ལྷ་བྱམས་རྒྱལ་
ལྷ་བྱམས་རྒྱལ། མདོ་སྨད་ཁྲི་ཀ་ནས་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་མཇུག་ཏུ་སྐྱེས། ཕྱིས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་དུ་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་གནས་བླངས་ནས་སློབ་མཐར་ཕྱིན་ཅིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ལྷོ་ནུབ་མི་རིགས་སློབ་གླིང་ནས་འབུམ་རམས་པའི་བསླབ་གནས་བླངས། ཕྱག་ལས་གནང་ས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་ཡིན། ཁོང་ནི་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་གཉིས་ཀར་ལྷོད་མེད་དུ་འཇུག་པའི་ན་གཞོན་ཤེས་ཡོན་པ་ཞིག་ཡིན་ཏེ། རིག་གཞུང་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་ལས་གཞན། ཕ་སྐད་རྩོམ་རིག་གསར་རྩོམ་གྱི་ཐད་དུ་ཡང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་། དེང་རབས་ཕ་སྐད་སྒྲུང་གཏམ་གསར་རྩོམ་ཁྱབ་ཁོངས་སུ་སྐད་གྲགས་ཆེ་ཞིང་སྣེ་ཁྲིད་པའི་དར་ཆ་ལྟ་བུར་གྱུར་ཡོད་པ་རེད།
ཁོང་སློབ་ཆེན་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་། ད་ལྟའི་བར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་མང་དུ་སྒྲུང་གཏམ་གཙོ་བྱས་པའི་བརྩམས་ཆོས་གང་མང་སྤེལ་མྱོང་། ཁོང་གི་བརྩམས་ཆོས་མི་ཉུང་བ་ཞིག་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས་མང་པོར་བདམས་ནས་པར་སྐྲུན་གནང་ཡོད་པར་མ་ཟད། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་གནང་ཡོད་པ་རེད། དེ་ལས་ཁོང་གི་སྒྲུང་རིང་བོད་ཀྱི་གཅེས་ཕྲུག་ཅེས་པ་དེ་ཉི་ཧོང་གི་སྐད་དུ་བསྒྱུར་ནས་པར་སྐྲུན་གནང་བ་དེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་ཉི་ཧོང་གི་སྐད་དུ་བསྒྱུར་བའི་བོད་ཡིག་གི་སྒྲུང་རིང་ཐོག་མར་གྱུར་ཡོད་པ་རེད།
བརྩམས་ཆོས
[རྩོམ་སྒྲིག]ཁོང་གིས་མཛད་པའི་བརྩམས་ཆོས་ཀློག་མཁན་གྱི་ད་སྔོན་མིག་མཐོང་ལག་ཟིན་བྱུང་པ་དག་གཤམ་གསལ་
ལམ་གྱི་ཉི་འོད
[རྩོམ་སྒྲིག]སྒྲུང་ཐུང་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས
[རྩོམ་སྒྲིག]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
བོད་ཀྱི་གཅེས་ཕྲུག
[རྩོམ་སྒྲིག]སྒྲུང་རིང་། མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་བོ་བསྐྲུན་པ་དང་བོད་དཔེ་མཛོད་ཁང་གིས་པར་གཞི་གཉིས་པ་བསྐྲུན་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་གཞི་གསུམ་པ་བསྐྲུན་ཡོད།
