Jump to content

ལྷ་གསོལ་འབྱུང་འཕེལ་གྱི་ལོ་རྒྱུས་

ཡོང་ཁུངས་Wikipedia

སྟོབས་བཅུ་མངའ་བའི་ཤཀྱའི་རྒྱལ་ཁྱེད་རྐང་གཉིས་གཙོ། ། གཙོ་དང་ཕལ་པའི་ཕྱོགས་རིས་ངན་ཉོན་ཀུན་ལས་ཞི། ། ཞི་གནས་ཏིང་འཛིན་བསྒྲུབས་པའི་བྱང་སེམས་གོམས་སུ་སྣང་། ། སྣང་བྱེད་མེ་ཟླུམ་ཁྱེད་འདྲས་ཀུ་མུད་རང་བློ་སྐྱེངས། །

དང་པོ། རང་རིགས་ཀྱི་ལྷ་གསོལ་འབྱུང་འཕེལ་གྱི་ལོ་རྒྱུས།

དེ་ཡང་ངེད་ཚོས་ལོ་རྒྱུས་གཤའ་མ་ཞིག་དང་རྣལ་མ་ཞིག་མཁྱེན་འདོད་ན་སྲོང་བཙན་དང་ཁྲི་སྲོང་གཙོ་བོར་བཟུང་བའི་འཆིང་རྒྱ་ལས་གྲོལ་ཏེ་དེ་བས་ཆེས་སྔ་བའི་ལོ་རྒྱུས་ཀྱི་ཁུངས་འཚོལ་གང་ཐུབ་བྱ་དགོས། རང་རེའི་མི་རིགས་ཀྱི་ལྷ་གསོལ་བའི་ཡུལ་གོམས་དེ་ནི་མི་ལོ་སྟིང་ཕྲག་དུ་མའི་གོང་རོལ་ནས་ཡོད་པར་མངོན་ཞིང་། དེ་ཡང་ཐོག་མ་འགྲོ་བ་མི་སྤྱིའི་འབྱུང་དུས་དང་འཕེལ་རིམ་ལས་རང་རེའི་བོད་མི་རིགས་ཀྱང་ཐོག་མ་མེད་པ་ནས་ཡོད་པ། ཡོད་པ་ནས་རྒྱས་པ། དེ་དག་གི་འཕོ་འགྱུར་གྱི་ཁྲོད་ནས་རང་ནུས་དམན་པ་དང་ཞན་པའི་དབང་གིས་རང་ལས་ལྷག་པའི་མི་དག་ལ་སྐྱབས་བཅོལ་ལམ་མི་བུ་དེ་དག་ནི་རང་གི་མགོན་དུ་འཛིན་པའི་ཆོ་ག་ཞིག་འགྲུབོ། །དེ་ཡང་ ①“འོ་དེ་གུང་རྒྱལ་བྱ་བ་དེ་ནམ་མཁའ་འཕྲུལ་ཙམ་ན་བཞུགས་པའི་ཚེ། གནམ་གྱི་ཐང་ང་དགུ་དང་བཤོས་པའི་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ། །ཆར་བབས་པའི་གྲངས་ལས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད་དོ། །བར་སྣང་ལ་བཞུགས་པའི་ཚེ། བར་གྱི་ཐང་ང་དགུ་དང་བཤོས་པའི་སྲས་རི་རབ་ཀྱི་རྡུལ་ཕྲན་པས་མང་བའི་ལྷ་ཀུན་གྱི་ཡབ་མཛད། ས་དོག་ལ་གཤེགས་པའི་ཚེ་ས་སྡེ་བརྒྱད་ཀྱི་ཚིས་མཛད། མི་དམངས་ཀྱི་ལྷར་གཤེགས། ལྷ་དགུའི་ཡབ་ལགས་སོ། །”དེའི་ཐོག་ནས་གནའ་མིའི་བསམ་པར་གནམ་ས་བར་སྣང་དང་བཅས་པ་ཐམས་ཅད་ལྷས་གང་ཞིང་ཡོད་ཚད་ལྷ་ལ་བརྟེན་ནས་བྱུང་བའི་ངོས་འཛིན་བྱེད་པ་དེ་མཚོན་གྱི་ཡོད། དེ་ནས་ཡང་བོད་ཀྱི་སྲིད་པའི་ལྷ་རབས་བྱུང་ཚུལ་སྐོར་བཤད་པར།②“ཁུ་ས་ཁུ་མ་དང་བཤོས་པའི་སྲས། ཡར་ལྷ་ཤམ་པོ་དང་གཅིག……..འཆིམས་ལྷ་ཐན་ཚོ་དང་གཉིས། …………..ཅེན་དབྱེ་ལྷ་སྤྱི་དཀར། ཅུང་གྲོ་ལ་གང་བུ ……….. ཅེན་རྩང་ལྷ་ལྷ་དར། …………….. ”ཅེས་གསལ་བ་ལྟར་དེ་དག་ནི་བོད་ཀྱི་ལྷ་ཆེན་སྔ་ཤོས་སུ་གྲགས། ཡང་མཐོ་ལ་རྩས་ཀྱི་ལྷ། རྨ་གྲུ་རྩས་ཀྱི་ལྷ། ཡུལ་གྱི་ཡུལ་ལྷ། མཁར་གྱི་རྕེ་ལྷ། ཕྱི་ལྷ་དང་ནང་ལྷ། སྒོ་ལྷ་བཅས་རིམ་གྱི་མི་རྣམས་ཀྱི་ཡུལ་ལྷ་ལ་སོགས་རང་གི་འཚོ་བ་དང་ཉེ་བར་སོང་བ་ལས་ལྷ་དེ་དག་ནི་རང་གི་མགོན་སྐྱབས་ཚད་ལྡན་དང་། དེ་དག་གསོལ་བ་དང་མཆོད་པ་ནི་སྐབས་དེའི་དུས་ཀྱི་ཆོ་ག་ལེགས་ཤོས་སུ་ངོས་འཛིན།

