ལྟ་བ་དང་གྲུབ་མཐའ་སྣ་ཚོགས་པ་བརྗེད་བྱང་དུ་བགྱིས་པ་

ཡོང་ཁུངས་Wikipedia

༄༅། །ལྟ་བ་དང་གྲུབ་མཐའ་སྣ་ཚོགས་པ་བརྗེད་བྱང་དུ་བགྱིས་པ་བཞུགས་སོ། །

ཉན་ཐོས་ཀྱི་ལྟ་བ་ནི། བྱེ་བྲག་པ་དང་། མདོ་སྡེ་པ་གཉིས་ཀ་འདྲ་བར། ཡུལ་རྡུལ་ཕྲ་རབ་རྫས་སུ་ཡོད་པར་འདོད་དོ། །ལུང་ལས་ཀྱང་། ལག་མཐིལ་སྤུ་ཉག་གཅིག་བཞག་ན། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །མིག་ཏུ་སོང་ན་དེ་མིན་ལྟར། །མཁས་པའི་ཡེ་ཤེས་མིག་དང་འདྲ། །མི་མཁས་ཡེ་ཤེས་ལག་མཐིལ་འདྲ། ཞེས་འབྱུང་སྟེ། དེ་ཡང་བྱེ་བྲག་པ་དང་། མདོ་སྡེ་པའོ། །དེ་ཡང་བྱེ་བྲག་པ་ནི། མུ་སྟེགས་བྱེ་བྲག་པ་ཡོད་པར་སྨྲ་བ་དང་མཐུན་ཏེ། མུ་སྟེགས་བྲེ་བྲག་པ་ཡོད་པར་སྨྲ་བ་ནི། ཆོས་ཐམས་ཅད་སྒྲ་ཙམ་དུ་འདོད་ལ། སྒྲ་དེ་ཡང་མ་འདྲེས་པར་འདོད་དོ། །དེ་དང་མཐུན་པར་ཉན་ཐོས་བྱེ་བྲག་པ་ཡང་། དངོས་པོ་ཐམས་ཅད་ཀྱི་མཐའ་ནི་རྡུལ་ཕྲ་རབ་དུ་འདོད་ལ། དེ་ཡང་མ་འདྲེས་པར་འདོད་དོ། །འོ་ན་སྒྲ་མ་འདྲེས་པར་འདོད་པ་དང་། རྡུལ་མ་འདྲེས་པར་འདོད་པ་གཉིས་འདྲ་ན། གཅིག་ནི་ཅི་སྟེ་འཁོར་བའི་ཆོས་སུ་གསུངས་ལ། གཅིག་ནི་ཅི་སྟེ་ཐར་པ་མྱ་ངན་ལས་འདས་པའི་ཆོས་སུ་གསུངས་ཞེ་ན། ལན་དུ། དེ་ལྟ་ཞིག་ན་ཡང་མུ་སྟེགས་ཀྱིས་ནི། སྒྲ་རྟག་པར་འདོད་ལ། དེ་ལ་བྱེད་པ་པོའི་བདག་གཅིག་ཀྱང་ཡོད་པར་འདོད་དེ། སྒྲ་དེ་གོམས་པ་མཐུར་གྱུར་པའི་ཚེ་ན། ནམ་མཁར་ལག་པས་རེག་ན་ཏྭག་ཏྭག་ཟེར་བར་འགྱུར་རོ་ཞེས། དེ་ལྟར་བདག་རྟག་པར་འདོད་པས་འཁོར་བའི་ཆོས་སུ་གསུངས་ལ། ཉན་ཐོས་ཀྱིས་ནི། རྡུལ་ཕྲ་རབ་དེ་ཉིད་མི་རྟག་པ་དང་། བྱེད་པ་པོ་བདག་མེད་པར་འདོད་པས། མྱ་ངན་ལས་འདས་པའི་ཆོས་སུ་གསུངས་སོ། ། ཉན་ཐོས་མདོ་སྡེ་པ་ནི། བཀའ་མཐའ་དག་དང་མཐུན་པས་མདོ་སྡེ་པ། ཞེས་བཏགས་སོ། །ཉན་ཐོས་རྣམ་གཉིས་ཡུལ་ལ་གཅོད་པའི་ཚུལ་ཅི་ལྟ་བུ་ཞེ་ན། བྱེ་བྲག་པ་ན་རེ། སྣང་བ་ཐམས་ཅད་ནི་འདུས་པ་ལས་སྣང་སྟེ། འཇིམ་གོང་བསྒོང་བ་དང་འདྲ་ལ། གཅོད་པ་ཐམས་ཅད་ཐུག་ཕྲད་དུ་གཅོད་དེ། ཤེས་པ་བྱི་བོས་ཡུལ་རང་གི་ངོ་བོ་ལ་གཅོད་ཅེས་བྱའོ། །མདོ་སྡེ་པ་ན་རེ། སྣང་བ་ཐམས་ཅད་ལྟོས་པ་ལས་སྣང་བ་སྟེ། ནགས་དང་གཡག་རྔ་དང་འདྲ་ལ། གཅོད་པ་ཐམས་ཅད་ནི་འཕྲེད་ཀར་གཅོད་ཅེས་བྱ་སྟེ། ཡུལ་གྱི་རྣམ་པ་སྣང་བ་ཞེས་བྱ་བ་དེ་ཡང་། སྐད་ཅིག་མ་དང་པོ་ལ། ཡུལ་དང་དབང་པོ་དང་མཚུངས་པ་དེ་མ་ཐག་པ་སྐྱེ་བཞིན་པ་འགགས་མ་ཐག་ཏུ། སྐད་ཅིག་མ་ཕྱི་མ་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གྱི་བག་ཆགས་ཟ་འོག་གི་རི་མོ་འདྲ་བ་བློ་ལ་ཡོད་པ་ཤེས་བཞིན་པར་སྐྱེས་སྟེ། ཡུལ་གྱི་རྣམ་པ་ཅན་ཞེས་བྱ་བ་དེས་ཡུལ་ཅི་ཡིན་པ་རྗེས་ཐོགས་ལ་གཅོད་དོ། །ཉན་ཐོས་ཀྱིས་ཡུལ་དེ་ལྟར་གཅོད་པ་ལ་ཡང་འགལ་དུ་མི་རུང་བ་རྣམ་པ་གསུམ་སྟེ། མངོན་སུམ་གྱི་ཚད་མ་དང་འགལ་དུ་མི་རུང་བ་དང། རིགས་པའི་ཚད་མ་དང་འགལ་དུ་མི་རུང་པ་དང་། དེ་བཞིན་གཤེགས་པའི་བཀའ་ཚད་མ་དང་འགལ་དུ་མི་རུང་བའོ། །དེ་ཡང་མངོན་སུམ་གྱི་ཚད་མ་ལ་ཡང་གསུམ་སྟེ། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་མོ། །དེ་ལ་དབང་པོའི་མངོན་སུམ་ནི། གཟུགས་སྒྲ་དྲི་རོ་རེག་བྱའོ། །ཡིད་ཀྱི་མངོན་སུམ་གྱི་ཡུལ་ནི། གཟུགས་ལ་སོགས་པ་འདི་དག་ཡིད་ཀྱི་མངོན་སུམ་དུ་ཡང་འགྱུར་རོ། །ཞེས་བྱས་བ་དང་། རྒོལ་བ་ན་རེ། ཡུལ་གཅིག་ལ་ཤེས་པ་གཉིས་ཀྱིས་འཛིན་སྲིད་དམ་མི་སྲིད། ཅི་སྟེ་འཛིན་ན་ནི། སྔར་གཟུང་བ་འཛིན་པའི་སྐྱོན་དུ་འགྱུར་རོ། །མི་འཛིན་ན་ནི་འོན་པ་དང་ལོང་བའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་སྒོ་ལྔའི་རྣམ་པར་ཤེས་པ་ལ་མ་བརྟེན་པར་ཡིད་ཀྱི་ལྐོག་ཏུ་གྱུར་པ་གཅོད་ན་ནི། འོན་ལོང་མེད་པའི་སྐྱོན་དུ་འགྱུར་རོ། །ཞེས་ཟེར་བ་དང་། ལན་དུ་ཡུལ་འཕྲེད་ཀ་ལ་གཅོད་ཅེས་བྱ་སྟེ། རྗེས་ཐོགས་ལ་རིམ་གྱིས་གཅོད་པ་ལ་བྱའོ། །དེ་ལ་སྐད་ཅིག་མ་དང་པོ་ལ་ཡུལ་དང་དབང་པོ་མཚུངས་པ་དེ་མ་ཐག་པ་གསུམ་འཚོགས་པའི་སྒོ་ནས་ཡུལ་སྣང་རིམ་དུ་གཅོད་པ་དང་། དེའི་རྗེས་ཐོགས་ལ་ཡིད་ཀྱིས་གསལ་བར་གཅོད་པ་ལ་བྱའོ། །རྣལ་འབྱོར་གྱི་མངོན་སུམ་ནི། མཉམ་པར་བཞག་པའི་གནས་སྐབས་ན་ཡང་། འཕགས་པའི་ཡེ་ཤེས་ཀྱི་སྤྱན་གྱིས་རྡུལ་ཕྲ་རབ་ཀྱི་ཕྱི་མོ་རྫས་སུ་ཡོད་པར་གཟིགས་སོ། །རིགས་པའི་ཚད་མ་དང་འགལ་ཏུ་མི་རུང་བ་ནི། ཕུང་པོ་ལྔ་ལས་ནི་གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་ལས་གྲུབ་པ་ཡོད་ལ། ཁམས་དང་སྐྱེ་མཆེད་ལས་ཀྱང་དབང་པོ་གཟུགས་ཅན་རྡུལ་ཕྲ་རབ་ལས་གྲུབ་པ་ཡོད་པས། དོན་དམ་པར་ཡུལ་ཡོད་པར་འདོད་དོ། །བཀའ་ཚད་མ་དང་འགལ་དུ་མི་རུང་བ་ལ། མི་སྲིད་པའི་ཆོས་བཞི་ནི། འབྲས་བུ་སྔ་མར་སྨིན་ནས་རྒྱུ་ཕྱིས་འབྱུང་མི་སྲིད་དེ། ཆོས་རྒྱུ་འབྲས་ལྡོག་མི་སྲིད་དོ། །སངས་རྒྱས་གཉིས་སྟོང་ཁམས་གཅིག་ལ་དུས་གཅིག་དུ་ཆོས་ཀྱི་འཁོར་ལོ་སྐོར་མི་སྲིད་དེ། སྲིད་ན་གཅིག་བདུད་ཡིན་ནོ། །རྒྱལ་པོ་གཉིས་ཀྱིས་རྒྱལ་ཁམས་གཅིག་ལ་དབང་བྱེད་མི་སྲིད་དེ། སྲིད་ན་རྒྱལ་ཁམས་དེ་འཁྲུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྫུན་གསུང་མི་སྲིད་དེ། བཅོམ་ལྡན་འདས་ཀྱི་བཀའ་ལས་ཀྱང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྡུལ་ཕྲ་རབ་ལས་གྲུབ་པ་ཡོད་པར་གསུངས་པས། སེམས་ཙམ་ལྟར་ཡུལ་མེད་དོ། །ཞེས་བསྐུར་བ་གདབ་དུ་མི་རུང་ངོ་། །ཞེས་འདོད་དོ།། །། རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་ལུགས་ནི། སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་པར་འདོད་དེ། ཉན་ཐོས་ལྟར་ཡུལ་ཡོང་གིས་མེད་པ་ལ་སྒྲོ་འདོགས་པ་དང་། དབུ་མ་ཆེན་པོས་སེམས་ཀྱང་དོན་དམ་པར་མེད་དོ་ཞེས་བསྐུར་བ་འདེབས་པ་སྤང་དགོས་ཏེ། སེམས་དོན་དམ་པར་མེད་པ་ཞིག་ན་ནི། བསོད་ནམས་བསགས་པའི་གཞི་མེད། ཐར་པ་སྒྲུབ་པའི་དོན་མེད་པས། སེམས་ནི་སེམས་ཅན་གྱི་དུས་ན། སེམས་ཤེས་པ་སྐད་ཅིག་མ་ཙམ་དུ་ཡོད་དོ། །ད་ལྟར་ཡུལ་དུ་སྣང་བ་འདི་སེམས་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་སེམས་གཟུང་བ་ཆ་གཅིག་ཡུལ་དུ་འཁྲུལ། གཟུང་བ་ཆ་གཅིག་སེམས་སུ་འཁྲུལ་བ་རྟོག་པས་བརྟག་པ་དང་། བག་ཆགས་ཙམ་ལ་བག་ཆགས་སུ་རྟོག་པ་ཞེས་བྱའོ། །དེས་ན་ཡུལ་ནི་ཤེས་པ་ལས་གྱུར་པ་ཡིན་ཀྱང་བེམ་པོར་སྣང་། སེམས་ནི་ཤེས་པའི་དངོས་གཞི་ཡིན་པས་རིག་པར་སྣང་། ཡུལ་ནི་རྟོག་པས་བརྟགས་པ་ཡིན་པས་ཐ་དད་པར་སྣང་། སེམས་ནི་རྟོག་པའི་དངོས་གཞི་ཡིན་པས་གཅིག་པར་སྣང་། ཡུལ་རྣམས་ཀྱང་ཤེས་པས་འཕྲུལ་པ་ཡིན་པས་འབྲེལ་པ་ཡོད། ཡུལ་རྡུལ་ཕྲ་རབ་རང་རྒྱུད་དུ་ལོགས་ཤིག་ན་ཡོད་པར་གྱུར་ན་ནི། ཤེས་པ་དང་བེམ་པོ་གཉིས་རིགས་མི་མཐུན་པས། འབྲེལ་བ་མེད་པའི་ཕྱིར་དེ་ཤེས་པར་ཡང་མི་རུང་ངོ་། །ཡང་རྡུལ་ཕྲ་རབ་གཅིག་ལས་ཐ་དད་པར་སྣང་བར་མི་འགྱུར་རོ། །དེ་བས་ན་ཡུལ་མེད་དོ། །སེམས་རྟོགས་པ་ཉམས་ནས་ཡུལ་དུ་སྣང་ངོ་། །སེམས་དོན་དམ་པར་ཡོད་དོ། ། མེད་ན་ཐར་པ་བསྒྲུབ་པ་དོན་མེད་པའི་སྐྱོན་དུ་འགྱུར་བས། མེད་ཅེས་པར་ཡང་མི་རུང་སྟེ། གཏན་ཚིགས་དེ་བས་ན་སེམས་ཀྱང་སེམས་ཅན་གྱི་དུས་ན་ཀུན་གཞི་རྒྱུན་གྱི་རྟག་པ་སྐད་ཅིག་མ་ཙམ་དུ་ཡོད་ལ། འཕགས་པའི་དུས་ན་ཡེ་ཤེས་རྒྱུན་གྱི་རྟག་པ་སྐད་ཅིག་མ་ཙམ་དུ་ཡོད་དོ། །དེ་ལྟར་ཡོད་མེད་གཉིས་ཀྱི་མཐའ་བསལ་ནས། དབུ་མའི་ལམ་ལ་གནས་པ་བདག་ཅག་ཡིན་ཏེ། སེམས་ཙམ་དབུ་མ་ཞེས་འདོད་པའོ།། །། རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་ནི། ཀུན་རྫོབ་ཏུ་སེམས་ཙམ་དང་མཐུན་པར། སྣང་སྲིད་ཀྱི་ཆོས་ཐམས་ཅད་སེམས་འཁྲུལ་བའི་དབང་གིས་སྣང་བས། ཡུལ་ལོགས་ཤིག་ན་མེད་པར་འདོད་དེ། ཉན་ཐོས་ལྟར་ཡུལ་ཡོང་གིས་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་མཐའ་དང་། དབུ་མ་ཆེན་པོ་ལྟར་སེམས་ཀུན་ཏུ་ཡང་མེད་དོ་ཞེས་བསྐུར་བ་འདེབས་པའི་མཐའ་སེལ་ཏེ། དེ་གཉིས་ཀའི་མཐའ་བསལ་ནས། དེ་གཉིས་ཀའི་མཐའ་ལས་དབེན་པའི་དབུ་མ་ཆེན་པོའི་ལམ་ནི་བདག་ཅག་ཡིན་ནོ། །ཞེས་ཟེར་ནས། སེམས་དོན་དམ་པར་ཡོད་པར་འདོད་པ་དེ་ཀུན་རྫོབ་ཏུ་བཞག་ནས། སེམས་དེ་དོན་དམ་པར་མ་གྲུབ་པར་འདོད་དེ། སེམས་དེ་དོན་དམ་པར་ཡོད་ན་ནི་མུ་སྟེགས་ཅན་དང་ཆ་འདྲ་བར་སོང་བས། དེ་ལྟར་མི་རུང་སྟེ། ལུང་ལས་ཀྱང་། ཁྱོད་ཀྱི་མར་འདོད་གང་ཡིན་པ། །དེ་ནི་ང་ཡི་ཆུང་མ་ཡིན་། །ཁྱོད་ཀྱི་དོན་དམ་གང་ཡིན་པ། །དེ་ཉིད་ང་ཡི་ཀུན་རྫོབ་ཡིན། །ཞེས་གསུངས་ཏེ། ཁྱོད་ཀྱི་མཆོད་གནས་སུ་འདོད་པ་གང་ཡིན་པ་དེ་ནི་ངའི་ཆུང་མ་སྟེ་བྲན་མོ་དང་འདྲ་ལ། ཁྱོད་ཀྱི་དོན་དམ་གང་ཡིན་པ་དེ་ནི་ངའི་ཀུན་རྫོབ་ཡིན་ཏེ། ཤེས་པ་རྒྱུན་གྱི་རྟག་པ་སྐད་ཅིག་མ་ཀུན་རྫོབ་སྒྱུ་མ་ཙམ་དུ་ཡོད་པ་དེ་ཡང་སྐད་ཅིག་མའི་ཆས་གཞིགས་ན། དོན་དམ་པར་མ་གྲུབ་སྟེ། སྐད་ཅིག་མ་སྔ་མ་ནི་འདས། ད་ལྟར་ནི་མི་གནས། ཕྱི་མ་ནི་མ་འོངས་པས་ཡོད་པར་མི་འགྲུབ་བོ། །ཀུན་རྫོབ་ཏུ་རྟེན་འབྲེལ་འཚོགས་པའི་མཐུ་ལས་སྣང་བར་འདོད་ལ། དོན་དམ་པར་ལུས་སེམས་གཉིས་ཀ་ཡང་མ་གྲུབ་པར་འདོད་དེ། སེམས་ཙམ་གྱི་ལྟར་ཡུལ་རང་བཞིན་གྱིས་མེད་པ་ལ་ནི་ཆད་པས་བཅད་ནས་མེད་པར་བརྟག་མི་དགོས་ལ། སེམས་རང་བཞིན་མེད་པ་ལ་ནི་བྱ་དགའ་སྩལ་ནས་ཡོད་པར་བསྒྲུབ་མི་དགོས་ཏེ། ཡུལ་སེམས་གཉིས་ཀ་འཕགས་པའི་དུས་ན། ཡེ་ཤེས་རྒྱུན་གྱི་རྟག་པ་སྐད་ཅིག་ཙམ་དུ་ཡོད་པར་འདོད་པ་ཡང་། དོན་དམ་པར་ཡོད་པར་མི་འགྲུབ་སྟེ། ལུང་ལས། ཡེ་ཤེས་ཡེ་ཤེས་ཞེས་བརྗོད་པ། །ཡེ་ཤེས་བརྗོད་པ་ཉིད་ཀྱང་གསོག །ཅེས་འབྱུང་སྟེ། དེ་ལྟར་སེམས་ཉིད་མཐའ་དང་དབུས་མེད་དོ།། །། མདོ་སྡེ་དབུ་མའི་ལུགས་ནི། ཉན་ཐོས་མདོ་སྡེ་པ་བཀའ་མཐའ་དག་དང་མཐུན་པས། ཀུན་རྫོབ་སྒྱུ་མ་ཙམ་དུ་དེའི་ལུགས་དང་མཐུན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་ཤིང་བུ་དང་རྡེའུ་ལ་སྒྱུ་མའི་སྦྱོར་སྔགས་ཀྱིས་བཏབ་པ་དང་། སྒྱུ་མའི་རྟ་དང་གླང་པོ་ཆེ་ལ་སོགས་པར་སྣང་སྟེ། དེ་ལྟར་ཐང་ཅིག་སྒྱུ་མའི་སྦྱོར་སྔགས་ལས་སྣང་ཡང་། རང་བཞིན་མེད་པ་བཞིན་དུ། ཀུན་རྫོབ་སྒྱུ་མ་ཙམ་དུ་ཡུལ་སེམས་གཉིས་ཀ་རྟེན་འབྲེལ་གྱི་མཐུ་ལས་མི་སླུ་བར་སྣང་ཡང་། དོན་དམ་པར་ཡུལ་ཡང་ཕྱོགས་ཆ་དྲུག་གི་ཆ་ལས་མ་གྲུབ་ལ། སེམས་ཀྱང་སྐད་ཅིག་མའི་ཆ་ལས་མ་གྲུབ་སྟེ། དངོས་པོ་མེད་པར་འདོད་དོ། །བསྐལ་པ་ཆེན་པོ་གསུམ་གྱིས་བསྐལ་ནས། མི་མངོན་པ་ནི་མ་ཡིན་གྱི། ཡོང་མེད་པ་ཁོ་ན་ཡིན་ནོ། །རང་བཞིན་གྱིས་བསྐལ་པ་ལྟོག་འདྲེའམ། གནས་ཀྱིས་བསྐལ་པ་ཚངས་པའམ། འདི་ན་མེད་པས་དུས་ཀྱིས་བསྐལ་པ་གཞན་ན་ཡོད་པ་ལྟ་བུ་མ་ཡིན་ནོ། །ཁྱབ་ལྡོག་དང་སྦྱར་ན། ཤིང་གིས་ཤ་བ་ལ་ཁྱབ་ལ་ཤ་བས་ཤིང་ལ་མ་ཁྱབ། མེས་དུ་བ་ལ་ཁྱབ་ལ། དུ་བས་མེ་ལ་མ་ཁྱབ་བོ། །ས་བོན་གྱིས་མྱུ་གུ་ལ་ཁྱབ་ལ། མྱུ་གུས་ས་བོན་ལ་མ་ཁྱབ་བོ། །མི་རྟག་པས་བྱས་པ་ལ་ཁྱབ། བྱས་པས་མི་རྟག་པ་ལ་མ་ཁྱབ་བོ། །རྣམ་གྲངས་ཀྱི་དོན་དམ་པས་ཡང་དག་པའི་ཀུན་རྫོབ་ལ་ཁྱབ། ཡང་དག་པའི་ཀུན་རྫོབ་ཀྱིས་རྣམ་གྲངས་ཀྱི་དོན་དམ་པ་ལ་མ་ཁྱབ་བོ། །རྣམ་གྲངས་ཀྱི་དོན་དམ་པ་ལོག་ན། ཡང་དག་པའི་ཀུན་རྫོབ་ལྡོག་གོ །ཡང་དག་པའི་ཀུན་རྫོབ་ལོག་ན། རྣམ་གྲངས་ཀྱི་དོན་དམ་པ་ལྡོག་པར་མ་ངེས་སོ། ། གཞན་ཡང་འཕགས་པའི་ཡེ་ཤེས་ཀྱི་གནས་སྐབས་ན། རྣམ་གྲངས་ཀྱི་དོན་དམ་པ་ཡོད་པའི་ཕྱིར་རོ། །དེ་ལྟར་གོང་དུ་བརྟགས་པ་ལས་ཀྱང་། ཆོས་ཅན་ལ་རྒྱབ་ན། གཏན་ཚིགས་དུ་བ་སྣང་བས། བསྒྲུབ་པར་བྱ་བ་མེ་ཡོད་དེ། མཐུན་པའི་དཔེ་ཚང་བང་དང་འདྲ། མི་མཐུན་པའི་དཔེ་ཆུ་རླངས་དང་མི་འདྲའོ། །ཆོས་ཅན་དངོས་པོ་འདི་དག་གི་གཏན་ཚིགས་ནི། བྱས་པའི་ཕྱིར་མི་རྟག་སྟེ། མཐུན་པའི་དཔེ་རྫ་མཁན་དང་འདྲ། མི་མཐུན་པའི་དཔེ་ནམ་མཁའ་དང་མི་འདྲའོ། ། དེ་ལྟར་གཏན་ཚིགས་བསྟན་ནས། མུ་སྟེགས་ཀྱིས་བདག་རྟག་པ་དང་། ཉན་ཐོས་ཀྱིས་རྡུལ་ཕྲ་རབ་དང་། སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་དོ། །ཞེས་བརྟགས་པ་དེ་རྣམས། ཡན་ལག་བདུན་གྱི་གཏན་ཚིགས་ཀྱིས་བསྒྲུབ་པར་འདོད་དེ། ཡན་ལག་བདུན་ནི། ཁྱབ་པ་སྤྱིར་བཏང་བ་དང་། ཆོས་ཅན་དང་། གཏན་ཚིགས་དང་། བསྒྲུབ་པར་བྱ་བ་དང་། མཐུན་པའི་དཔེ་དང་། མི་མཐུན་པའི་དཔེ་དང་། ཕྱོགས་ལ་ཆོས་བསྡུ་བའོ། །ཡུལ་གང་དང་གང་ན་ཞེས་བྱ་བའི་ཁྱབ་པ་སྤྱིར་བཏང་ནས། མུ་སྟེགས་ཀྱིས་བདག་རྟག་པ་ཆོས་ཅན་དུ་བཞག་སྟེ། གཏན་ཚིགས་ཅིག་ཅར་དོན་བྱེད་པར་ཡང་མི་མངོན། རིམ་གྱིས་དོན་བྱེད་པར་ཡང་མི་གསལ་བས། བསྒྲུབ་པར་བྱ་བའི་རང་བཞིན་མེད་དེ། མཐུན་པའི་དཔེ་ནི་རི་བོང་གི་རྭའམ། མོ་གཤམ་གྱི་བུ་དང་འདྲའོ། །མི་མཐུན་པའི་དཔེ་སྒྱུ་མ་དང་ཅང་མི་འདྲ། ཕྱོགས་ལ་ཆོས་བསྡུ་བ། སྤྱིར་མུ་སྟེགས་ཀྱི་བདག་རྟག་པ་མ་སྐྱེས་སོ། །ཡང་ཡུལ་གང་དང་གང་ན་ཡང་རུང་ཞེས་ཁྱབ་པ་སྤྱིར་བཏང་ནས། ཉན་ཐོས་ཀྱི་རྡུལ་ཕྲ་རབ་ཆོས་ཅན་དུ་བཞག་སྟེ། གཏན་ཚིགས་ཕྱོགས་ཀྱི་ཆས་གཞིགས་ན། བསྒྲུབ་པར་བྱ་བ་རང་བཞིན་མེད་དེ། མཐུན་པའི་དཔེ་ཀ་བ་དང་འདྲ། མི་མཐུན་པའི་དཔེ་ཚོར་བ་དང་ཅང་མི་འདྲ། ཕྱོགས་ལ་ཆོས་བསྡུ་བ་དེ་རྣམས་ཀུན་གྱིས་ཉན་ཐོས་ཀྱི་རྡུལ་ཕྲ་རབ་མ་གྲུབ་བོ། །ཡང་ཡུལ་གང་ན་ཡང་རུང་། ཁྱབ་པ་སྤྱིར་བཏང་ནས། སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་ཅེས་བྱ་བ་ཆོས་ཅན་དུ་བཞག་སྟེ། གཏན་ཚིགས་དབུ་མའི་ཕུར་བཞི་དང་། མུ་བཞི་སྐྱེ་འགོག་དང་། གཅིག་དང་དུ་མ་དང་བྲལ་བས་བསྒྲུབ་པར་བྱ་བ་རང་བཞིན་མེད་དེ། མཐུན་དཔེ་སྒྱུ་མ་དང་འདྲ། མི་མཐུན་དཔེ་རི་བོང་གི་རྭའམ། མོ་གཤམ་གྱི་བུ་དང་ཅང་མི་འདྲ། ཕྱོགས་ལ་ཆོས་བསྡུ་བ་དེ་རྣམས་ཀུན་གྱིས། སེམས་ཙམ་གྱི་སེམས་རང་བཞིན་མེད་པར་བསྒྲུབ་བོ།། །། སྤྲོས་པ་མེད་པའི་དོན་དམ་པ་ནི། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ། །བདེན་པ་དེ་གང་ལ་བདེན་ཞེ་ན། ཀུན་རྫོབ་ནི་སྐྱེ་བོའམ་འཁྲུལ་བའི་ངོ་ཀ་ལ་བདེན། དོན་དམ་པ་ནི་འཕགས་པའི་ཡེ་ཤེས་ལ་བདེན། ཆོས་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ན་ནི། དེ་བཞིན་གཤེགས་པས་དེ་ཐུགས་སུ་ཆུད་པས་དངོས་པོ་འགའ་ཞིག་གཟིགས་པར་འོས་ན། དངོས་པོ་རྡུལ་ཕྲ་རབ་ཙམ་ཡང་མ་གཟིགས་པས་དངོས་པོ་མེད་པ་ཡིན་ནོ། །འོ་ན་འདི་གཉིས་བྱེ་བྲག་ཅིས་དབྱེ་ཞེ་ན། རྣམ་གྲངས་ཀྱི་དོན་དམ་པས་སེམས་ཅན་གྱི་ཕུང་པོ་སྐྱེ་བ་འགོག་པར་འདོད། ཡང་དག་པའི་ཀུན་རྫོབ་འགོག་པར་མི་འདོད་པས། བྱེ་བྲག་དབྱེའོ། །ཆོས་སྐྱེ་བ་མེད་པའི་གཏན་ཚིགས་ཆེན་པོ་བཞི་ལ། དབུ་མའི་ཕུར་བཞི་དང་། གཅིག་དང་དུ་མ་དང་བྲལ་བ་དང་། མུ་བཞིའི་སྐྱེ་བ་འགོག་པ་དང་། རྟེན་འབྲེལ་ལོ། །དབུ་མའི་ཕུར་བཞི་ནི། བདག་ལས་མི་སྐྱེ་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་སྐྱེས་ཀྱང་། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་འབྱུང་སྟེ། བདག་ལས་མི་སྐྱེ་སྟེ་གཅིག །གཞན་ལས་མི་སྐྱེ་བ་དང་གཉིས། གཉིས་ཀ་ལས་མི་སྐྱེ་བ་དང་གསུམ། རྒྱུ་མེད་པ་ལས་མི་སྐྱེ་བ་དང་བཞིའོ། ། ཐེག་པ་ཆེན་པོའི་གཞུང་གིས་དེ་སྐད་ཟེར་བ་ལ། མུ་སྟེགས་པ་ན་རེ། བདག་ལས་ཀྱང་སྐྱེ། གཞན་ལས་ཀྱང་སྐྱེ། གཉིས་ཀ་ལས་ཀྱང་སྐྱེ། རྒྱུ་མེད་པ་ལས་ཀྱང་སྐྱེའོ། །ཞེས་ཟེར་ཏེ། དེ་ལ་བདག་ལས་སྐྱེ་ཞེས་བྱ་བ་ནི། བདག་ལུས་ཐམས་ཅད་ཀྱི་དབང་ཕྱུག་སེམས་ཅན་ཞེས་བྱ་བ། བདག་རྟག་པ་གཅིག་པུ་ཞིག་ཡོད་པ་དེ་ལ། རྡུལ་དང་མུན་པ་སྙིང་སྟོབས་གསུམ་གྱིས་བག་ཆགས་བསྒོས་ནས། དེ་གསུམ་ཆ་མཉམ་པ་ལས་ཆོས་ཐམས་ཅད་ཀྱི་རྒྱུ་བྱེད། སེམས་ཅན་ཐམས་ཅད་དེས་བསྐྱེད་པའི་ཕྱིར་ན། བདག་ལས་ཀྱང་སྐྱེའོ། །གཞན་ལས་ཀྱང་སྐྱེ་ཞེས་བྱ་བ་ནི། ཕྱྭ་དང་དབང་ཕྱུག་དང་། གནམ་གྱིས་བསྐོས་པའི་བྱེད་པ་པོ་ཞིག་གིས་རྒྱུ་བྱས་ཏེ། སེམས་ཅན་ཐམས་ཅད་དེ་ལས་སྐྱེས་པའི་ཕྱིར། གཞན་ལས་ཀྱང་སྐྱེའོ། །གཉིས་ཀ་ལས་ཀྱང་སྐྱེ་ཞེས་བྱ་བ་ནི་བདག་རྟག་པས་ནི་རྒྱུ་བྱས་ལ། གཞན་ཕྱྭ་དང་དབང་ཕྱུག་གིས་རྐྱེན་བྱས་ནས་སྐྱེ་སྟེ། དཔེར་ན་ལོང་བའི་གཉའ་བར་གྲུམ་པོ་ཞོན་ནས་སོང་ན། ལོང་བས་ནི་རྐང་པ་བྱས། གྲུམ་པོས་ནི་མིག་བྱས་ནས་སོང་བར་གྱུར་ནས། གར་བསམ་པའི་སར་ཕྱིན་པ་དང་འདྲ་བས་ན། བདག་རྟག་པས་ནི་རྒྱུ་བྱས་ལ། གཞན་ཕྱྭ་དང་དབང་ཕྱུག་གིས་ནི་རྐྱེན་བྱས་ནས། སེམས་ཅན་ཐམས་ཅད་དེ་ལས་སྐྱེ་བའི་ཕྱིར། གཉིས་ཀ་ལས་སྐྱེའོ། །རྒྱུ་མེད་པ་ལས་ཀྱང་སྐྱེ་ཞེས་བྱ་བ་ནི། སྟོན་ཀའི་ཤ་མོས་སྤང་བཏོལ་ཏེ་སྐྱེ་བ་ལ་རྒྱུ་ག་ལ་ཡོད། སྲན་མ་ཟླུམ་པའི་རྒྱུ་ནི་སུས་བཟླུམས། ཚེར་མ་རྣོ་བའི་རྒྱུ་ནི་སུས་བཞོགས་ཏེ་རྣོ་བར་བྱས། རྨ་བྱ་བཀྲ་བ་ནི་སུས་བཀྲ་བར་བྱས། ལུང་ལས་ཀྱང་། སྲན་ཟླུམ་ཡུངས་ཟླུམ་ཚེར་མ་ངོ་བོ་ཉིད་ཀྱིས་རྣོ་བ་དང་། །རྨ་བྱ་བཀྲ་བ་སