Jump to content

ལྟོས་པ་

ཡོང་ཁུངས་Wikipedia

ལྟོས་པ་ཞེས་པ་ནི་བོད་སྐད་ཀྱི་ཐ་སྙད་ཅིག་སྟེ། གཞན་ལ་བརྟེན་པའམ་རེ་བ་བྱེད་པ། འདོད་པ་སྐོང་བའི་ཆེད་དུ་གཞན་ལ་ལྟ་བ། གཞན་གྱི་རོགས་རམ་ལ་རག་ལས་པ་སོགས་ཀྱི་དོན་ལ་སྤྱོད་པའི་ཚིག་ཡིན། ནང་པའི་གཞུང་ལུགས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་སྐབས་སུ་ལྟོས་པ་མེད་པའི་ཡོན་ཏན་གལ་ཆེར་བརྗོད་ཅིང་། རང་དོན་དང་འབྲས་བུ་ལ་ལྟོས་པ་མེད་པར་སེམས་ཅན་གྱི་དོན་ལ་འཇུག་པའི་སྒོ་ནས་ཕར་ཕྱིན་གྱི་སྤྱོད་པ་ལ་གོ་རིམ་ཡོད་པར་བསྟན།

སྒྲ་བཤད།

[རྩོམ་སྒྲིག]

ལྟོས་པ་ཞེས་པ་ནི་ལྟོས་ཞེས་པའི་འབྱུང་ཁུངས་ནས་བྱུང་བ་སྟེ། བྱ་ཚིག་གི་ངོ་བོ་ནས་མཐོང་བ། ཞིབ་བཤེར། བལྟ་སྟངས། གཞོལ་བ། བརྟེན་པ་སོགས་ཀྱི་དོན་དུ་གོ་དགོས། འདི་ལ་པ་ཡི་རྐྱེན་སྦྱར་ནས་མིང་ཚིག་ཏུ་གྱུར་པ་ཡིན།

མཚན་ཉིད།

[རྩོམ་སྒྲིག]

ལྟོས་པ་ཞེས་པ་ནི་གཞན་གྱི་དངོས་པོ་འམ་གནས་སྟངས་ལ་བརྟེན་ནས་རང་ཉིད་ཀྱི་ཡོད་པ་འམ་བྱ་བ་ལ་ཞུགས་པའི་ཚུལ་ལ་གོ དེའི་ལྡོག་ཕྱོགས་སུ་ལྟོས་པ་མེད་པ་ཞེས་པ་ནི་གཞན་གྱི་ཡོད་མེད་དང་གནས་སྟངས་ལ་མ་བརྟེན་པར་རང་རྐྱང་པའི་ངང་ནས་གནས་པའམ་བྱ་བ་ལ་ཞུགས་པའི་ཚུལ་ལ་གོ་དགོས།

དབྱེ་བ།

[རྩོམ་སྒྲིག]

ཕྱི་རོལ་གྱི་ལྟོས་པ། དེ་ནི་ཕྱི་རོལ་གྱི་དངོས་པོ་འདོད་ཡོན་དང་གནས་སྟངས། གཞན་གྱི་མཐུན་འགྱུར། ཡོ་བྱད་སོགས་ལ་བརྟེན་ནས་རང་ཉིད་ཀྱི་སེམས་ཀྱི་བདེ་སྐྱིད་དང་བྱ་བ་ལ་ཞུགས་པའི་ཚུལ་ལ་གོ།

ནང་གི་ལྟོས་པ། དེ་ནི་རང་ཉིད་ཀྱི་ལུས་སེམས་ཀྱི་གནས་སྟངས་དང་ཉམས་མྱོང་། བསམ་བློ་སོགས་ལ་བརྟེན་ནས་སྤྱོད་པ་ལ་ཞུགས་པའི་ཚུལ་ལ་གོ།

ནང་དོན།

[རྩོམ་སྒྲིག]