ནག་མོ་ཁོལ་གྱི་སྙན་ངག་དུས་ཚིགས་ཀུན་བསྡུས་བོད་འགྱུར་མ
[རྩོམ་སྒྲིག]འགྱུར་དེབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
རང་གི་འདོད་པ་ལྟར་གྱི་མི་ཞིག་བྱའོ
[རྩོམ་སྒྲིག]འགྱུར་དེབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
ཨ་མདོའི་ཁ་སྐད
[རྩོམ་སྒྲིག]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
པེ་ཅིན་གྱི་བོད་པ
[རྩོམ་སྒྲིག]རྩོམ་པ་པོ་གྲགས་ཅན་ལྷ་བྱམས་རྒྱལ་གྱིས་བྲིས་པའི་ལྷུག་རྩོམ་པེ་ཅིན་གྱི་བོད་པ་ཞེས་པ་དེ་མཆོད་མེ་རྩོམ་རིག་དྲ་བའི་སྟེང་བཀོད་མ་ཐག་ཀློག་གྲངས་ཁྲི་གསུམ་ལ་ཉེ་བས། གངས་རིའི་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པའི་སྡེ་དང་སྒྱུ་རྩལ་བའི་སྡེ། སློབ་གཉེར་བའི་སྡེ་སོགས་ལ་གྲགས་འགུལ་ཆེན་པོ་བཟོས། རྩོམ་འདི་ནི་ལྷུག་རྩོམ་གྱི་ལམ་ནས་བོད་པའི་ལོ་ངོ་སྟོང་གི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ཡོད་དེ། ད་ལྟའི་པེ་ཅིན་གྱི་བོད་པ་ཀུན་གྱི་མཐོང་ཆོས་མྱོངས་སུ་གྱུར་བའི་ལས་དབང་དེའི་གནས་བབ་སྒྱུ་རྩལ་གྱི་ལམ་ནས་སྤྲོས་བརྗོད་བྱས་པ་བརྒྱུད་ནས། བོད་པའི་ལོ་རྒྱུས་ཀྱི་སྤྱིའི་ཕམ་ཁ་ཞིག་ལ་མནོ་བསམ་བཏང་ཡོད་ཅིང་། དེ་ནས་རྒྱབ་ལོགས་སུ་ལུས་པའི་འདས་ཟིན་གྱི་མང་པོ་ཞིག་ལ་ཡང་དོགས་སློང་དང་དེ་ལས་དགག་སྒྲུབ་ཀྱི་རིག་ལམ་ཞིག་སྐྱེས་དགོས་པའི་རེ་བ་ཡང་བྲིས་འདུག འདི་ནི་རིག་གནས་ཕྱིར་རྟོག་སྐོར་གྱི་ལྷུག་རྩོམ་ཞིག་ཡིན་ཞིང་། ཐད་ཀར་གནས་ལུགས་ཅི་ཞིག་སྟོན་པར་རྔམས་པའི་བོད་པའི་འབོལ་རྩོམ་དག་དང་བསྡུར་ན་རྩོམ་རིག་གི་ཡིད་འགུག་ནུས་པ་ལྡན་ལ། ཡང་བརྩེ་དུང་གི་ཡིད་འགྱུར་ཁོ་ན་དམར་རྗེན་དུ་སྟོན་མཁན་དག་དང་བསྡུར་ན་དཔྱོད་ཤེས་ཀྱི་རིག་སྟོབས་མངའ་བས། ལྷུག་རྩོམ་ཡག་ཤོས་ཤིག་ཏུ་གྱུར་ཡོད་ལ། ཀློག་མཁན་དག་གིས་དགའ་མོས་ཚད་མེད་བྱེད་པ་ཡང་གནད་འདི་ལ་རག་ལས་བར་སྙམ།
བརྩམས་ཆོས་ལ་བྱ་དགའ་ཐོབ་ཚུལ
[རྩོམ་སྒྲིག]སྔ་རྗེས་སུ་བོད་ཀྱི་ཕ་སྐད་རྩོམ་རིག་གི་ཆེས་མཐོའི་བྱ་དགར་བསྔགས་པའི་《སྦྲང་ཆར》རྩོམ་རིག་ཐེངས་བཞི་ལ་ཐོབ་པ་དང་། འདི་ནི་ད་ལྟའི་བར་དུ་བྱ་དགའ་འདིའི་ལོ་རྒྱུས་སུ་བྱ་དགའ་ཐོབ་གྲངས་ཆེས་མང་ཤོས་དེ་ཡིན། ཀྲུང་གོའི་མི་རིགས་རྩོམ་རིག་གི་ཕ་སྐད་རྩོམ་རིག་བྱ་དགའ་ཐོབ།