གཉིས་པ། འདོད་མའི་ལྷ་གསོལ་དམར་མཆོད་ནམ་དར་ནམ་ཞན་དུ་སོང་བ།

ཀུན་གྱི་མཁྱེན་གསལ་ལྟར་ཁ་བ་རི་པའི་ལྗོངས་དེར་ནང་ཆོས་སམ་བན་ཆོས་མ་དར་སྔོན་ནས་བོན་གྱི་ལྟ་བ་དག་དར་ཡོད་ལ། ཆབ་སྲིད་ཀྱང་སྒྲུང་། ལྡེའུ། བོན་གསུམ་གྱི་བསྐྱངས་ཞེས་ཀུན་གསལ་དུ་འགྱུར། དེས་ན་སྔར་བོན་(བརྡོལ་བོན་)དང་འབྲེལ་བའི་“དམར་མཆོད”ཀྱི་མཆོད་པ་དེ་ནི་གང་ཙམ་ན་བོད་དུ་དར་ཅེ་ན་“③དེ་རྗེས་བདུད་དང་སྲིན་མོས་དབང་བྱས་ཤིང་། བྲག་རི་དམར་ནག་ནགས་ཁྲོད་ལ་གནས་བཅས། འགྲོ་བ་མི་ལ་གནོད་བྱེད་དངོས་སུ་ཟ ། མི་རྣམས་དུད་འགྲོའི་ཤ་ཟ་གདོང་པ་དམར། ཡུལ་མིང་བདུད་ཡུལ་ནག་པོ་དགུ་སུལ་ལམ། ཁ་རག་སྒོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ། མི་དང་སྲིན་འབྲེལ་སྲིན་གྱི་ཚ་བ་མང་། འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ”ཞེས་འཁོད་པ་ནི་བོད་མིའི་མ་རྒྱུད་བྲག་ཟིན་ལས་ཆད་པ་ཟེར་བའི་བཤད་སྲོལ་ཡང་དཔྱད་གཞིའི་འབྲེལ་བ་ཡོད་པ་མ་ཟད། གནའ་བོའི་མི་ཚོར་འགལ་རྐྱེན་འཕྲད་དུས་ཡུལ་གྱི་ལྷ་ལ་དམར་མཆོད་ཀྱིས་གསོལ་ཁ་བྱེད་པའི་གོམས་སྲོལ་ནི་དེ་དུས་ནས་ཡོད་པ་གསལ་པོར་མཚོན། དགེ་འདུན་ཆོས་འཕེལ་གྱི་《དེབ་ཐེར་དཀར་པོ་》ནང་ལ་རྒྱའི་ཡིག་རྙིང་ལས་བོད་ཀྱི་གནའ་སྲོལ་སྐོར་དྲངས་པའི་བསྒྱུར་ཡིག་དུམ་བུར་ཡང་།“④……བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེན་སྐྱེལ་ཞིང་མཚན་གྱི་གུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་རྡོ་ཞིག་གིས་ཆོ་ག་གཏོང་། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང་། བསམ་ངན་དང་སེམས་མ་དྲང་བ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེས་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟའི་བསད་པའི་དུད་འགྲོ་དེ་རྣམས་བཞིན་དུ་དུམ་བུར་བྱས་ལ་སོད་ཅེས།”ཞེས་གསལ་ཡོད། དེ་རྗེས་གཡུང་དྲུང་བོན་གྱི་ལུགས་ལ་དམར་ཆོས་བྱེད་སྲོལ་མེད་ཅེས་གསལ་བཤད་གནང་འདུག་ལ་དེ་དང་དཀྱུས་གཅིག་ཏུ་ནང་ཆོས་བོད་དུ་དར་ནས་“འཚེ་བ་ཆོས་སུ་སྨྲ་བ”ཞེས་དང་ནང་ཆོས་བོད་དུ་ཁྱབ་ནས་དམར་མཆོད་དེ་ཇེ་ཞན་དུ་སོང་། འོན་ཀྱང་རྩ་བ་ནས་བྱེད་མི་རུང་བའི་རྒྱབ་འགལ་ཞིག་མིན་པར་ད་ལྟ་ཡང་ཀོང་པོ་རྒྱ་ལ་གྲོང་ཚོ་དང་སྤོ་བོ་ཐང་སྨད་ཁུལ་སོགས་སུ་བཅིངས་འགྲོལ་མ་ཐོབ་གོང་སྲོལ་རྙིང་དེ་ད་དུང་གནས་ཡོད་འདུག ཁོང་ཚོས་ལྷ་གསོལ་རྒྱས་པ་བྱེད་སྐབས་ཁྱིམ་ཚང་སོ་སོའི་འབྱོར་འཁོས་ལ་གཞིགས་པའི་ར་ལུག་དང་། བྱ་དེ། ཐ་ན་སྒོ་ང་གཅིག་ཡན་ལྷ་རྟེན་གྱི་དྲུང་དུ་བཤས་ནས་དེའི་ཤ་ཕུད་་དང་ཁྲག་ཕུད་བསང་རྫས་ནང་བསྲེས་ཏེ་མེར་བསྲེགས་ཀྱི་གསོལ་ཁ་བྱེད་སྲོལ་ཡོད་ཅེས་ཐོས། དེ་ལྟབུ་མདོ་ཁམས་ཁུལ་གྱི་ས་ཆ་ཉུང་ཤས་ལའང་ཡོད་པར་གྲགས།