འདོད་ཡོད་སོགས་ལ་ལྟོས་པ་མེད་པ། "སྐྱེས་བུ་དམ་པ་ག༷ང་ཞིག༷་གཉེན་གྲོགས་ལོངས་སྤྱོད་སོགས་འདོད་པའི་ཡོན་ཏན་ཀུན༷་ལ༷་རེ་འདོད་ཀྱིས་ལྟོས༷་པ་མེ༷ད་པ༷་ཉིད་དུ་གན༷ས་པ་དེ༷་ཡི༷་འབྱོར་པའི་བདེ་བ་ཕུན་ སུམ་ཚོ༷གས་པ་ནམ་ཡང་ཟ༷ད་མི་ཤེ༷ས་པ་ཉིད་ཡིན་ཏེ།"[] ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱི་རོལ་གྱི་འདོད་ཡོན་དང་གཞན་གྱི་རེ་འདོད་ལ་ལྟོས་པ་མེད་པར་གནས་དགོས་པའི་གནད་གལ་ཆེ་བ་སྟོན་གྱི་ཡོད།

གཞན་དོན་གྱི་ཆེད་དུ་ལྟོས་པ་མེད་པར་སྦྱིན་པ། དེ་བཞིན་དུ། "ལུས་ལོངས་སྤྱོད་དགེ་རྩ་ཐམས་ཅད་གཞན་དོན་དུ་གཏོང་བར་རིགས་ཏེ། དེ་ལྟར་ཐམས་ཅད་བཏང་བས་མྱ་ངན་ལས་འདའ་བ་ཐོབ་ནུས་ལ། བདག་གི་བློ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་འདོད་པ་ཡིན་པས་སོ། །"[]ཞེས་གསུངས་པ་འདིས་རང་གི་ཕན་ཡོན་ལ་ལྟོས་པ་མེད་པར་གཞན་དོན་དུ་ཐམས་ཅད་གཏོང་བའི་གལ་ཆེ་བ་བསྟན་གྱི་ཡོད།

ཉམས་མྱོང་གི་སྒོ་ནས་ལྟོས་པ་མེད་པར་གནས་པ། "ཁང་སྟོང་དང་ཤིང་དྲུང་དང་ཕུག་དག་ཏུ་གང་དུ་ཇི་སྲིད་འདོད་ཀྱི་བར་དུ་གནས་ཤིང་། དེ་འདོད་ཡོན་ལ་ཡོངས་སུ་འཛིན་པ་དང་སྲུང་བའི་སྡུག་བསྔལ་སྤངས་ཏེ་རེ་དོགས་ཀྱི་ལྟོས་པ་མེད་པར་བག་ཡངས་སུ་སྤྱོད་ལ།"[] ཞེས་གསུངས་པ་འདིས་དབེན་པ་ལ་དགའ་ཞིང་ཕྱི་རོལ་གྱི་རེ་འདོད་དང་འཇིགས་པ་རྣམས་ལ་ལྟོས་པ་མེད་པར་ཞི་གནས་ཀྱི་ཉམས་མྱོང་ལ་གནས་པའི་ཁྱད་པར་སྟོན་གྱི་ཡོད།

རྟེན་འབྲེལ་གྱི་ཆ་ནས་ལྟོས་པ། དབུ་མའི་ལྟ་བར་ལྟོས་པ་ཞེས་པ་འདིས་ཆོས་ཐམས་ཅད་རྟེན་འབྲེལ་ཅན་ཡིན་པའི་གནས་ལུགས་སྟོན། གཞུང་དུ་གསལ་བ་ལྟར། "འདི་ཡོད་པས་འདི་འབྱུང་ལ་འདི་སྐྱེས་པས་འདི་སྐྱེ་བའི་ཕྱིར། འགྲོ་བ་འདི་ནི་རྐྱེན་ལས་བྱུང་བ་ཙམ་སྟེ་ འདིར་འགའ་ཡང་རང་དབང་ཅན་དུ་འབྱུང་བ་མེད་དོ། །"[] ཞེས་གསུངས་པ་ལྟར། དངོས་པོ་གང་ཡང་རང་ནུས་ཀྱིས་སྐྱེ་བ་མེད་པར་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བ་ཡིན།

སེམས་བསྐྱེད་ཀྱི་ངོ་བོ་ནས་ལྟོས་པ་མེད་པ། ཡོན་ཏན་གུམ་བཞུག་གི་གཞུང་ལས། "ལན་དང་རྣམ་སྨིན་སོགས་གང་ལའང་ལྟོས་པ་ མེད་པ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མཉམ་པ་ཉིད་དུ་བལྟས་ནས་ལེགས་པར་ཕན་འདོགས་ཤིང་བདེ་དགེ་འབའ་ཞིག་ལ་སྦྱོར་བར་བྱེད་པ་"[]ཞེས་གསུངས་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལན་འདོད་དང་རྣམ་སྨིན་གྱི་འབྲས་བུ་རེ་བ་ལ་ལྟོས་པ་མེད་པར་སེམས་ཅན་ལ་ཕན་པ་བྱེད་པའི་གནད་གལ་ཆེ་བ་བཤད་ཡོད།

