Jump to content

ལྷ་ཕྱོགས་ནགས་རོང་ན་སྤྱོད་པའི་འབྲུག་རྗེ་

ཡོང་ཁུངས་Wikipedia

(ལྷོ་འབྲུག)དེང་སང་འབྲུག་པའམ་མུང་གཞན་པུ་ཏན་རྒཡལ་ཁབ་ཏུ་འབོད་པ་དེ་ཡིནཅིང། རྒྱལ་ཁབ་དེར་འབྲུག་པ་ཞེས་འབོད་པའི་རྒྱུ་མཚན་ནི། རྒྱལ་ཁབ་དེར་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་ལ་དད་པ་བྱེད་མཁན་མང་བའི་དབང་གིས་དེ་ལྟར་བརྗོད་པ་ཡིན། གནས་ཡུལ་ནི་ཧི་མ་ལ་ཡའི་རི་རྒྱུད་ལྷོ་ཕྱོགས་སུ་ཡོད་ཅིང་སྐམ་སའི་ནང་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། ནུབ་བྱང་དང། བྱང་ཕྱོགས། ཤར་ཕྱོགས་བཅས་རང་རེའི་བོད་ལྗོངས་དང་ས་འབྲེལ་ཡིན་པ་དང། ལྷོ་ནུབ་ནི་འབྲས་ལྗོངས་དང་ལྷོ་ཕྱོགས་ནི་རྒྱ་གར་དང་ས་འབྲེལ་ཡིན་ལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་དྲུག་སྟོང། མི་འབོར་ནི། ཆུ་བྱི(༡༩༧༢)ལོར་ཁྲི་བརྒྱད་ཅུ་ཙམ་ཡོད་པའི་ནང་ནས་བརྒྱ་ཆ་བདུན་ཅུ་དོན་ལྔ་ཙམ་ནི་འབྲུག་པའི་མི་རིགས་ཡིན་ལ། དེ་འཕྲོས་ནི་བལ་པོ་ཡིན་ཅིང། མང་ཚོགས་མང་ཆེ་བ་ནང་པའི་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡོད། འབྲུག་པ་ནི་བཀས་བཀོད་བརྒྱུད་འཛིན་རྒྱལ་ལྡན་རྒྱལ་ཁབ་ཡིན་པ་དང། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་དབྱིན་ཇིས་བཙན་འཛུལ་བྱས་ཤིང། བོད་རབ་བྱུང་བཅུ་དྲུག་པའི་ས་གླང(༡༩༤༩)ལོར་འབྲུག་པ་དེ་རྒྱ་གར་གྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཏུ་གྱུར། ལྕགས་ཕག(༡༩༧༡)ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིར་ཞུགས་ཐུབ་པ་བྱུང་ཡོད། འབྲུག་པ་ནི་རི་བོའི་དཀྱིལ་གྱི་རྒྱལ་ཁབ་ཅིག་ཡིན་ཅིང། ས་དབྱིབས་ནི་བྱང་རྒྱུད་མཐོ་སར་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་བཞི་སྟོང་ལྷག་ཙམ་གྱིས་མཐོ་བ་དང་གནམ་གཤིས་སྐམ་ཤས་ཆེ་བ་དང། ལྷོ་རྒྱུད་ཀྱི་ས་འབབ་དམའ་ཞིང་གནམ་གཤིས་དྲོ་བས་ནགས་ཚལ་མཐུག་པོས་ཁྱབ་པ་དང། དཀྱིལ་ཁུལ་དུ་གནམ་གཤིས་དྲོ་གྲང་སྙོམས་པ་དང་ཆུ་རྒྱུན་འབེལ་པོ་ཡོད་པས་ཞིང་ལས་ས་ཁུལ་གཙོ་བོའི་གྲས་ཡིན། གཏེར་ཁའི་ཐོན་ཁུངས་གྲས། ལྷང་ཚེར་དཀར་པོ། ཅུ་གང། ཉི་མ་ཁ་ཆུ། ཟངས། རྡོ་སོལ་བཅས་ཡོད། ཡུལ་མི་རྣམས་ཞིང་འབྲོག་གཉིས་ཀ་གཉེར་ཞིང། ཞིང་ལས་ཐོན་དངོས་གྲས་འབྲས། གྲོ། མ་རྨོས་ལོ་ཏོག་སོགས་ཡོད་པ་དང། འབྲུ་རིགས་རང་མཁོ་རང་ལྡང་བྱེད་ཐུབ་ཀྱི་ཡོད། ཚོང་ལས་བྱ་ཡུལ་གཙོ་བོ་ནི་རྒྱ་གར་ཡིན་ཅིང། ཕྱིར་འཚོང་དངོས་ཟོག་ནི་ཤིང་ཆ་དང། ཤིང་ཐོག ལག་རྩལ་ཐོན་རྫས་བཅས་ཡིན། ནང་འདྲེན་དངོས་ཟོག་གྲས་ལ་འཁེལ་འཐག་ཐོན་རྫས་དང་ཉིན་མཁོའི་ཡོ་བྱད་བཅས་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་པས་ཕྱུགས་ཟོག་དང་རྟ་བོང་བཅས་ནི་སྐྱེལ་འདྲེན་ཡོ་བྱད་གཙོ་བོ་ཡིན། གཞུང་ལམ་ཐད་རྒྱ་གར་བར་དུ་འགྲོ་ཐུབ་པའི་འཁོར་ལོའི་འགྲོ་ལམ་ཡོད། རྒྱལ་ས་ནི་ཐིམ་བུ་ཡིན་ཅིང་དེར་མི་འབོར་ལྔ་སྟོང་ཙམ་ཡོད་པ་དང། པུ་ན་ཁ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ཆིག་སྟོང་སུམ་བརྒྱ་བརྒྱད་ཅུ་ལྷག་ཙམ་གྱི་དམའ་སར་གནས་ནས་དགུན་དུས་ཀྱི་རྒྱལ་ས་ཡིན་ཅིང། མི་འབོར་ཉིས་ཁྲི་དྲུག་སྟོང་ཙམ་ཡོད།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།