གསུམ་པ། བསང་གཏོང་གོམས་གཤིས་ཀྱི་འབྱུང་བ་དང་《འཛམ་གླིང་སྤྱི་བསང་》གི་ངག་རྒྱུན།

༡ བསང་གཏོང་བ་ནི་བོད་མི་རིགས་ལ་དབང་བའི་ཡོངས་ཁྱབ་ཀྱི་ཆོ་ག་ཞིག་ཏུ་སྣང་། དེ་ཡང་ལོ་གསར་དང་ཚེས་བཟང་དུས་བཟང་སོགས་ལ་ཡུལ་མི་ཚོས་ཡུལ་ལྷ་དང་ཆུ་ལྷ་སོགས་གསོལ་བར་བསང་གཏོང་བ་དེ་ལས་ཆོ་ག་དེ་ནི་ཡོངས་ཁྱབ་ཀྱི་སྒྲུབ་བྱེད་དུ་མཆིས། ཆུ་འགོ་གངས་དང་ཆོས་འགོ་རྒྱ་གར་ལ་ཐུག་པ་བཞིན་དེ་ལྟབུའི་སྲོལ་དེ་ཇི་ལྟར་བྱས་ནས་དར་བ་ཡིནམ་ཞེས་རང་བློ་ནང་དུ་བཞག་ནས་མནོ་བསམ་རེ་ཐོངས་ན། དེ་ལྟར་གྱི་སྲོལ་དེ་ནི་ལོ་རྒྱུས་སྨྲ་བའི་ཐོག་ནས་འཆད་ན་⑤“བསང་གཏོང་བ་དེ་ནི་གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་སེལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་གར་བརྩི་བརཡིན་འདུག་”ཅེས་མཁས་དབང་ཆབ་སྤེལ་ལགས་ནས་དེ་ལྟར་དུ་འདོད་འདུག