ལྟོས་པ་མེད་པའི་སྤྱོད་པ། "དེ་ཉིད་ནི་ལྟོས་པ་མེད་པ་ཞེས་གསུངས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པ་ལ་རང་གི་དོན་དུ་ལྟོས་པ་མེད་པའོ། །དེ་ལྟར་ན་སུའི་དོན་དུ་ཉམས་སུ་ལེན་ པར་བྱེད་ཅེ་ན། སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །"[]ཞེས་གསུངས་པ་ལྟར། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་ལ་ལས་ལ་ཞུགས་པའི་སྐབས་རང་གི་འབྲས་བུ་ལ་རེ་བ་མེད་པར་སྤྱོད་པ་ལ་གོ།

རྩོད་སྤོང་།

[རྩོམ་སྒྲིག]

ཁ་ཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གལ་ཏེ་གང་ལའང་ལྟོས་པ་མེད་པར་སྤྱོད་ན་གཞན་དོན་ཇི་ལྟར་བྱེད་དམ་ཞེས་འདྲི་སྲིད། དེའི་ལན་དུ། "རང་དོན་ལ་ལྟོས་པ་མེད་པར་བདག་ཉིད་གཞན་ལ་ཕན་པའི་ཆེད་དུ་གཏང་བར་བྱ་བ་དང་། གཞན་སེམས་ཅན་རྣམས་ལ་བདག་ཉིད་བཞིན་དུ་གཅེས་པར་བཟུང་ནས་བརྗེ་བར་བྱ་བ་ཡིན་"[]ཞེས་གསུངས་པ་འདིས་ལྟོས་པ་མེད་པའི་ཆོས་སྤྱོད་ནི་གཞན་དོན་གྱི་ཆེད་དུ་ཡིན་པས་འགལ་བ་མེད་པར་གསལ་བཤད་ཡོད།

བསྡུས་དོན།

[རྩོམ་སྒྲིག]

ལྟོས་པ་ཞེས་པའི་ཐ་སྙད་འདི་ནི་བོད་ཀྱི་ནང་ཆོས་ཀྱི་ཆོས་སྤྱོད་ནང་གལ་ཆེན་པོའི་རྨང་གཞི་ཞིག་ཡིན། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཕྱི་རོལ་གྱི་འདོད་ཡོན་དང་ལན་འདོད། རེ་བ་སོགས་ལ་ལྟོས་པ་མེད་པར་གཞན་དོན་གྱི་ཆེད་དུ་སྤྱོད་པ་བྱེད་པའི་གནད་དམ་པོ་ཞིག་ཡིན། དེ་བཞིན་ཆོས་ཉིད་ཀྱི་རང་བཞིན་ཡང་རྟེན་འབྲེལ་གྱི་སྒོ་ནས་གཞན་ལ་ལྟོས་ནས་འབྱུང་ཡང་། དམ་པའི་ཆོས་སྤྱོད་པ་ན་ཕྱི་རོལ་གྱི་གནས་སྟངས་ལ་ལྟོས་པ་མེད་པར་ཐུགས་རྗེ་ཆེན་པོ་དང་ཤེས་རབ་ཀྱིས་གཞན་དོན་ལ་འཇུག་དགོས་པ་སྟེ། འདིས་བོད་ཀྱི་ནང་ཆོས་ཀྱི་ལམ་རིམ་དང་སེམས་སྦྱོང་གི་རྨང་གཞི་ལ་གནད་འགག་ཆེན་པོ་ཞིག་ཡིན་པར་སྟོན་གྱི་ཡོད། དེས་ན་ལྟོས་པ་དང་ལྟོས་པ་མེད་པའི་རིགས་པ་རྟོགས་པ་ནི་ཆོས་པ་རྣམས་ཀྱི་ཉམས་ལེན་ལ་གནད་འགག་ཆེན་པོ་ཞིག་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༡༠
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༥༤
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༥༤
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༤༢༩
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༨༠
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༦༠
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༨༦༢