཏེ། དཀོན་མཆོག་གསུམ་གཉན་པར་བསྐུར་ཞིང་།ཡོ་བྱད་ཅི་འབྱོར་བ་ལ་བརྟེན་པའི་འབངས་དང་། ཞིང་དང་། སྐོར་དང་། རྐང་འགྲོས་ལ་སོགས་པ་སྔར་བསྔོས་པ་རྣམས་དབྲི། མི་སྐྱུང་བ་དང་། དམ་པའི་ཆོས་ནམ་དུ་ཡང་མི་བཞིག(གཞིག)་ཅིང། ཆེད་དུ་བསྒྲུབས་ཏེ་དར་བར་སྤེལ་བ་དང་།མངའ་རིས་བདེ་བར་བྱ་ཞིང་། ཞེས་མངའ་མཛད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་རྒྱུ་གཙོ་བོར་འཛིན་དགོས་པ་དང་ཆོས་དང་མཐུན་པར་རྒྱལ་ཁམས་སྐྱོང་པའི་ཁྲིམས་ལག་ལེན་ཏུ་བསྟར་ཡོད་པ་འདིས།ཆོས་དང་སྲིད་གཉིས་ལས་ཆོས་གཙོ་བོར་གཟུང་ཡོད་པ་དང་། མངའ་རིས་ས་ཁུལ་གྱི་ཁྲིམས་གང་ཡིན་ཡང་ཆོས་ཀྱི་ཚད་གཞི་ལྟར་གཏན་ལ་ཕབ་ཀྱི་ཡོད་པས། ཆོས་ཁྲིམས་ཀྱིས་མངས་རིས་ས་ཁུལ་གྱི་ཆེས་མཐོའི་སྲིད་འཛིན་གྱི་གོ་གནས་བཟུང་བ་དེས། བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འབྱུང་འགོ་བརྩམས་ཡོད་པ་མཚོན་ཐུབ། སྟོད་མངའ་རིས་སྐོར་གསུམ་མངའ་མཛད་གཅིག་གིས་སྐྱོང་ཆེད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་གཅེན་པོར་ཕུལ་ཏེ་རང་ཉིད་སྲས་དང་བཅས་པ་ཐར་པར་གཤེགས་པ་ནི་ཆབ་སྲིད་ཀྱི་མཁྱེན་པ་ཡངས་པའི་ངང་ཚུལ་ཞིག་ཡིན་ཀྱང་། ཕྱིས་སྲིད་ཁྲིམས་ལས་ཆོས་ཁྲིམས་གཙོ་བོར་བཟུང་སྟེ་མངའ་རིས་རྗེ་འབངས་ཡོངས་ཆོས་འཁོར་གྱི་དབང་དུ་བྱས་པས་ངང་ངམ་ཤུགས་ཀྱིས་སྲིད་དོན་ལ་མཐོང་ཆེན་མེད་པར་གྱུར་ཏེ། རྒྱལ་སྲིད་ཐམས་ཅད་ཆོས་ལ་བསྟིམས་པའི་སྣང་ཚུལ་དེ་བྱུང་བ་རེད།<<ཟླ་བའི་རིགས་ཀྱི་རྒྱལ་རབས་>>ལས། རྗེ་བྱང་ཆུབ་སེམས་དཔའ་ཡབ་སྲས་གསུམ་གྱིས་ཡབ་མེས་འཕྲུལ་བག་ཅན་ཆོས་སྐྱོང་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྲུལད་པའི་རྗེས་བསྙགས(བསྙེགས)་ནས་ལྷག་པར་ཡང་དཀོན་མཆོག་དབུ་འཕང་བསྟོད་ཅིང་། སངས་རྒྱས་ཀྱི་བསྟན་པའི་ཞལ་འཛིནད་མཛད་ཅིང་།གཙུག་ལག་བོན་ཆོས་ནི་ལྷ་ཆོས་སུ་མཛད། ཤིད་ནག་པོ་ནི་དཀར་པོར་འོངས་བསྒྱུར། ཉིད་ཀྱི་མངའ་རིས་ལ་མྱི་ལྷའི་འབྲམ་སོ་སོར་བསྙལ། ཐོ་ལིང་གི་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་། ཏ་པོའི་གཙུག་ལག་ཁང་ལསྩོགས་པ་མཐའ་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས། གཙོ་བོར་རྒྱལ་སྲིད་ཆོས་སྐོར་ལ་གཏིམས(བསྟིམས)།འབངས་ཞབས་ཀྱི་རྡེའུ་ལས་དབུའི་མཆོད་གནས་སུ་མཛད་དེ་དབུའི་གཙུག་ཏུ་བཀུར། འབངས་ཁྱིམ་པ་རྣམས་ཀྱང་སྐྱབས་སུ་འགྲོ་བ་དང་། དགེ་བསྙེན་དང་བསྙེན་གནས་ལ་བཙུད་ཅིང་ཆོས་དཀར་པོར་འོངས་བསྒྱུརད་ཏེ། ཤེས་པ་ཅན་ལ་རྔན་དཀྱིགས། ཡོན་ཏན་ཅན་ལ་དགེ་ཡོན་དང་སྦྱར་ཏེ། ལྷ་ཕྱག་འཚལ་བ་ལ་པང་ཀོང་ཞིང་། གསུང་རབ་བྱེད་པ་ལ་འབུམ་ཞིང་། ཐ་ན་དགེ་བསྙེན་བྱེད་པ་ལ་ཡང་བན་ཞིང་སྩལད།རབ་ཏུ་བྱུང་བ་ལ་ནི་ཆོས་རྩིགས(གཙིགས)།ཡུལ་དཔོན་ལ་ནི་ཆོས་ཁྲིམས། རྩང་སྟོད་ལ་ཁོད་བུ་ཆུང་ལ་སྩོགས་པ་སོ་སོར་བཀས་གནང་སྟེ། ཆོས་དང་སྲིད་བརྟན་པའི་རྨང་བཟང་པོ་ཐོག་མར་བྲེས། ཞེས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་ཆོས་ལ་བསྟིམས་ཚུལ་གསལ་པོར་བཀོད་ཡོད་པ་དང་།ཡང་གུ་གེ་མཁན་ཆེན་ངག་དབང་གྲགས་པའི་<<མངའ་རིས་རྒྱལ་རབས་>>ན།དེ་ནས་རྒྱལ་སྲིད་བཙན་གྲགས་ཐམས་ཅད། མི་རྟག་པ་སྒྱུ་མ་ལྟར་གཟིགས་ནས། རྒྱལ་སྲིད་ཆོས་ལ་སྟིམ་ཞིང་་་་་ ཞེས་འབྱུང་བ་དང་། དྲིལ་དཀར་ཟླ་བ་ལས། རྒྱལ་སྲིད་ལོངས་སྤྱོད་རྣམས་ཀྱང་དཀོན་ཅོག་ལ།། བསྟབས་ཤིང་འགྲོ་རྣམས་སོ་སོའི་བདེ་ལ་བཀོད།། ཞེས་འབྱུང་བ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་ཐམས་ཅད་ཆོས་ལ་བསྟིམས་པ་དེས་མངའ་རིས་སྤྱི་ཚོགས་ཀྱི་སྒྲོམ་གཞི་ལ་དོ་མི་སྙོམ་པའི་འགལ་འདུ་བྱུང་བ་དང་།ཆོས་ལུགས་རིག་གནས་དར་སྤེལ་གཙོ་བོར་བཟུང་བ་དེས་དཔལ་འབྱོར་དང་ཆབ་སྲིད་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཀྱི་ནུས་པ་འདོན་རྒྱུ་ཕར་ཞོགདེ་ལས་ལྡོག་སྟེ་འགོག་རྐྱེན་སྣ་ཚོགས་བཟོས་པས་མངའ་རིས་སྤྱི་ཚོགས་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་མེད་པར་གྱུར་པ་དང་།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དབང་དང་འབྱོར་བ་ཅི་ཡོད་སངས་རྒྱས་ཆོས་ལུགས་སྤེལ་བའི་ཕྱོགས་སུ་བཏོན་ཏེ་ཆབ་སྲིད་དར་སྤེལ་ལ་འགོག་རྐྱེན་བཟོས་པ་དེ་ནི་ཡབ་མེས་བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས་སངས་རྒྱས་ཆོས་ལུགས་ལ་རྒྱབ་སྐྱོར་ཐལ་དྲགས་པའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་བསྐྱར་དུ་འཁྲབ་ཡོད་པ་རེད།