༢ 《འཛམ་གླིང་སྤྱི་བསང་》ཞེས་ཡོངས་སུ་གྲགས་པ་དེའང་རྒན་རབས་ཀྱི་ངག་རྒྱུན་ལ། བཙན་པོ་ཁྲི་སྲོང་ལྡེ་ཙན་གྱིས་བསམ་ཡས་གཙུག་ལག་ཁང་ལེགས་པར་བཞེངས་གྲུབ་པའི་གཏང་རག་ཏུ་ལོ་དེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་བསམ་ཡས་ཧས་པོ་རིའི་རྩེ་མོར་བསང་ཕུང་ཆེན་པོ་རི་རྩེ་ཁེབས་པ་ཞིག་བརྩིགས་ནས་ལྷ་གསོལ་བསང་མཆོད་གནང་བའི་དྲི་བཟང་གི་དུད་སྤྲིན་འཛམ་གླིང་བར་སྣང་གི་ཁྱོན་ཀུན་དཀྲིགས་པའི་དུས་སྟོན་དེར་འཛམ་གླིང་སྤྱི་བསང་དུ་གྲགས། 《རྒྱལ་པོ་བཀའ་ཐང་》དུ་བསམ་ཡས་བཞེངས་པའི་དགའ་སྟོན་བཤད་པའི་ནང་“……སྤོས་དཀར་སྨན་གྱི་དུད་པས་ལུང་པ་ཁེངས……”ཞེས་འཁོད་འདུག ཅེས་བསང་གཏོང་བ་དེ་ཡང་གལ་ཆེན་གྱི་རིན་ཐང་དུ་བསྒྱུར་རོ། །

བཞི་པ། ཐོག་མའི་བོན་དང་རྗེས་ཀྱི་ནང་ཆོས་དར་རྗེས་ཆོ་ག་ཁག་གི་བཅོས་བསྒྱུར།

ཐོག་མའི་བོན་གྱི་ཆོ་ག

ནང་ཆོས་དར་རྗེས་ཆོ་ག་ཁག་བསྒྱུར་བ། བོན་ལུགས་ཀྱི་འཇིག་རྟེན་གྱི་དྲེགས་པ་ཅན། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་ཏུ་འགྱུར་བ། ལྷ་གསོལ་ཆེད་ལས་པ་དང་གནའ་བོའི་ལྷ་བོན། བན་ཆོས་ཀྱི་སྔགས་པ་དང་བན་དེར་འགྱུར་བ། ཆོ་གའང་བོན་གྱི་ལྷ་གསོལ་ཚབ་ཏུ། ལྷ་བསང་དགྲ་ལྷ་དཔངས་བསྟོད་ལྟབུར་འགྱུར་བ། སྔོན་ཆད་ཀྱི་ཚེ་འདིའི་འདོད་དོན་ནས། ཚེ་ཕྱི་མའི་དགེ་བ་དོན་གཉེར་གྱི་ཕྱོགས་སུ་འགྱུར་བ། ཐོག་མའི་བོན་གྱི་ཆོ་ག ནང་ཆོས་དར་རྗེས་ཆོ་ག་ཁག་བསྒྱུར་བ།

ལྔ་པ།

གོང་གི་དཔྱད་པ་རླན་བྲལ་སྐམ་པོ་དེ་འདྲ་བརྗོད་པ་ནི་དམིགས་བུ་མེད་པའི་དམུས་ལོང་དང་མཚུངས་པས། རང་ངོས་ནས་མཁས་པས་བཤད་པ་ཅི་ཡང་བདེན། སྙན་ངག་པ་ལ་ཅི་ཡང་རྒྱན། ཞེས་པ་ལྟར་མཁས་པ་གོང་མ་ཚོའི་རྗེས་སུ་སྙེག་ནས་ཁོང་ཚོའི་བརྩམས་ཆོས་ལས་སྙིང་བཅུད་དང་ལྡན་པ་དག་བཀོད་པ་ཡིན། བདག་རང་གི་སུམ་རྟགས་ཀྱི་འགྲོ་ལུགས་དང་ཕྱོགས་གང་ནས་དམན་པས་རྒྱ་ཆེའི་ཀློག་པ་པོ་དང་མཁྱེན་པ་པོ་ཡོངས་ནས་སྐྱོན་སེལ་དང་དགོངས་འཆར་གང་མང་ཡོད་པ་མཁྱེནོ། ། ། །

གོང་གི་དཔྱད་གཞིའི་དཔེ་ཆ་དག་གཤམ་གསལ་ལྟར། ①②《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》དཔེ་རྙིང་བྲིས་མ་ཤོག་གྲངས༡༢༩---༡༣༠བར་གསལ། ③《འབེལ་གཏམ་ལུང་གི་སྙིང་པ》ཕྱི་པར་མ་དེབ་ངོས་༢༤---༢༥བར་གསལ། ④《དེབ་ཐེར་དཀར་པོ》ཤིང་པར་མའི་ཤོག་གྲངས་༡༩མདུན་གསལ། ⑤ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གི་དཔྱད་རྩོམ་༡༡༧ལ་གསལ།