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱི་བཀྲ། །ཞེས་འབྱུང་སྟེ། ངོ་བོ་ཉིད་ཀྱིས་རྒྱུ་རྐྱེན་ལ་མ་ལྟོས་པར་ཡང་སྐྱེའོ། །ཞེས་ཟེར་རོ། ། མུ་སྟེགས་པས་དེ་སྐད་བརྒལ་བ་ལ། །ཐེག་པ་ཆེན་པོ་པས་སླར་ལན་བཏབ་པ། ཁྱོད་ཀྱི་སྐྱེ་ཞེས་བྱ་བ་ནི་རེ་ཤིག་ཚིག་ཏུ་རུང་ན། གཏན་ཚིགས་ཀྱིས་གཞིག་པར་གྱུར་ན། རེ་ཞིག་བདག་ལས་སྐྱེས་ཞེས་བྱ་བ་དེ། བདག་སྐྱེས་ཟིན་པ་ཞིག་སྐྱེའམ། མ་སྐྱེས་པ་སྐྱེ། ཅི་སྟེ་སྐྱེས་ཟིན་པ་ཞིག་སྐྱེས་ཤེས་བྱ་ན། བདག་ཕུང་པོ་ལྔའི་བདག་ཉིད་དུ་གྲུབ་ཟིན་པས། བསྐྱེད་མི་དགོས་སོ། །ཕུང་པོ་ལྔའི་བདག་ཉིད་དུ་གྲུབ་པ་ཟིན་པ་འདི་ལས་སླར་ཡང་སྐྱེ་བར་འགྱུར་ན་ནི། སེམས་ཅན་སྐྱེ་བ་ལ་མཐའ་ཐུག་པ་མེད་དོ། །དེང་སང་ནམ་མཁའ་ལ་ཡང་ཐོག་རྒྱུ་ཡིན་ན་དེ་ལྟ་བུར་ཡང་སྐྱེར་མ་བཏུབ་བོ། །མ་སྐྱེས་པ་ལས་སྐྱེས་ཤེས་བྱ་ན་ནི། མ་སྐྱེས་པ་ནི་སྐྱེ་བ་མེད་པ་ཡིན་པས། ཡེ་ནས་མེད་པའི་ཆོས་ནི་བདག་ཅེས་བྱ་བའི་མིང་གིས་གདགས་སུ་མེད་ན། མེད་པའི་ཆོས་ལས་ཅི་སྟེ་ཡོད་པའི་ཆོས་སྐྱེ་བར་འགྱུར། དེ་ལྟར་ཡིན་ན་རི་བོང་གི་རྭའམ་མོ་གཤམ་གྱི་བུ་ལ་སོགས་པ་མེད་པ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་ན་སྐྱེས་པ་དང་མ་སྐྱེས་པ་གཉིས་ལས་སྐྱེར་མ་བཏུབ་པས། བདག་ལས་ཀྱང་མི་སྐྱེའོ། །གཞན་ལས་སྐྱེའོ་ཞེས་ཟེར་ན། གཞན་ཞིག་པ་ལས་སྐྱེའམ། མ་ཞིག་པ་ལས་སྐྱེ། གཞན་ཞིག་པ་ལས་སྐྱེ་ཞེས་བྱ་ན། ཞིག་པ་ནི་འགགས་པ་ཡིན་ན། འགགས་པ་ནི་ཇི་ལྟ་བུ་ཡང་ཡོངས་སུ་མེད་པ་ལ་བྱ་སྟེ། རྒྱུ་མེད་པ་ལ་ནི་རྒྱུ་ཡོད་པར་མི་འཐད་པས། གཞན་ཞིག་པ་ལས་ཀྱང་མ་སྐྱེས་སོ། །གཞན་མ་ཞིག་པ་ལས་སྐྱེ་ཞེས་བྱ་ན། གླང་རུ་གཉིས་འདྲ་བར། རྒྱུ་ཡང་ཅོག་གེ་འདུག །འབྲས་བུ་ཡང་ཅོག་གེར་འདུག་པས། རྒྱུ་འབྲས་གང་གང་གིས་བྱ་བ་གཏོལ་མེད་པས། གཞན་མ་ཞིག་པ་ལས་ཀྱང་མ་སྐྱེས་པས། གཞན་ལས་ཀྱང་མ་སྐྱེས་སོ། །རྒོལ་བ་པོས་བརྒལ་བ། གཞན་ལས་ཀྱང་གཞན་སྐྱེ་བར་མི་འཐད་དམ། ཞེས་བྱས་པ་ལས། སླར་ལ་ལན་དུ། གཞན་སྐྱེ་ཞེས་བྱ་བ་ནི། རྒྱུ་བྲ་བོ་དང་ཇུ་ཙེ་ལྟ་བུ་བཏབ་པ་ལས། འབྲས་བུ་གྲོའམ་ནས་སྐྱེ་བ་བཞིན་དུ། མི་དགེ་བ་སྤྱད་པས་མཐོ་རིས་སུ་སྐྱེ་ལ། དགེ་བ་སྤྱད་པས་ངན་སོང་དུ་སྐྱེ་ན་ནི། གཞན་ལས་གཞན་སྐྱེ་ཞེས་བྱར་རུང་ན། དེ་ལྟར་སྐྱེར་མ་བཏུབ་པས། གཞན་ལས་ཡང་མ་སྐྱེས་སོ། །གཉིས་ཀ་ལས་ཀྱང་མི་སྐྱེ་སྟེ། གོང་དུ་སྨོས་པའི་བདག་ཀྱང་མ་གྲུབ་སྟེ་བསྒྲུབ་ཁོངས་ན་འདུག་ལ། གཞན་ཡང་མ་གྲུབ་སྟེ་བསྒྲུབ་ཁོངས་ན་འདུག་པས། མེད་པ་གཉིས་ཀྱིས་ཡོད་པ་གཅིག་གི་རྒྱུ་བྱར་མི་བཏུབ་པས། གཉིས་ཀ་ལས་ཀྱང་མ་སྐྱེས་སོ། །ཡང་ན་གོང་མའི་སྐྱོན་གཉིས་ཀ་འདུ་བའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་མི་སྐྱེ་སྟེ། ཐམས་ཅད་ཀུན་རྒྱུ་རྐྱེན་ལ་རག་ལས་པ་ཡིན་ནོ། །ཅི་སྟེ་མེད་པ་ལས་སྐྱེ་བར་འགྱུར་ན་ནི། ནམ་མཁའ་ལས་ཀྱང་མེ་ཏོག་སྐྱེ་ལ། རུས་སྦལ་ལས་སྤུ་སྐྱེ། མོ་གཤམ་ལ་ཡང་བུ་ཡོད་པར་འགྱུར། རི་བོང་ལ་ཡང་རྭ་སྐྱེ་བར་འགྱུར་ཏེ། རྒྱུ་མེད་པར་འབྲས་བུ་སྐྱེ་བར་འགྱུར་བས། དགེ་བ་མ་སྤྱད་པར་ཡང་མཐོ་རིས་སུ་སྐྱེ་བར་འགྱུར། མི་དགེ་བ་མ་སྤྱད་པར་ཡང་ངན་སོང་དུ་སྐྱེ་བར་འགྱུར། བྱེ་མ་ལ་ཡང་མར་ཁུ་འབྱུང་བའི་སྐྱོན་དུ་འགྱུར་ཏེ། དེ་ལྟར་མ་བཏུབ་པས། རྒྱུ་མེད་པ་ལས་ཀྱང་མི་སྐྱེའོ། །ཐེག་པ་ཆེན་པོ་པས་དེ་སྐད་སྨྲས་པ་དང་། མུ་སྟེགས་རྒོལ་བ་པའི་བདག་ཉིད་ན་རེ། ཁྱོད་ཀྱི་བདག་ལས་བདག་མི་སྐྱེ་བ་དང་། གཉིས་ཀ་དང་རྒྱུ་མེད་པ་ལས་མི་སྐྱེ་བ་ནི་དེ་ལྟར་རུང་ན། གཞན་ལས་གཞན་མི་སྐྱེ་ཞེས་བྱ་བ་དེ་ལ་དཔྱད་སྒོ་གཅིག་མཆིས་ཏེ། གཞན་ཡང་ཡིན། མི་རྟག་པ་ཡང་ཡིན། མ་ཞིག་པ་ཡང་ཡིན་ནོ། །གཞན་ཡིན་པས་ན་མྱུ་གུ་སྔོའུ་ཡི་སྔོན་རོལ་ས་བོན་སྐྱའུ་ཡོད་པས། གཞན་པ་ཡང་ཡིན། མི་རྟག་པ་ཡིན་པས་ན་ས་བོན་སྐྱའུ་འགག་ནས། མྱུ་གུ་སྔོའུ་འབྱུང་བས་ན་མི་རྟག་པ་ཡང་ཡིན། མ་ཞིག་པ་ཡིན་པས་སོ། །ས་བོན་སྐྱའུ་དང་མྱུ་གུ་སྔོའུ་ཡི་བར་ཅིས་ཀྱང་མ་ཆོད་པར་འབྲེལ་མར་འདུག་པས་ན། མ་ཞིག་པ་ཡང་ཡིན་ནོ། །ཡང་ཐེག་པ་ཆེན་པོ་པས་རྒོལ་བ་པོ་ལ་ལན་བཏབ་པ་འོ་ན་ཁྱོད་ཀྱི་བར་ཅིས་ཀྱང་མ་ཆོད་པ་ཞེས་བྱ་བ་དེ། སྐད་ཅིག་མ་གསུམ་གྱིས་བར་ཆད་དམ་མ་ཆོད་བྱས་པ་དང་། ཁོ་ན་རེ། སྐད་ཅིག་མ་གསུམ་གྱིས་བར་མ་ཆོད་དོ། །ཞེས་ཟེར་རོ། །འོ་ན་ཁྱོད་ཀྱི་གཞན་དེ་སྐད་ཅིག་མ་གསུམ་གྱིས་བར་མ་ཆོད་པས། སྐད་ཅིག་མ་གསུམ་ཡང་སྐྱེར་མི་བཏུབ་སྟེ། སྐད་ཅིག་མ་གསུམ་ནི། སེམས་ཀྱི་སྐད་ཅིག་མ་དང་། བྱ་བ་རྫོགས་པའི་སྐད་ཅིག་མ་དང་། དུས་ཀྱི་མཐའི་སྐད་ཅིག་མའོ། །དེ་ལ་སེམས་ཀྱི་སྐད་ཅིག་མ་ནི། སེ་གོལ་གཏོགས་པའི་ཆ་གཅིག་ལ། ཉན་ཐོས་ཀྱིས་ནི་བརྒྱ་དྲུག་ཅུར་བགྲང་ལ། བྱང་ཆུབ་སེམས་དཔའ་ནི་སུམ་བརྒྱ་རྩ་བཅུར་བགྲང་བར་མཁྱེན་ཏེ། དེ་ལྟར་མང་པོས་བར་ཆོད་ལ། བྱ་བ་རྫོགས་པའི་སྐད་ཅིག་མ་ནི། ས་བོན་སྐྱའུ་ཡང་རྒྱུའི་ཆོས་ཀྱི་བྱ་བ་རྫོགས་ལ། འབྲས་བུ་མྱུ་གུ་སྔོའུ་ཡང་འབྲས་བུའི་ཆོས་ཀྱི་བྱ་བ་རྫོགས་ཏེ། རྒྱུ་འབྲས་བྱ་བ་སོ་སོར་རྫོགས་པས་ན། བྱ་བ་རྫོགས་པའི་སྐད་ཅིག་མས་ཀྱང་བར་ཆོད་དོ། །དུས་ཀྱི་མཐའི་སྐད་ཅིག་མས་ཀྱང་བར་ཆོད་དེ། ས་བོན་སྐྱའུ་ཡི་དུས་ནི་སྔ་མར་སོང་། མྱུ་གུ་སྔོའུ་ནི་ད་ལྟར་གྱི་དུས་སུ་སོང་། དེའི་འབྲས་བུ་ནི་དུས་ཕྱི་མར་སོང་བས། དུས་ཀྱི་མཐའི་སྐད་ཅིག་མས་ཀྱང་བར་ཆོད་དོ། །ཡང་རྣམ་པ་གཅིག་དུ་བྱ་བ་རྫོགས་པ་དང་དུས་ཀྱི་མཐའི་སྐད་ཅིག་མ་གཉིས་ཀྱང་སེམས་ལ་བྱ་སྟེ། སེམས་སྔ་མ་སྔ་མ་ནི་འགགས་ལ་ཕྱི་མ་ཕྱི་མ་ནི་འབྱུང་བས། སྔ་མ་འགགས་པ་ནི་རྒྱུ་ཡིན་ལ། སྔ་མ་འགགས་པ་དེ་ལ་བརྟེན་ནས། ཕྱི་མ་འབྱུང་བ་ནི་འབྲས་བུ་ཡིན་པས། དེ་གཉིས་རྒྱུ་འབྲས་སོ་སོར་རྫོགས་པས་ན། བྱ་བ་རྫོགས་པའི་སྐད་ཅིག་མས་ཀྱང་བར་ཆོད་དོ། །དུས་ཀྱི་མཐའི་སྐད་ཅིག་མ་ནི་དུས་གསུམ་ལ་བྱ་སྟེ། སེམས་དུས་གསུམ་གྱི་ཆས་གཞིགས་ན། དུས་སྔ་མ་འདས་ཏེ་སྟོང་ལ། ད་ལྟ་མི་གནས་པས་སྟོང་། ཕྱི་མ་མ་འོངས་པས་སྟོང་། དེ་ལྟར་སེམས་དུས་གསུམ་གྱིས་བར་དུ་ཆོད་པས་ཀྱང་བར་དུ་ཆོད་དོ། །དེ་བས་ན་གཞན་ལས་ཀྱང་མ་སྐྱེས་པར་ངེས་སོ། །ཅི་སྟེ་སྐྱེ་བ་ཡིན་ན་ནི་གཏན་ཚིགས་འདི་བཞིས་སྐྱེ་རྒྱུ་ཡིན་ནའང་། གཏན་ཚིགས་ཆེན་པོ་འདི་བཞིས་གཞིགས་པ་ལས། ཕྱི་ནང་གི་ཆོས་ཐམས་ཅད་མ་སྐྱེས་པར་ངེས་ཏེ། དོན་དམ་པར་སྐྱེ་བ་མེད་དོ།། །། དབུ་མའི་ཕུར་བཞིའི་ངེས་ཚིག་བསྟན་པ་ལ། དབུ་མ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་རྟག་ཆད་དང་། ཡོད་མེད་དུ་སྨྲ་བའི་སྒྲོ་སྐུར་གྱི་མཐའ་ཐམས་ཅད་སུན་འབྱིན་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་ཆོས། མི་གནས་པའི་མྱ་ངན་ལས་འདས་པའི་ལམ། ཐེག་པ་ཆེན་པོའི་དོན་སྟོན་པར་བྱེད་པས། དབུ་མ་ཞེས་བྱའོ། །ཕུར་བུ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་ལྟ་བ་ངན་པའི་བློ་གྲོས་ཀྱི་མདུད་པ་འདྲ་བ་ལ། སྐྱེ་བ་མེད་པའི་གཏན་ཚིགས་ཕུར་བུ་དང་འདྲ་བས། སུན་འབྱིན་པར་བྱེད་ཅིང་། དབུ་མའི་ལམ་ལ་འཛུད་པར་བྱེད་པས། ཕུར་བུ་ཞེས་བྱའོ། ། གཅིག་དང་དུ་མ་དང་བྲལ་བ་ནི། ལུང་ལས་ཀྱང་། བདག་དང་གཞན་སྨྲའི་དངོས་དེ་དག །རང་བཞིན་ཉིད་དུ་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་འདྲ། །ཞེས་འབྱུང་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་རང་གི་ངོ་བོར་མ་གྲུབ། ཡིད་ཀྱི་རྣམ་པར་ཤེས་པ་བརྒྱུད་དེ་མ་གྲུབ། སེམས་ལས་བྱུང་བའི་ཆོས་རྣམས་གཙོ་བོ་མེད་པའི་འཁོར་མི་སྲིད་པས་མ་གྲུབ། འདུས་བྱས་མ་གྲུབ་ན། འདུས་མ་བྱས་ཀྱང་ཟླས་མ་གྲུབ་པར་སྟོན་ཏེ། དེ་ལ་སྒོ་ལྔའི་གྲུབ་མཐའི་བརྗེད་བྱང་། རྣམ་པར་ཤེས་པ་རང་གི་ངོ་བོར་མ་གྲུབ་པ་ནི། མིག་གི་རྣམ་པར་ཤེས་པ་གཅིག་པུས་ཀྱང་། ཡུལ་ལ་ཟ་འོག་གི་རི་མོའམ། དཀྱིལ་འཁོར་གྱི་རི་མོ་ལྟར་ཁ་དོག་སྣ་ལྔ་ལ་དམིགས་པའི་དུས་ན། ཤེས་པ་ལྔར་གྱུར་པས། གཅིག་ཏུ་མ་གྲུབ་བོ། །རྒོལ་བས་བརྒལ་བ། ཡུལ་ཁ་དོག་སྣ་ལྔ་ལ་དམིགས་པའི་ཚེ། གཅིག་ཏུ་མ་གྲུབ་ཀྱང་རྡུལ་ཕྲ་རབ་ལ་དམིགས་པའི་ཚེ་གཅིག་ཏུ་གྲུབ་བོ། །ཞེས་ཟེར་བ་དང་། ལན་དུ། ཐ་དད་ཕྱོགས་དང་འབྲེལ་བའི་ཚེ། །ཁྱབ་རྣམས་གཅིག་པུའི་བདག་ཉིད་མིན། །ཞེས་འབྱུང་སྟེ། ཁྱོད་ཀྱི་རྡུལ་ཕྲ་རབ་ཕྱོགས་ཆ་དྲུག་གི་ཆར་གྲུབ་བམ་མ་གྲུབ། གྲུབ་ཅེས་བྱ་ན་འཇིག་རྟེན་གྱི་ཚད་མ་དང་འགལ་གྱིས་དོགས། མ་གྲུབ་ཅེས་བྱ་ན། ཁྱོད་རང་གི་གྲུབ་པའི་མཐའ་ཞིག་གིས་དོགས་སོ། །འོན་ཀྱང་། རྡུལ་ཕྲ་རབ་ལ་ཕྱོགས་ཆ་དྲུག་གི་ཆ་ཡོད་པས་མ་གྲུབ་བོ། །དེ་ལྟར་ན་གཅིག་གིས་བསགས་པའི་དུ་མ་ཡང་མི་འགྲུབ་པས་རང་བཞིན་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་བརྒྱུད་དེ་མ་གྲུབ་པ་ནི། ཤེས་པ་སྐྱེ་བ་ནི་རྐྱེན་བཞི་ལས་སྐྱེ་བ་ལས། སྒོ་ལྔའི་ཤེས་པ་མ་གྲུབ་པ་ན། ཡིད་ཀྱི་རྣམ་པར་ཤེས་པ་ལ་དེ་མ་ཐག་པའི་རྐྱེན་མེད་པས། སྐྱེར་མི་བཏུབ་པས་མ་སྐྱེས་སོ། །སེམས་ལས་བྱུང་བའི་ཆོས་རྣམས་གཙོ་བོ་མེད་པའི་འཁོར་མི་སྲིད་པས་མ་གྲུབ་པ་ནི། དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་མ་གྲུབ་པ་དང་། གཙོ་བོ་ལ་མ་ལྟོས་པའི་འཁོར་དེ་སུའི་འཁོར་ཡིན་ཏེ། སེམས་ལས་བྱུང་བའི་ཆོས་འདུ་བྱེད་ལྔ་བཅུ་རྩ་གཅིག་ཀྱང་། གཙོ་བོ་མེད་པའི་འཁོར་མི་སྲིད་པས་མ་གྲུབ་བོ། །དེ་ལྟར་འདུས་བྱས་ཀྱི་ཆོས་མ་གྲུབ་ན། འདུས་མ་བྱས་ཀྱི་ཆོས་ཀྱང་ཟླས་མི་འགྲུབ་པར་སྟོན་ཏེ། འདུས་མ་བྱས་བཞི་ནི། ནམ་མཁའ་དང་དེ་བཞིན་ཉིད་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །རྒོལ་བ་ན་རེ། འདུས་མ་བྱས་བཞི་ནི། རྒྱུས་ནི་མ་བསྐྱེད། རྐྱེན་གྱིས་ནི་མ་བསྒྲུབས། གང་གི་རྒྱུ་ཡང་མ་ཡིན་པ་འདི་ནི། དོན་དམ་པར་ཡོད་དོ། །ཞེས་པ་ལ། ལན་དུ། ཁྱོད་ཀྱི་འདུས་མ་བྱས་བཞི། རྒྱུས་ནི་མ་བསྐྱེད། རྐྱེན་གྱིས་ནི་མ་བསྒྲུབས། གང་གི་རྒྱུ་ཡང་མ་ཡིན། གང་གི་རྐྱེན་ཡང་མ་ཡིན་པ་དེ་ནི་བདེན་ནའང་། རང་གི་ངོ་བོར་གྲུབ་ན། ཤེས་པ་གཅིག་གི་ཡུལ་དུ་གྱུར་རམ་མ་གྱུར། ཤེས་པ་གཅིག་གི་ཡང་ཡུལ་དུ་མ་གྱུར་ན་ནི་གྲུབ་པར་ཡང་ཅིས་མངོན། ཤེས་པ་གཅིག་གི་ཡུལ་དུ་གྱུར་ན་ནི། གང་གི་ཡུལ་དུ་གྱུར་ཞེས་བྱས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་ཞེས་ཟེར་བ་ལ། ལན་དུ། རིམ་ཅན་ཤེས་དང་འབྲེལ་བའི་ཕྱིར། །ཁྱབ་རྣམས་རྟག་པའི་བདག་ཉིད་མིན། །ཞེས་འབྱུང་ངོ་། །རིམ་ཅན་ཞེས་བྱ་བ་ནི། རྗེས་ཐོགས་ལ་རིམ་གྱིས་གཅོད་ཅེས་བྱ་སྟེ། ཡུལ་བྱེ་བྲག་ཐ་དད་པ་གཅོད་པ་ལ་བྱའོ། །ཁྱབ་རྣམས་རྟག་པའི་བདག་ཉིད་མིན། །ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྐད་ཅིག་མ་རང་གི་ངོ་བོར་མ་གྲུབ་པ་ལ་བྱའོ། །དེ་ཡང་ཡུལ་ཅན་ཇི་བཞིན་དུ་ཡུལ་ཡང་དེ་བཞིན་ཞེས་བྱ་སྟེ། ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐད་ཅིག་མ་བཞིན་དུ། ཡུལ་འདུས་མ་བྱས་ཀྱི་ཆོས་བཞི་ཡང་སྐད་ཅིག་མ་གསུམ་གྱི་ངོ་བོར་འགྱུར་ཏེ། སྔ་མ་ནི་འགགས། ད་ལྟར་ནི་མི་གནས། ཕྱི་མ་ནི་མ་འོངས་པས་མ་སྐྱེས་སོ། །བསགས་པའི་དུ་མ་གྲུབ་ན་ནི། རང་གི་ངོ་བོ་ཡང་བགྲངས་དུ་བཏུབ་བོ། །བསགས་པའི་དུ་མ་མ་གྲུབ་ན། དུ་མ་སུའི་དུ་མ་སྟེ། དུ་མ་རང་གི་ངོ་བོར་མ་གྲུབ་བོ། །གཏན་ཚིགས་དེས་ནི་ཉན་ཐོས་ཡུལ་ལོགས་ཤིག་ཏུ་གྲུབ་པ་སུན་ཕྱུང་ངོ་། །མུ་བཞིའི་སྐྱེ་བ་འགོག་པ་ནི། ལུང་ལས། གཅིག་གིས་གཅིག་གི་དངོས་མི་སྐྱེད། །གཅིག་གིས་དུ་མའི་དངོས་མི་སྐྱེད། །དུ་མས་གཅིག་གི་དངོས་མི་སྐྱེད། །དུ་མས་དུ་མའི་དངོས་མི་སྐྱེད། །ཅེས་འབྱུང་ངོ་། །རྒྱུ་གཅིག་གིས་འབྲས་བུ་གཅིག་མི་སྐྱེད་པ་དང་། རྒྱུ་གཅིག་གིས་འབྲས་བུ་དུ་མ་མི་སྐྱེད་པ་དང་། རྒྱུ་དུ་མས་འབྲས་བུ་གཅིག་མི་སྐྱེད་པ་དང་། རྒྱུ་དུ་མས་འབྲས་བུ་དུ་མ་མི་སྐྱེད་པའོ། །དེ་ལ་རྒྱུ་གཅིག་གིས་འབྲས་བུ་གཅིག་མི་སྐྱེད་པ་ནི། རྒྱུ་དབང་པོས་འབྲས་བུ་རྣམ་པར་ཤེས་པ་གཅིག་སྐྱེད་ལ། ཤེས་པ་རིས་མཐུན་པའི་ཕྱི་མ་མི་སྐྱེད་ན་ནི། ཤེས་པ་ཕྱི་མ་རྒྱུན་ཆད་ནས་འོན་པ་དང་ལོང་བ་གཉིས་ཀྱི་སྐྱོན་དུ་འགྱུར་བས། དོན་དམ་པར་ག་ལ་རུང་སྟེ་མི་རུང་བས། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་ཡང་མི་རུང་ངོ་། །རྒྱུ་གཅིག་གིས་འབྲས་བུ་དུ་མ་མི་སྐྱེད་པ་ནི། རྒྱུ་དབང་པོས་འབྲས་བུ་རྣམ་པར་ཤེས་པ་གཅིག་དང་ཕྱི་མའི་རིས་མཐུན་པ་གཉིས་སྐྱེད་དོ་ཞེ་ན། དེ་ཡང་ཀུན་རྫོབ་དུ་ནི་རུང་ནའང་། གཏན་ཚིགས་ཀྱིས་གཞིགས་ན། །དོན་དམ་པར་རྒྱུ་ལྟར་བྱས་ན་ནི་ཉུང་ལ། འབྲས་བུ་ལྟར་བྱས་ན་ནི་མང་སྟེ། རྒྱུའི་ཆོས་བརྩན་པར་བྱས་ན་ནི། འབྲས་བུ་ཐ་དད་པ་གཉིས། ཐ་དད་པ་མེད་པར་གཅིག་ཏུ་འགྱུར་བའི་རིགས་སོ། །འབྲས་བུ་བརྩན་པར་བྱས་ན་ནི། རྒྱུའི་ཆོས་ཐ་དད་པ་མེད་པ་གཅིག་པུ་ཡང་། ཐ་དད་པ་གཉིས་སུ་འབྱུང་བའི་རིགས་ན། རྒྱུའི་རྗེས་སུ་འབྲས་བུ་འགྲོར་མ་བཏུབ་བས། རྒྱུ་འབྲས་ལྡོག་སྟེ་རང་བཞིན་མེད་དོ། །རྒྱུ་དུ་མས་འབྲས་བུ་གཅིག་མི་སྐྱེད་པ་ནི། རྒྱུ་ཡུལ་དང་དབང་པོས་འབྲས་བུ་རྣམ་པར་ཤེས་པ་གཅིག་པུ་སྐྱེད་དོ་ཞེ་ན། དེ་ཡང་ཀུན་རྫོབ་དུ་ནི་རུང་ན། གཏན་ཚིགས་ཀྱིས་གཞིགས་ན་དོན་དམ་པར་མི་རུང་སྟེ། རྒྱུ་ལྟར་བྱས་ན་ནི་མང་ལ། འབྲས་བུ་ལྟར་བྱས་ན་ནི་ཉུང་། དེ་ཡང་རྒྱུ་བརྩན་པར་བྱས་ན་ནི། འབྲས་བུ་ཐ་དད་པ་མེད་པ་གཅིག་ཀྱང་ཐ་དད་གཉིས་སུ་འགྱུར་རོ། །འབྲས་བུ་བརྩན་པར་བྱས་ན་ནི། རྒྱུ་ཐ་དད་པ་གཉིས་ཀྱང་ཐ་དད་པ་མེད་པ་གཅིག་ཏུ་འགྱུར་རོ། །གཏན་ཚིགས་དེས་རྒྱུའི་རྗེས་སུ་འབྲས་བུ་འགྲོར་མ་བཏུབ་པས། རྒྱུ་འབྲས་ལྡོག་སྟེ་རང་བཞིན་མེད་དོ། །རྒྱུ་དུ་མས་འབྲས་བུ་དུ་མ་སྐྱེད་པ་ནི། རྒྱུ་ཡུལ་དང་དབང་པོ་དང་མཚུངས་པ་དེ་མ་ཐག་པ་གསུམ་གྱིས་འབྲས་བུ་ཡུལ་གྱི་རྣམ་པ་ཅན་དང་། རྣམ་པ་ལ་འཛིན་ནུས་པ་དང་། ཤེས་པའི་ངོ་བོ་ཅན་གསུམ་སྐྱེད་དོ། །དེ་ཡང་ཀུན་རྫོབ་དུ་ནི་རུང་ན། གཏན་ཚིགས་ཀྱིས་གཞིགས་ན་དོན་དམ་པར་མི་རུང་སྟེ། དེ་ཡང་རྒྱུའི་གནས་སྐབས་ན་གསུམ་དུ་བགྲངས་ཀྱང་། འབྲས་བུའི་ཆོས་གསུམ་ལ་ཤེས་པའི་ངོ་བོ་གཅིག་ལས་མེད་པས། རྒྱུ་ལྟར་བྱས་ན་ནི་མང་། འབྲས་བུ་ལྟར་བྱས་ན་ནི་ཉུང་། དེ་ཡང་རྒྱུ་བརྩན་པར་བྱས་ན་ནི། འབྲས་བུ་ཐ་དད་པ་མེད་པ་གཅིག་ཀྱང་ཐ་དད་པ་གསུམ་དུ་འགྱུར་ལ། འབྲས་བུ་བརྩན་པར་བྱས་ན་ནི། རྒྱུ་ཐ་དད་པ་གསུམ་ཡང་ཐ་དད་པ་མེད་པ་གཅིག་ཏུ་འགྱུར་རོ། །དེ་ལྟར་རྒྱུའི་རྗེས་སུ་འབྲས་བུ་འགྲོར་མ་བཏུབ་པས། རྒྱུ་འབྲས་ལྡོག་སྟེ་རང་བཞིན་མེད་དོ། །དེས་སེམས་ཙམ་གྱི་སེམས་དོན་དམ་པར་ཡོད་པར་འདོད་པར་ཡང་སུན་ཕྱུང་ངོ་། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། རྒྱུ་རྐྱེན་དུ་མ་ཚོགས་པ་དང་། གཞན་དང་གཞན་སྣང་བས་དངོས་པོ་མེད་ཅིང་རང་བཞིན་མེད་དོ། །ཐེག་པ་གསུམ་ལ་དོན་བཞིས་བསྟན་ཏེ། འདེགས་པར་བྱ་བའི་ཡུལ་དང་། འདེགས་པར་བྱེད་པའི་སྩལ་དང་། བགྲོད་པར་བྱེད་པའི་ལམ་དང་། གནས་སུ་ཕྱིན་པའི་དོན་ནོ། །དེ་ལ་འདེགས་པར་བྱ་བའི་ཡུལ་ནི་སློབ་པ་ལ་ཞུགས་པའི་གང་ཟག་རྣམས་ལ་བྱའོ། །འདེགས་པར་བྱེད་པའི་སྩལ་ནི། ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་འབྲིང་དང་ཆུང་ངུའོ། །བགྲོད་པར་བྱ་བའི་ལམ་ནི། ཐེག་པ་སོ་སོའི་ས་དང་ཕ་རོལ་དུ་ཕྱིན་པའོ། །གནས་སུ་ཕྱིན་པའི་དོན་ནི། ཐེག་པ་སོ་སོའི་འབྲས་བུ་མཐར་ཕྱིན་པའོ། །དེ་ལ། ཤྲཱ་བ་ཀ་ཡཱ་ན་ཞེས་བྱ་སྟེ། ཐེག་པ་ཆུང་ངུ་པ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དབྱེ་ན་རྣམ་པ་ལྔ་སྟེ། འཇུག་པའི་སྒོ་དང་། རྟོགས་པའི་ལྟ་བ་དང་། སྒྲིབ་པ་སྤང་བའི་རིམ་པ་དང་། སྤྱོད་པའི་ཐབས་དང་།  མཐར་ཕྱིན་པའི་འབྲས་བུའོ། །དེ་ཡང་འཇུག་པའི་སྒོ་ནི་བདེན་པ་བཞིའི་སྒོ་ནས་འཇུག་སྟེ། བདེན་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་མོ། །དེ་ལ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་སྟེ། དེ་ལ་སྡུག་བསྔལ་ཤེས་པར་བྱ་བ་ནི། སྡུག་བསྔལ་བ། མི་རྟག་པ། སྟོང་པ། བདག་མེད་པ་བཞི་ཤེས་སོ། །དེ་ལ་སྡུག་བསྔལ་བ་ནི། སྡུག་བསྔལ་གསུམ་དང་བརྒྱད་ལ་བྱ་སྟེ། དེ་ཡང་དང་པོ་འབྲས་བུ་དག་གི་སྒོ་ནས་ཆོས་རྟོགས་སྟེ། རྒ་ཤི་གང་ལས་བྱུང་ཞེས་བརྟགས་པ་ལས། སྐྱེ་བ་ལས་འབྱུང་བར་རིག་སྟེ། དེ་གཉིས་ཀྱི་བར་ན་སྐྱེ་རྒ་ན་འཆིའི་སྡུགབསྔལ་རྣམ་པ་བཞི་དང་། དེའི་སྟེང་དུ་གཉེན་བྱམས་པ་དང་བྲལ་བ་དང་། དགྲ་སྡང་བ་དང་ཕྲད་པ་དང་། བདོག་པ་གཞན་ལ་ཤོར་བ་དང་། འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ཏེ། དེ་ལྟར་སྡུག་བསྔལ་བརྒྱད་དང་། དེའི་སྟེང་དུ་སྤྱིར་ཁྱབ་པའི་སྡུག་བསྔལ་གསུམ་སྟེ། ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པ་དང་། མི་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པ་དང་། ལྷ་ལ་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་པ་སྟེ། དེ་ལྟར་སྡུག་བསྔལ་གསུམ་དང་བརྒྱད་ལ་ནི་སྡུག་བསྔལ་ཞེས་བྱའོ། །སྡུག་བསྔལ་དེ་རྣམས་ཀྱང་སྐད་ཅིག་རེ་རེ་ལ་ཉམས་སུ་མྱོང་བའི་ཕྱིར་མི་རྟག་པའོ། །ངོ་བོ་བདག་དང་གཞན་གྱི་ཆོས་ཀྱིས་སྟོང་པའི་ཕྱིར་སྟོང་པའོ། ། མུ་སྟེགས་ཀྱིས་བརྟགས་པའི་བདག་པོ་མ་གྲུབ་པས་ན་བདག་མེད་པའོ། །དེ་ནས་སྡུག་བསྔལ་གྱི་རྒྱུ་བརྟགས་ན། ཀུན་འབྱུང་ལས་བྱུང་བར་རིག་ནས་ཀུན་འབྱུང་ལ་ཡང་ཆོས་བཞིར་རྟོགས་ཏེ། ཀུན་འབྱུང་བ། རྒྱུ། རྐྱེན། རབ་ཏུ་སྐྱེད་པར་རྟོགས་པའོ། །དེ་ལ་ཀུན་འབྱུང་བ་ནི་སྡུག་བསྔལ་ཀུན་དེ་ལས་འབྱུང་བའོ། །རྒྱུ་ནི་འདུ་བྱེད་དང་སྲིད་པའོ། །རྐྱེན་ནི་མ་རིག་པ་དང་སྲེད་ལེན་ནོ། །རབ་ཏུ་སྐྱེད་པ་ནི་ལས་ཉོན་དེས་སྡུག་བསྔལ་གྱི་གཞི་བདུན་པོའི་རྒྱུན་རབ་ཏུ་འབྱུང་བར་བྱེད་པའོ། །དེ་ནས་ཀུན་ནས་ཉོན་མོངས་པའི་ཕྱོགས། འཁོར་བའི་རྒྱུ་འབྲས་ཀྱི་སྡུག་བསྔལ་ནི་སྤང་དུ་རུང་བར་རྟོགས་ཏེ། རྣམ་པར་བྱང་བའི་ཕྱོགས་སུ་དཔྱད་པ་ལས། འཕགས་པའི་གནས་སྐབས་ན་སྡུག་བསྔལ་མེད་པར་རིག་སྟེ། དེ་ཡང་དང་ཡང་དུ་འབྲས་བུའི་སྒོ་ནས་དཔྱད་པ་ལས་འགོག་པའི་བདེན་པ་རྟོགས་ཏེ། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ་བཞིར་རྟོགས་སོ། །དེ་ལ་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་བཅས་པ་འགོག་པས་འགོག་པ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་ཞི་བས་ཞི་བ། བདེ་བ་དམ་པ་ཐོབ་པས་གྱ་ནོམ་པ། ཁམས་གསུམ་ནས་ངེས་པར་འབྱུང་བས་ངེས་པར་འབྱུང་བ་ཞེས་བྱའོ། །དེ་ཡང་འགོག་པ་ཐོབ་པའི་རྒྱུ་ནི་ལམ་ཡིན་པར་རིག་སྟེ། ལམ་ལ་ཡང་བཞིར་ཤེས་ཏེ། ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པའོ། །དེ་ལ་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བྱའོ། །རིགས་པ་ནི་ཚུལ་བཞིན་མ་ནོར་པས་རིགས་པའོ། །སྒྲུབ་པ་ནི་འབད་སྩོལ་དང་བཅས་པས་བསྒྲུབས་པའོ། ། ངེས་པར་འབྱིན་པ་ནི་ཁམས་གསུམ་ལས་ངེས་པར་འབྱིན་པར་མཛད་པའོ། །དེ་ལྟར་རྟོགས་ཏེ་བསྒོམས་པ་ནི་འཇུག་པའི་སྒོའོ། །རྟོགས་པའི་ལྟ་བ་ནི། ཀུན་ནས་ཉོན་མོངས་པའི་ཆོས་ཀྱང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་ལ། རྣམ་པར་བྱང་བའི་ཆོས་ཀྱང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ་ མུ་སྟེགས་ཀྱི་བྱེད་པ་པོ་བྱ་བ་མེད་པས། གང་ཟག་ལ་བདག་མེད་པར་རྟོགས་པའོ། །སྒྲིབ་པ་སྤོང་བའི་རིམ་པ་ནི། ཉོན་མོངས་པའི་སྒྲིབ་པ་ཕྱོགས་གཅིག་ཏུ་ཟད་ཅེས་བྱའོ། །སྤྱོད་པའི་ཐབས་ནི་བདག་གི་དོན་གཅིག་ཏུ་སྤྱོད་དེ། དྲི་མས་དྲི་མ་མི་འཁྲུ་བ་དང་འདྲའོ། །ཞེས་ཟེར་རོ། །མཐར་ཕྱིན་པའི་འབྲས་བུ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ།། །། པྲ་ཏྱེ་ཀ་ཡཱ་ན་ཞེས་བྱ་བ། ཐེག་པ་འབྲིང་པོ་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དབྱེ་ན་རྣམ་པ་ལྔ་སྟེ། འཇུག་པའི་སྒོ་ནི་རྟེན་ཅིང་འབྲེལ་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེ་ཡང་ཕྱི་རྟེན་ཅིང་འབྲེལ་བ་དང་ཡན་ལག་བཅུ་གཉིས་རྟོགས་པའི་ཚུལ་ནི། འབྲས་བུའི་སྒོ་ནས་རྟོགས་པ་ཏེ། དེ་ཡང་འབྲས་བུ་ས་ལུའི་ལྗངས་པའམ། ཤིང་ལྗོན་པའི་སྒོ་ནས་དཔྱད་པ་ལས་རྟོགས་ཏེ། དེ་ཡང་འབྲས་བུ་འདི་གང་ལས་བྱུང་ཞེས་བརྟགས་པས་མེ་ཏོག་ལས་བྱུང་བར་རིག་སྟེ། དེ་བཞིན་དུ་གང་ནས་གང་དུ་རྩ་བ་བཅད་པ་ལས། ས་བོན་ལས་སྐྱེ་བའི་བར་དུ་རྒྱུ་དྲུག་དང་འབྱུང་བ་ཆེན་པོ་བཞི་ལ་སོགས་པ་རྐྱེན་དྲུག་སྟེ། དེ་ལྟར་བཅུ་གཉིས་ཚོགས་པ་ལས་སྐྱེ་བ་ལྟ་ཞིག་ཅེས་དཔྱད་ནས། རང་བཞིན་མེད་པར་རྟོགས་པའོ། །དེ་བཞིན་དུ་ནང་རྟེན་ཅིང་འབྲེལ་བར་བྱུང་བ་ཡང་། དུར་ཁྲོད་དུ་སོང་སྟེ། མིའི་རོ་ལ་དཔྱད་པས། དང་པོར་འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས། དེ་ཅི་ལས་བྱུང་ཞེས་བརྟགས་པ་ལས། དེའི་རྒྱུ་ནི་སྐྱེ་བ་ཡིན་པར་རིག་ནས། དེ་བཞིན་དུ་གོང་ནས་གོང་དུ་རྩད་བཅད་པ་ལས། མ་རིག་པ་ལ་ཐུག་གི་བར་དུ་རྒྱུ་དང་འབྲས་བུའི་ཚུལ་དུ་རྟོགས་ཏེ། དང་པོ་འཁོར་བ་ལུགས་སུ་འབྱུང་བའི་ཚུལ་ཅི་ལྟར་འབྱུང་ཞེས་བརྟགས་པས། མ་རིག་པ་བདག་ཏུ་འཛིན་པ་མི་ཤེས་པའི་དབང་གིས། འདུ་བྱེད་ལས་སྣ་ཚོགས་བྱེད། ལས་དེ་བྱས་པས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས། བག་ཆགས་བསྒོས་པས་མིང་དང་གཟུགས་གྲུབ། མིང་དང་གཟུགས་སུ་བྱུང་བས། སྐྱེ་མཆེད་དྲུག་ཡུལ་ལ་འཕྲོ། ཡུལ་ལ་འཕྲོས་པས་རེག་པས་བཅད། རེག་པས་བཅད་པ་ཚོར་བས་ཉམས་སུ་མྱོང་། ཉམས་སུ་མྱོང་བས་སྲེད་པའི་འདོད་ཆགས་རླན་དང་འདྲ་བ་སྐྱེ། རླན་དང་འདྲ་བ་སྐྱེས་པས། ལེན་པས་དོན་དུ་གཉེར། དོན་དུ་གཉེར་བས་སྲིད་པའི་བག་ཆགས་མཐུ་ཅན་དུ་གྱུར། མཐུ་ཅན་དུ་བྱུང་བས་སྐྱེ་བ་ཐོབ། སྐྱེ་བ་ཐོབ་པས་རྒ་ཤི་འབྱུང་བའོ། །དེ་ནས་མ་རིག་པ་འགག་ཏུ་རུང་མི་རུང་ཞེས་འཁོར་བ་ལུགས་ལས་ལྡོག་པ་རྣམ་པར་བྱང་བའི་ཕྱོགས་སུ་དཔྱད་པ་ལས། མ་རིག་པ་འགག་ཏུ་རུང་བར་རྟོགས་ཏེ། མ་རིག་པ་བདག་ཏུ་འཛིན་པ་མི་ཤེས་པ་དེ་བདག་མེད་པར་རྟོགས་པ་ན། རིག་པའི་ཡེ་ཤེས་སུ་གྱུར་པས། མ་རིག་པ་འགག །མ་རིག་པ་འགགས་པས་འདུ་བྱེད་ལས་སྣ་ཚོགས་མི་བྱེད། འདུ་བྱེད་ལས་སྣ་ཚོགས་མ་བྱས་པ་དང་། ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་མི་བསྒོ། ཀུན་གཞི་ལ་བག་ཆགས་མ་བསྒོས་ན་མིང་དང་གཟུགས་ཏེ་ཕུང་པོ་ལྔར་མི་འགྱུར་ཞིང་། ཕུང་པོ་ལྔ་ཉིད་རྣམ་པར་བྱང་བའི་ཕུང་པོ་ལྔར་འགྱུར་རོ། །རྣམ་པར་གྲོལ་བའི་ཕུང་པོ་ལྔར་གྱུར་པ་དང་། སྐྱེ་མཆེད་དྲུག་ཡུལ་ལ་མི་འཕྲོ། མ་འཕྲོས་པ་དང་རེག་པས་མི་གཅོད། རེག་པས་མ་བཅད་པ་དང་། ཚོར་བས་ཉམས་སུ་མི་མྱོང་། མ་མྱོང་བ་དང་། སྲེད་པ་རླན་དང་འདྲ་བ་མི་སྐྱེ། སྲེད་པ་མ་སྐྱེས་པ་དང་། ལེན་པས་དོན་དུ་མི་གཉེར། ལེན་པས་དོན་དུ་མ་གཉེར་བ་དང་། སྲིད་པ་མཐུ་ཅན་དུ་མི་འགྱུར། སྲིད་པ་མཐུ་ཅན་དུ་མ་གྱུར་པ་དང་། སྐྱེ་བ་མི་ཐོབ། སྐྱེ་བ་མ་ཐོབ་པ་དང་། རྒ་ཤི་མེད་དོ། །རྟོགས་པའི་ལྟ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་སྟེང་དུ། གཟུགས་ཀྱི་ཕུང་པོ་རྟོགས་སླ་བས། ཆོས་ཀྱི་ཁམས་ཀྱི་རགས་པ་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་སོ། །སྒྲིབ་པ་སྤོང་བའི་རིམ་པ་ནི། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་སྟེང་དུ་ཤེས་བྱའི་སྒྲིབ་པ་ཡང་གཟུང་བའི་ཡུལ་སྤོང་སྟེ། མ་རིག་པ་དང་འདུ་བྱེད་ལ་རང་བཞིན་མེད་པར་རྟོགས། རྣམ་པར་ཤེས་པ་དང་མིང་བཞིའི་ཕུང་པོ་ནི་སྒྱུ་མ་ཙམ་དུ་སྒྲུབ། གཟུགས་ཀྱི་ཕུང་པོ་ནི་རང་བཞིན་མེད་པར་རྟོགས། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ལ་མ་སྤྱད། སྲེད་པ་དང་ལེན་པ་ལ་རང་བཞིན་མེད་པར་རྟོགས། སྲིད་པ་ལ་མ་སྤྱད། སྐྱེ་བ་དང་རྒ་ཤི་རང་བཞིན་མེད་པར་རྟོགས་སོ། །སྤྱོད་པའི་ཐབས་ནི། ལུས་ཀྱི་རྫུ་འཕྲུལ་གྱི་སྒོ་ནས་ཡུལ་ལྗོངས་འགའ་ཙམ་མམ། ཉེན་འཁོར་ཙམ་གྱི་དོན་མཛད་དེ། དེ་ཡང་གསུང་གི་སྒོ་ནས་ཆོས་མི་སྟོན་ཏེ། ཕ་རོལ་གྱི་རྒྱུད་རྣམ་པར་མ་བརྟགས་མ་དཔྱད་པར་ཚིག་ཏུ་བརྗོད་ན། བདག་གི་སེམས་གཡེང་བར་འགྱུར་ལ། ཕ་རོལ་གྱི་སེམས་འཁྲུག་པར་འགྱུར་བས། དེ་ལྟར་གསུང་གི་སྒོ་ནས་ཆོས་མི་སྟོན་ཏོ། །མཐར་ཕྱིན་པའི་འབྲས་བུ་ནི། དགེ་བའི་བཤེས་གཉེན་གང་ན་མི་བཞུགས་པར་སོང་སྟེ། རྟེན་འབྲེལ་ཟབ་མོའི་དོན་བསྒོམས་པས། རང་གི་བྱང་ཆུབ་རང་གིས་བརྙེས་ནས། བསེ་རུ་ལྟར་གཅིག་པུ་དང་། བྱེའུ་ལྟར་མང་པོ་ཁྱུས་ལྡིང་བའོ། །དེ་ལ་བསེ་རུ་ལྟར་གཅིག་པུ་ནི་བློ་རྟུལ་པོ་སྟེ། བདག་གི་ལྟ་བ་གཞན་གྱི་གཡེང་བས་ཕྲོགས་ཀྱིས་དོགས་པའོ། །བྱེའུ་ལྟར་མང་པོ་ཁྱུས་ལྡིང་བ་ནི་བློ་རྣོན་པོ་སྟེ། བདག་གི་ལྟ་བ་གཞན་གྱི་གཡེང་བས་མི་འཕྲོགས་པའོ།། །། མ་ཧཱ་ཡཱ་ན་ཞེས་བྱ་སྟེ། ཐེག་པ་ཆེན་པོ་པ་ལ་ཡང་དོན་རྣམ་པ་ལྔས་བསྟན་ཏེ། འཇུག་པའི་སྒོ་དང་། རྟོགས་པའི་ལྟ་བ་དང་། སྒྲིབ་པ་སྤོང་བའི་རིམ་པ་དང་། སྤྱོད་པའི་ཐབས་དང་། མཐར་ཕྱིན་པའི་འབྲས་བུའོ། །དེ་ལ་འཇུག་པའི་སྒོ་ནི། བདེན་པ་རྣམ་པ་གཉིས་ཀྱི་སྒོ་ནས་འཇུག །རྟོགས་པའི་ལྟ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་རྟོགས་པ་སྟེ། དེ་ལ་ཆོས་དང་གང་ཟག་ནི། ཕུང་པོ་རྣམ་པ་ལྔ་སྐད་ཅིག་མ་ལ་སྐྱེ་འགག་བྱེད་པས་ན། གང་ཟག་ཅེས་བྱའོ། །ཕུང་པོ་རྣམ་པ་ལྔ་དེ། སོ་སོའི་བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པས་ཆོས་ཤེས་བྱའོ། །དེ་ལྟར་ཅིས་མངོན་ཞེ་ན། ལུང་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཤེས་བྱ། །ཞེས་འབྱུང་ངོ། །སྒྲིབ་པ་སྤང་བའི་རིམ་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། སྒྲིབ་པ་རྣམ་གཉིས་མ་ལུས་པར་སྤོང་ངོ་། །སྤྱོད་པའི་ཐབས་ནི། བདག་དང་གཞན་གྱིས་དོན་ཕུན་སུམ་ཚོགས་པར་སྤྱོད་དོ། །མཐར་ཕྱིན་པའི་འབྲས་བུ་ནི། ས་བཅུ་མཐར་ཕྱིན་པ་དང་། འབྲས་བུ་སྐུ་གསུམ་དང་ཡེ་ཤེས་བཞིའོ། །ལྡེམ་པོར་དགོངས་པ་རྣམ་པ་བརྒྱད་ནི། ལྡེམ་པོར་དགོངས་པ་བཞི་དང་། དགོངས་པ་བཞིའོ། །ལྡེམ་པོར་དགོངས་པ་བཞི་ལ། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། བདུད་ཀྱི་རྟོག་པ་ལ་དྲང་སྲོང་གཽ་ཏ་མ་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་བྱས་པས་ལྟ། གྲུབ་པར་བྱ་བའི་ཐབས་ཡོད་དམ་ཞེས་སྙམ་པ་ལ། དེའི་རྟོག་པ་མཁྱེན་ནས། ཕ་དང་མ་ནི་བསད་བྱས་ལ། །དགེ་འདུན་མང་པོའི་དབྱེན་བྱས་ཤིང་། །བྲམ་ཟེ་དགེ་བ་ཅན་གཉིས་དང་། །རྒྱལ་པོ་འཁོར་བཅས་རབ་བཅོམ་ན། །མི་དེ་ཡོངས་སུ་གྲུབ་པར་འགྱུར། །ཞེས་གསུངས་སོ། །གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། མུ་སྟེགས་མགྲིན་རིང་གིས་དྲང་སྲོང་གཽ་ཏ་མ། བདག་རྟག་པ་ཡོད་དམ་མེད་སྙམ་པ་ལ། དེའི་རྟོག་པ་མཁྱེན་ནས་སྲིད་པ་བར་མ་དོའི་མིང་བཞིའི་ཕུང་པོ་ཡོད་པ་ཙམ་ལ་དགོངས་ནས། བདག་ཡོད་པར་བཤད་པ་ལ། བཙལ་ཀྱང་མིང་བཞིའི་ཕུང་པོ་ལ་བདག་མ་རྙེད་ནས་འབྲས་བུ་ཐོབ་པ་ལྟ་བུའོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། བཀའ་མཐའ་དག་ལས་སྟོང་ངོ་ཞེས་བསྟན་པ་ནི། ཀུན་བརྟགས་མེད་པ་ལ་དགོངས། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྤྲུལ་པ་ལྟ་བུ་ཞེས་བརྗོད་པ་ནི་གཞན་དབང་སྒྱུ་མ་ཙམ་ལ་དགོངས་པའོ། །དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ལ་སོགས་པ་བསྟན་པ་ནི། ཡོངས་སུ་གྲུབ་པ་ཡོད་པའི་དོན་ལ་དགོངས་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་མོ་བརྒྱུད་ཁྲི་བཞི་སྟོང་ངོ་། །དགོངས་པ་བཞི་ལས་མཉམ་པ་ཉིད་ལ་དགོངས་པ་ནི། འཁོར་གྱི་དགེ་སློང་བྲམ་ཟེ་ར་ཏ་ན་བྱ་བས། སྔོན་གྱི་སངས་རྒྱས་གཙུག་ཏོར་ཅན་དང་། ད་ལྟར་གྱི་ཤཱཀྱ་ཐུབ་པ་གཉིས་ཞིང་ཁམས་དག་མ་དག་དང་། སྐུ་ཚེ་རིང་ཐུང་དང་། སྐུ་ཚད་ཆེ་ཆུང་ཡོད་པ་འདྲ་ཞེས་རྟོག་པ་བྱུང་བ་དེ་ལ་དགོངས་ནས། སྔོན་གྱི་སངས་གཙུག་ཏོར་ཅན་ནི་ང་ཡིན་ནའང་། སེམས་ཅན་གྱི་རྟོག་པ་མ་དག་གོ་ཞེས་གསུངས་ནས། མཚུངས་པ་རྣམ་པ་བཞི་བཀའ་སྩལ་ཏེ། སྤངས་པ་མཚུངས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པར་མཚུངས། ཡེ་ཤེས་མཚུངས་ཏེ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པར་འདྲ། བརྩོན་འགྲུས་མཚུངས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་འགྲོ་བའི་དོན་བྱེད་པར་འདྲ། ཆོས་མཚུངས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཆོས་སྟོན་པར་འདྲ། ཞེས་གསུངས་སོ། །དུས་གཞན་ལ་དགོངས་པ་ནི། མེ་ཏོག་གཅིག་ཕུལ་བའམ། ཨ་མི་ཏཱ་བྷ་ཐང་གཅིག་ལ་མོས་པས་འགྲུབ་པར་བསྟན་པའོ། །དོན་གཞན་ལ་དགོངས་པ་ནི། གང་ཟག་བློ་ཀར་བོར་པ་རྣམས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མགོ་བརྒྱ་སྦྱིན་པར་བཏང་ཡང་། ད་རུང་འབྲས་བུ་མ་ཐོབ་སྟེ། བསྐལ་པ་ཆེན་པོ་གསུམ་དུ་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་ན། འབྲས་བུ་ཐོབ་བོ། །ཞེས་བསྟན་པའོ། གང་ཟག་གི་བསམ་པ་ལ་དགོངས་པ་ནི། གང་ཟག་སྦྱིན་པ་བྱིན་པས་ནི། ལོངས་སྤྱོད་ཆེ་བ་ལས་མི་ནུས་པས། དེ་བས་ཚུལ་ཁྲིམས་སུ་སྲུངས་ཤིག །ཅེས་པ་ལ་སོགས་པ་གོང་མ་ལ་འཛུད་པའོ། ། ཡེ་ཤེས་བཞི་ལ། དོན་བརྒྱད་ཀྱིས་བསྟན་ཏེ། ཡེ་ཤེས་ཀྱི་རྒྱུ་དང་། གྲོགས་དང་། ཡེ་ཤེས་ཀྱི་ལས་དང་། ཡེ་ཤེས་ཀྱི་ཡུལ་དང་། ཡེ་ཤེས་ཀྱི་རང་བཞིན་དང་། ཡེ་ཤེས་ཀྱི་མཚན་ཉིད་དང་། ཡེ་ཤེས་ཀྱི་གྲངས་དང་། ཡེ་ཤེས་ཀྱི་འབྲས་བུའོ། །དེ་ལ་ཡེ་ཤེས་ཀྱི་རྒྱུ་ནི་ཚོགས་བརྒྱད་དེ། ཀུན་གཞི་ཆོས་ཐམས་ཅད་ཀྱི་གཞི་ལམ་རྒྱུར་གནས་པ་དེ། གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་བདག་དུ་འཛིན་པ་སྤངས་ནས། བདག་དང་གཞན་དུ་མཉམ་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་རིག་ཅིང་གཅོད་པ་དེ་གནས་གྱུར་པ་ནི་སོ་སོ་ཀུན་ཏུ་རྟོགས་པའི་ཡེ་ཤེས་སོ། །སྒོ་ལྔ་རང་གི་ཡུལ་ཐ་དད་པ་ལ་འབྱུང་བ་དེ་ནི་གནས་གྱུར་པ་ལས་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །སྒོ་ལྔ་ཡུལ་སོ་སོར་ངེས་པ་བཞིན་དུ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཀྱང་། སྨོན་ལམ་གཅིག་པའི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་དོ། །གྲོགས་ནི་ཡིད་འཕགས་པའི་ལམ་ལ་དམིགས་པ་ལ་བྱ་སྟེ། དཔེར་ན་བསྐྱོད་ལེགས་པ་དང་འདྲའོ། །དེ་ཡང་ཕྱིང་བུས་བསྐྱོད་ན་མེ་ལོང་གི་གཡའ་དག་པ་དང་འདྲ་བར། ཡིད་འཕགས་པའི་ལམ་ལ་དམིགས་ན། བདག་གི་ཀུན་གཞིའི་དྲི་མ་དག་སྟེ། ཡིད་འཕགས་པའི་ལམ་ལ་དམིགས་ནས། ཀུན་གཞི་ལ་དགེ་བའི་བག་ཆགས་ཀྱི་ས་བོན་གནས་པར་འགྱུར་རོ། །ལས་ནི་སྒྲིབ་པ་གཉིས་སྤོང་བའོ། །ཡུལ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡུལ་ལོ། །དེ་ལ་ཐུན་མོང་གི་ཡུལ་ནི་ཆོས་ཀྱི་དབྱིངས་སོ། །ཐུན་མོང་མེ་ལོང་མ་ཡིན་པའི་ཡུལ་ནི་གསལ་མེ་ལོང་ཡེ་ཤེས་ལ་མི་སྒྲིབ་པ་དང་། མཉམ་མཉམ་ཉིད་ལ་མ་འདྲེས་པ་དང་། འགྲོ་སོར་རྟོག་བའི་རྒྱུད་མཁྱེན་པ་དང་། གདུལ་བྱ་བྱ་གྲུབ་ཐ་དད་པའོ། །རང་བཞིན་ནི། ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པ་སྟེ། ཇི་ལྟ་བ་ནི་སྤྱིའི་མཚན་མ་ལ་སྐྱེས་པ་ཡང་མཁྱེན། ཇི་སྙེད་པ་ནི་རང་རང་གི་མཚན་ཉིད་མ་ལུས་པའི་ཆོས་ཐམས་ཅད་མི་སྒྲིབ་པར་མཁྱེན་པའོ། །མཚན་ཉིད་ནི་སྐད་ཅིག་མ་སྟེ། ཡེ་ཤེས་ཡེ་ཤེས་ཞེས་བརྗོད་པ། ཡེ་ཤེས་བརྗོད་པ་ཉིད་ཀྱང་གསོག་བརྗོད་དུ་མེད་པའི་ཡེ་ཤེས་ནི། དོན་དམ་པ་ཡི་ཡེ་ཤེས་སོ། །ཞེས་གསུངས་པའོ། །གྲངས་ནི་བཞིའོ། །འབྲས་བུ་ནི་སྐུ་གསུམ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་ཀྱི་དེ་ཁོ་ན་ཉིད་དང་དབྱེར་མེད་པ་ནི་ཆོས་ཀྱི་སྐུའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐུགས་རྗེ་ཆེན་པོ་འབྱུང་བའི་རྒྱུར་གྱུར་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་གཞིར་གྱུར་པ་གཉིས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་གདུལ་བྱ་ཆུད་མི་ཟ་བ་ནི་སྤྲུལ་པའི་སྐུའོ། །སྐུ་གསུམ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་སྐུ་གསུམ་ལྷུན་གྱིས་གྲུབ་པ་བརྙེས་པས། ཡུལ་ཡོན་ཏན་ཅན་ནམ། ཁྱད་པར་ཅན་དེ་ལ་མངོན་དུ་ཕྱོགས་པའི་དོན་གྱིས། དེའི་རྗེས་སུ་སློབ་པའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། སྐུ་གསུམ་གྱི་འབྲས་བུ་སོ་སོར་ཐོབ་པར་འདོད་དེ། དེ་ལ་ཉན་ཐོས་ཀྱི་སྐུ་གསུམ་ནི། འགོག་པའི་སྙོམས་པར་འཇུག་པ་ནི་ཞི་བ་གྱ་ནོམ་པ་སྟེ། ཉན་ཐོས་ཀྱི་ཆོས་ཀྱི་སྐུའོ། །ཤཱཀྱ་ཐུབ་པ་རབ་ཏུ་བྱུང་བའི་ཚུལ་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཉན་ཐོས་ཀྱི་དབང་ཕྱུག་ཆེན་པོར་བསྟན་པས་ལོངས་སྤྱོད་རྫོགས་པའི་སྐུའོ། ། ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལ་སོགས་པས། བཅོམ་ལྡན་འདས་ལ་ཐེ་ཚོམ་རྒོལ་ཞིང་ལན་ལྡོན་པས་འགྲོ་བ་ལ་ཆོས་སྟོན་པ་ནི་ཉན་ཐོས་ཀྱི་སྤྲུལ་པའི་སྐུའོ། ། རང་སངས་རྒྱས་ཀྱི་སྐུ་གསུམ་ནི། དགེ་བའི་བཤེས་གཉེན་ག་ལ་བར་མི་བཞུགས་པའི་སར་སོང་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དོན་བསྒོམས་པས། རང་གི་བྱང་ཆུབ་རང་གིས་རྟོགས་ཤིང་། འབྲས་བུ་དེ་ཁོ་ན་ཉིད་མངོན་དུ་བྱས་པ་ནི་ཆོས་ཀྱི་སྐུའོ། །དེའི་ཚེ་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་ཅིང་བདེ་བའི་རྒྱུན་ལ་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འབྲས་བུ་ཐོབ་ནས་ཤེས་རབ་མྱུར་མགྱོགས་ལ་སོགས་པ། ལུས་ཀྱི་ཆོ་འཕྲུལ་གྱི་སྒོ་ནས་ཡུལ་དང་ཉེན་འཁོར་ཙམ་དུ་འགྲོ་བའི་དོན་མཛད་པ་ནི་སྤྲུལ་པའི་སྐུའོ། །བྱང་ཆུབ་སེམས་དཔའི་སྐུ་གསུམ་ནི། མོས་པ་སྤྱོད་པའི་ས་བཞིར། གཟུང་འཛིན་གྱི་བག་ཆགས་རགས་པ་མངོན་ཏུ་རྒྱུ་བ་སྤངས་ཤིང་བཅོམ་ནས། ས་དང་པོ་ལ་ཆོས་ཉིད་ཀྱི་དོན་མཐོང་བའི་ཚེ། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་ཏེ། མཉམ་པར་བཞག་པའི་དུས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་བཞིན་དུ་རྟོག་པ་ནི་ཆོས་ཀྱི་སྐུའོ། །དེའི་ཚེ་སྡུག་བསྔལ་གྱི་ཚོར་བ་ནི་རྒྱུན་ཆད། ཆོས་ཉིད་ཀྱི་རོའི་དགའ་བ་ནི་ཉམས་སུ་མྱོང་ཞིང་། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་དུས་ན་སྐད་ཅིག་མ་ཕྱི་མ་ལ་རྗེས་སུ་ཐོབ་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས། འགྲོ་བའི་རྒྱུད་མཁྱེན་ཏེ། ཞིང་ཁམས་བརྒྱར་སྤྲུལ་པ་བརྒྱ་འགྱེད་པ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་གཤེགས་པའི་སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི། ས་བཅུའི་མཇུག་དུ་ཀུན་གཞིའི་བག་ཆགས་ཆ་ཕྲ་བའི་ཡང་ཕྲ་བ་མ་ལུས་པར་དག་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་ཀྱང་བྱ། བགྲོད་པ་གཅིག་པའི་ལམ་ཞེས་ཀྱང་བྱ། ངོ་བོ་ཉིད་ཀྱི་སྐུ་ཞེས་ཀྱང་བྱ། བར་ཆད་མེད་པའི་ཏིང་ངེ་འཛིན་ཅེས་ཀྱང་བྱ་སྟེ། ཡང་དག་པའི་མཐའ་མངོན་དུ་བྱས་པའི་དུས་ན། དཔེར་ན་མེ་ལོང་གཡའ་དག་པའི་ནང་དུ་བཞིན་གྱི་གཟུགས་བརྙན་ཐམས་ཅད་སྣང་ཞིང་འབྱུང་བ་བཞིན་དུ། ཡེ་ཤེས་དེ་ཡང་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་དེ་དང་ཆོས་ཀྱི་དེ་ཁོ་ན་ཉིད་དབྱེར་མེད་པ་ནི་ཆོས་ཀྱི་སྐུའོ། །དེ་ལ་རྒོལ་བ་ན་རེ་དངོས་པོ་ཐ་དད་པ་གཉིས་གཅིག་ཏུ་གྱུར་པ་འདྲ་ཞིང་ཟེར་བ་ན། དེ་ལྟར་མ་ཡིན་སྟེ། འདི་གཉིས་ཚིག་ཏུ་ཐ་དད་པ་སྐད་བརྗོད་ཀྱང་། དོན་ཏུ་ན་ཡུལ་དང་ཡུལ་ཅན་དབྱེར་མེད་དེ། ཡེ་ཤེས་སྐྱེ་བར་བྱེད་པའི་རྒྱུ་ནི་ཆོས་ཉིད་རྣམ་པར་དག་པ་ཡིན་ལ། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ། ཡེ་ཤེས་ཀྱིས་རྟོགས་པར་བྱེད་པས་འདི་གཉིས་ནི་དུང་དང་དཀར་བོའི་ཚུལ་དུ་དབྱེར་མེད་དོ། །དེ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་ལ། ཆོས་ནི་ཐོག་མ་མེད་པ་ནས་རིགས་སུ་གྱུར་པ། ཡེ་ནས་བྱང་ཆུབ་ཀྱི་སྙིང་པོ་ཅན། རང་བཞིན་གྱིས་རྣམ་པར་དག་པར་གནས་པ་ལས། རྟོག་པ་ནི་གློ་བུར་བ་ཡིན་ཏེ། རྟོག་པ་གློ་བུར་དེ་ནི་དཔེར་ན་སྣང་བ་བྱུང་ན་མུན་པ་རང་དྭངས་པ་དང་འདྲ་བར། རྟོག་པ་གློ་བུར་བ་ཆོས་ཉིད་ཀྱི་ངང་དུ་དྭངས་པའི་དུས་ན། ལྷག་པར་ངན་པ་ཅིག་བཟང་པོར་གྱུར་པ་མེད་དེ། ཡེ་ནས་རྣལ་མར་གནས་པའི་དོན་དེ་ཉིད་རང་བཞིན་རྣལ་མར་གྱུར་པ་ལ་བྱའོ། ། སྐུ་ཞེས་བྱ་བ་ནི་ཡོན་ཏན་འཕེལ་འགྲིབ་མེད་པར་གནས་པ་ལ་ཡང་སྐུ་ཞེས་བྱ་ལ། སྐུ་གཉིས་འབྱུང་བའི་རྒྱུར་གྱུར་པ་ལ་ཡང་སྐུ་ཞེས་བྱ་སྟེ། དེ་ལྟར་ཆོས་ཀྱི་སྐུའོ།། །། ལོངས་སྤྱོད་རྫོགས་པའི་སྐུ་ནི། དེ་ལྟར་ཆོས་སྐུ་ལྷུན་གྱིས་གྲུབ་པའི་བྱིན་གྱི་རླབས་ལས། ཉོན་མོངས་པ་ཅན་གྱི་ཡིད་དང་བདག་ཏུ་འཛིན་པ་གནས་གྱུར་ཏེ། བདག་མེད་པར་རྟོགས་པས། བདག་དང་གཞན་གཞན་གྱི་རྒྱུད་དུ་མཉམ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐུགས་རྗེ་ཆེན་པོ་འབྱུང་བའི་རྒྱུར་གྱུར་པ་དང་། སེམས་ཅན་གྱི་དུས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གཙོ་བོ་ཆོས་ཐམས་ཅད་ལ་རིག་པས་གཅོད་པར་བྱེད་པ་དེ་གནས་གྱུར་པའི་དུས་ན། དེ་བཞིན་གཤེགས་པ་ལ་མངའ་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བྱ་བ་སོ་སོ་ཀུན་ཏུ་རྟོགས་པའི་ཡེ་ཤེས་སུ་་གྱུར་ཏེ། གཟུངས་དང་ཏིང་ངེ་འཛིན་དང་། དབང་དང་མངོན་པར་ཤེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། བསྐལ་པ་གྲངས་མེད་པར་བསོད་ནམས་བསམ་གྱིས་མི་ཁྱབ་པ་བསགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་གྲངས་མེད་པའི་ཆོས་ལས། རྣམ་པར་སྣང་མཛད་ཀྱི་སྐུ་སྟེ། མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་འདོམ་གང་བ་དང་། འོད་ཟེར་མཐའ་ཡས་པ་དང་། ཐམས་ཅད་དུ་བྱམས་པའི་ཞལ་ཏལ་ལེ་བར་བཞུགས་པ་ལ་བྱའོ། །དེ་ཡང་ཡེ་ཤེས་གཉིས་དང་ལྡན། ལོངས་སྤྱོད་གཉིས་མཛད་དེ། དེ་ཡང་ཞིང་དག་པ་ལ་ལོངས་སྤྱོད་པ་དང་། །འཁོར་སྨིན་པ་ལ་ལོངས་སྤྱོད་པའོ། དེ་ལ་ཞིང་དག་པ་ལ་ལོངས་སྤྱོད་པ་ནི། གསེར་གྱི་ས་གཞི་ལ་རིན་པོ་ཆེ་གཞལ་དུ་བཀྲམ་པའི་སྟེང་ན། ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཁྱོན་ནམ་མཁའི་མཐའ་དང་མཉམ་པ། རྒྱ་ཕྱོགས་བཅུར་མ་ཆད་པའི་དབུས་ན་རིན་པོ་ཆེའི་ཁྲི་ཁོང་སྐབས་ཅན་གྱི་སྟེང་ན། སྐུ་མདུན་དང་རྒྱབ་མེད་པར་བཞུགས་སོ། །འཁོར་སྨིན་པ་ལ་ལོངས་སྤྱོད་པ་ནི། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་རྒྱལ་བ་དང་། མོས་པ་སྤྱོད་པའི་ས་པ་རྣམས་འཁོར་དུ་གྱུར་པ་མ་ཡིན་གྱི། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་དུ་གྱུར་ནས། སྟོན་པས་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཉན་ཏེ། དཔེར་ན་མེ་ལོང་གཡའ་དག་པའམ། ཤེལ་ཆེས་དྭངས་པ་ལ་བལྟས་ན་བཞིན་གྱི་དཀྱིལ་འཁོར་སྣང་སྟེ། བདག་གི་དྲི་མ་བཀྲུ་བའི་ཐབས་ཤེས་པ་དང་འདྲ་བར། དེ་བཞིན་གཤེགས་པའི་སྐུ་མེ་ལོང་གཡའ་དག་པའམ། ཤེལ་ཆེས་དང་པ་འདྲ་བ་དེ་ལ། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བལྟས་པ་ཙམ་གྱིས། འཁོར་རྣམས་ཀྱིས་ཤེས་བྱའི་བག་ཆགས་མ་ལུས་པར་སྐུ་ལ་སྣང་སྟེ། ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་དང་། མཉམ་པར་བཞག་པའི་དོན་སྣང་ནས་མཇལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་ལ། བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཉན་པ་ཞེས་འདི་ལ་བྱ་སྟེ། དེ་བཞིན་གཤེགས་པས་ནི་ཏིང་ངེ་འཛིན་གྱི་སྒོ་གྲངས་མེད་པ་བསྒྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་པར་བཞག་པ་ཙམ་གྱིས། ཤེས་བྱའི་སྒྲིབ་པ་དག་ནས། བླ་ན་མེད་པ་སངས་རྒྱས་པའི་འབྲས་བུ་ཐོབ། དེ་བཞིན་གཤེགས་པ་དེའི་འཁོར་ཡངས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་མ་རག་པ་ཤ་སྟག་འཁོར་དུ་བྱུང་བ་ལ་ནི། འཁོར་སྨིན་པ་ལ་ལོངས་སྤྱོད་པ་ཞེས་བྱའོ།། །། སྤྲུལ་པའི་སྐུ་ནི། སེམས་ཅན་གྱི་གནས་སྐབས་ན་སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་སོ་སོ་ལ་རང་ཐད་དུ་འཕྲོ་བ་དེ། དེ་ལས་གནས་གྱུར་པའི་དུས་ན། བྱ་བ་གྲུབ་པའི་ཡེ་ཤེས་བྱ་བ་སྟེ། གདུལ་བྱའི་རྒྱུད་དེ་དང་དེ་གདུལ་བའི་ཐབས་སྣ་ཚོགས་པར་མཁྱེན་པ་དེ་དང་ནི། སྔོན་གྱི་སྨོན་ལམ་དང་། ཐུགས་རྗེ་ཆེན་པོའི་ཤུགས་དྲག་པོའི་བྱིན་གྱིས་རླབས་ལས། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་དང་། ཡང་སྤྲུལ་བསམ་གྱིས་མི་ཁྱབ་པར་སྟོན་པའོ། །དེ་ནི་སྐུ་གསུམ་གྱི་དབྱེ་བ་སྟེ། སྐུ་གསུམ་ཀ་ཡང་ཐོབ་པར་མཚུངས་ལ། འཕྲིན་ལས་མི་མཚུངས་པར་ཤེས་པར་བྱའོ།། །། ད་ནི་སྐུ་གསུམ་གྱི་དོགས་པ་བསུ་བ་ལ་བབ་སྟེ། སྐུ་གསུམ་རྟག་གམ་མི་རྟག །སྐུ་གསུམ་ཡོད་དམ་མེད། སྐུ་གསུམ་མཚན་ཉིད་གཅིག་གམ་ཐ་དད་ཅེ་ན། ལན་གཅིག་ཏུ་རྟག་པར་ཡང་བཤད་དེ། ཆོས་ཀྱི་སྐུ་ནི་མི་འགྱུར་བའི་རྟག་པ་སྟེ། ལྷུན་གྱིས་གྲུབ་པའི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མི་ཉམས་པའི་རྟག་པ་སྟེ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་རྒྱུན་མི་འཆད་པར་སྤྱོད་པར་མཛད་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་གྱི་རྟག་པ་སྟེ། ཐུགས་རྗེ་ཆེན་པོ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས། འགྲོ་བའི་དོན་ལ་ཡང་དང་ཡང་དུ་རྟག་པར་འབྱུང་བའོ། །ལན་ཅིག་མི་རྟག་པར་བཤད་དེ། ཆོས་ཀྱི་སྐུ་ནི་ཡེ་ཤེས་སྐད་ཅིག་མའི་ཆ་ལས་མི་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཏིང་ངེ་འཛིན་སྐད་ཅིག་མའི་ཆ་ལས་མི་རྟག་པའོ། སྤྲུལ་པའི་སྐུ་ནི་འདུལ་བའི་དུས་ལ་བབ་ན། འགྲོ་བའི་དོན་ཡང་དང་ཡང་དུ་མཛད། མ་བབ་ན་མི་མཛད་དེ། འབྱུང་འཇུག་བྱེད་པས་མི་རྟག་པའོ། །ལན་ཅིག་རྟག་ལ་རྟག་མི་རྟག་ཀྱང་མི་རྟག་པར་བཤད་དེ། ཆོས་ཀྱི་སྐུ་ནི་དཔེར་ན་ཉི་མ་དང་འདྲ་སྟེ། རྩ་བ་དང་གཞི་ཡིན་པས་རྟག་པའོ། །ཀུན་རྫོབ་ཀྱི་སྐུ་གཉིས་ནི་ཉི་མའི་འོད་ཟེར་དང་འདྲ་སྟེ། རྩ་བ་མ་ཡིན་ཞིང་འབྲས་བུ་ཆེན་པོ་མངོན་དུ་བྱེད་དེ། སླར་ཆོས་ཀྱི་སྐུ་ལ་འདུས་ཏེ་མི་རྟག་པའོ། ལན་ཅིག་རྟག་པ ར་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པར་བཤད་དེ། དེ་ལ་རྟག་པ་མ་ཡིན་པ་ནི། མུ་སྟེགས་ཀྱི་བྱེད་པ་པོ་བདག་རྟག་པ་པོ་ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ནི། སོ་སོའི་སྐྱེ་བོའི་འདུས་བྱས་ཀྱི་ཆོས་རྫ་མ་ཆག་པ་ལྟ་བུ་མི་རྟག་པ་ཡང་མ་ཡིན་གྱི། ཐ་མར་རྟག་ཆད་རྣམ་གཉིས་ལས་འདས་ཤིང་དབེན་པའོ། །སྐུ་གསུམ་ཡོད་དམ་མེད་ཅེ་ན། ལན་གཅིག་ཡོད་པར་བཤད་དེ། དེ་ལ་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཡོད་དེ། སྟུག་པོ་བཀོད་པའི་ཞིང་ཁམས་ན། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་ཡོད་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་ཡོད་དེ། འོག་མིན་གྱི་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་ཏིང་་ངེ་འཛིན་གྱིས་ཆོས་སྟོན་པར་མཛད་དོ། །སྤྲུལ་པའི་སྐུ་ནི་མོས་པས་སྤྱོད་པའི་ས་པ་དང་། འགྲོ་བ་སྐལ་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་དུ་ཡོད་དེ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྣང་བས་ཡོད་དོ། །ལན་ཅིག་མེད་པར་ཡང་བཤད་དེ། སྐུ་གསུམ་ལ་མཚན་ཉིད་དང་དངོས་པོའམ། རང་བཞིན་ཐ་དད་པ་མེད་དོ། །ཡང་ལན་ཅིག་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་བཤད་དེ། དེ་ལ་ཡོད་ཀྱང་ཡོད་པ་ནི། ཆོས་ཀྱི་སྐུ་ནི་ནམ་མཁའ་དང་འདྲ་སྟེ། མཚན་མའི་དངོས་པོ་ཅན་མ་ཡིན་ཡང་མི་འགྱུར་བར་གནས་པས་ཡོད་ཀྱང་ཡོད་ལ། ཀུན་རྫོབ་ཀྱི་སྐུ་གཉིས་ནི་གཞའ་ཚོན་དང་འདྲ་སྟེ། ཀུན་རྫོབ་ཏུ་སྣང་ཡང་། གཞའ་ཚོན་ནམ་མཁའི་ངང་དུ་དྭངས་པ་བཞིན་དུ་སླར་ཆོས་ཀྱི་སྐུ་ལ་་འདུས་པས་དངོས་པོ་མེད་དོ། །ཡང་ལན་ཅིག་ཡོད་པར་ཡང་མ་ཡིན་མེད་པར་ཡང་མ་ཡིན་པ ར་ཡང་བཤད་དེ། ཡོད་ཅེས་བྱས་ན་ནི་སྒྲོ་འདོགས་པའི་སྐྱོན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་དངོས་པོ་མེད་ལ། མེད་ཅེས་བྱས་ན་བསྐུར་བ་བཏབ་པའི་སྐྱོན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ཡིན་པས། མེད་པ་ཡང་མ་ཡིན་ནོ། །ཐ་མར་ཡོད་མེད་རྣམ་གཉིས་ལས་འདས་ཤིང་དབེན་པའོ།། །། སྐུ་གསུམ་རང་བཞིན་གཅིག་གམ་ཐ་དད་ཅེ་ན། གཅིག་པ་ཡང་མ་ཡིན་པ་ནི་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་སྣང་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་ཞིང་། སྤྲུལ་པའི་སྐུ་ནི་སོ་སོའི་སྐྱེ་བོ་སྐལ་པ་དང་ལྡན་པ་དང་། མོས་པས་སྤྱོད་པའི་ས་དང་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བས། མཚན་ཉིད་གཅིག་པ་ཡང་མ་ཡིན། ཡང་ན་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་། ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་འབྱུང་བས། འཕྲིན་ལས་ཐ་དད་པ་མཛད་དོ། །ཐ་དད་པ་མ་ཡིན་པ་ནི། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གཟུགས་སྐུ་རྣམ་གཉིས་བྱུང་ཡང་ཆོས་ཀྱི་སྐུ་ལས་བྱུང་ལ། འདུས་ཀྱང་ཆོས་ཀྱི་སྐུའི་ངང་དུ་འདུས་ཤིང་། སྐུ་གསུམ་ཆར་སོ་སོར་ཐ་དད་པ་མ་ཡིན་ནོ། །རྟག་ཅེས་ཟེར་ན་ཡང་ཡིད་ཆེས་པར་གྱིས་ཤིག །མི་རྟག་ཅེས་ཟེར་ན་ཡང་ཡིད་ཆེས་པར་གྱིས་ཤིག །མེད་ཅེས་ཟེར་ན་ཡང་ཡིད་ཆེས་པར་གྱིས་ཤིག། ། ། མཚན་ཉིད་གསུམ་ནི་ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའོ། །དེ་ཡང་ལུང་ལས་ཀྱང་། ཀུན་ཏུ་བརྟགས་པ་བརྟགས་པའི་དབང་། །རྣམ་པར་བརྟགས་པ་གཞན་གྱི་དབང་། །འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་འབྱུང་། དེ་ལ་ཡང་དོན་བཅུས་བསྟན་ཏེ། མཚན་ཉིད་གསུམ་དངོས་གང་ལ་བྱ་བ་དང་། ངེས་པའི་ཚིག་དང་། དབྱེ་བ་དང་། ས་བགོ་བ་དང་། སྐུ་གསུམ་ལ་སྦྱར་བ་དང་། རྣམ་པར་རིག་པ་ཙམ་ལ་བསྡུ་བ་དང་། ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུ་བ་དང་། ཡོད་པ་གསུམ་ཞེས་བྱ་བ་དང་། མེད་པ་གསུམ་ཞེས་བྱ་བ་དང་། གཅིག་པ་དང་། ཐ་དད་པར་བསྟན་པའོ། །དངོས་གཞི་གང་ལ་བྱ་ཞེ་ན། ཀུན་བརྟགས་ནི་གཟུང་འཛིན་ལ་བྱ། གཞན་དབང་ནི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་བྱ། ཡོངས་སུ་གྲུབ་པ་ནི་སྟོང་པའི་ཆོས་ཉིད་ལ་བྱ། ངེས་པའི་ཚིག་ནི། ཅིའི་ཕྱིར་ཀུན་བརྟགས་ཞེས་བྱ་ཞེ་ན། གཞན་དབང་ལ་འཁྲུལ་ནས། གཟུང་བ་དང་། འཛིན་པར་སྣང་ལ། གཞན་དབང་རང་སྣང་བར་མ་ཤེས་ནས། གཟུང་འཛིན་གཞན་དབང་ལས་ལོགས་ན་ཡོད་པར་བརྟགས་པའི་ཕྱིར། ཀུན་བརྟགས་ཤེས་བྱའོ། །ཅིའི་ཕྱིར་གཞན་དབང་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རང་སྐྱེ་མི་ནུས་ཀྱི། རྒྱུ་དང་རྐྱེན་གཞན་གྱིས་བསྐྱེད་པའི་ཕྱིར་གཞན་དབང་ཞེས་བྱའོ། །ཅིའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། གཞན་དབང་ཆོས་ཅན་དེ་ལ་གཟུང་འཛིན་ཆ་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་ཀྱི་ཆོས་ཉིད་ནི་རྟོག་པའི་མཚན་མ་དང་དངོས་པོར་ནམ་ཡང་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ། །དབྱེ་ན་ནི། ཀུན་བརྟགས་པ་ལ་ཡང་གཉིས་ཏེ། སྣང་༼ཡུལ་སོ་སོའི་དབང་པོ། ༽བའི་ཀུན་བརྟགས་པ་དང་། མི་སྣང་༼ནམ་མཁའི་མེ་ཏོག་ལྟ་བུ། ༽བའི་ཀུན་བརྟགས་པའོ། །གཞན་དབང་ལ་ཡང་གཉིས་ཏེ། ལྟོས་པའི་༼འདུས་བྱས་ལ་ལྟོས་ནས་འདུས་མ་བྱས་ཡོད་པ་ལྟ་བུ། ༽གཞན་དབང་དང་། བསྐྱེད་པའི་གཞན་༼ཡུལ་དང་དབང་པོ་ས་བོན་དང་ཆུ་ལུད་ཀྱིས་བསྐྱེད་པ་ལྟ་བུ། ༽དབང་ངོ་། །ཡོངས་སུ་གྲུབ་པ་ལ་ཡང་གཉིས་ཏེ། མི་འགྱུར་བར་ཡོངས་སུ་གྲུབ་པ་ ༼ཆོས་རྣམས་ཀྱི་ཆོས་ཉིད་ལ་བྱ། ༽ དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་ ༼ཡང་དག་པའི་ཡེ་ཤེས་ལ་བྱ། ༽ པའོ། །ས་བགོས་པ་ནི། ཀུན་བརྟགས་ནི་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་དང་། གཞན་དབང་ནི་དག་པ་འཇིག་རྟེན་པའི་སྤྱོད་ཡུལ། ཡོངས་སུ་གྲུབ་པ་ནི་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ལོ། །ཅིས་མངོན་ཞེ་ན། ལུང་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །དེ་དག་ངོ་བོ་ཉིད་ཀྱིས་མེད། །གང་དག་ངོ་བོ་ཉིད་མེད་པ། །ནམ་དུ་ཡང་ནི་མི་སྐྱེའོ། །རྟོག་མེད་རྐྱེན་ལས་སྐྱེ་བ་ནི། །རྣམ་པ་ཀུན་ཏུ་བརྗོད་མེད་པ། །གཞན་གྱི་དབང་གི་ངོ་བོ་ཉིད། །འཇིག་རྟེན་དག་པའི་སྤྱོད་ཡུལ་ལོ། །རྟག་པའི་ངོ་བོ་ཉིད་ཀྱིས་དེ། །ཤིན་ཏུ་སྟོང་ཉིད་གང་ཡིན་པ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད། །མི་རྟོག་ཡེ་ཤེས་སྤྱོད་ཡུལ་ལོ། །ཞེས་འབྱུང་།། །། སྐུ་གསུམ་དང་སྦྱར་བ་ནི། ཡོངས་སུ་གྲུབ་པ་ནི་དབྱིངས་དང་ཡེ་ཤེས་ཡིན་པས་ཆོས་ཀྱི་སྐུའོ། །གཞན་དབང་ནི་ཏིང་ངེ་འཛིན་གྱི་ངོ་གང་ལ་སྣང་བས། ལོངས་སྤྱོད་རྫོགས་པའི་སྐུའོ། ། ཀུན་བརྟགས་ནི་མེད་པ་རྣམས་ཡོད་པར་བརྟགས་པས་སྤྲུལ་པའི་སྐུའོ།། །། རྣམ་པར་རིག་པ་ཙམ་དུ་བསྡུ་ན། སེམས་ཀྱི་འཁྲུལ་བ་ནི་གཞན་དབང་ཡུལ་དུ་འཁྲུལ་པ་ཡིན། སེམས་ཀྱི་དངོས་གཞི་ནི་ཀུན་བརྟགས་གཟུང་འཛིན་ཡིན། སེམས་ཀྱི་ཆོས་ཉིད་ནི་ཡོངས་སུ་གྲུབ་པ་ཡིན་ནོ།། །། ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུ་ན། ཆོས་ཕྱི་ནང་གཉིས། འདུས་བྱས་དང་འདུས་མ་བྱས་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའོ། །དེ་ཡང་ལྔར་བསྡུ་སྟེ། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། །ལྔ་པོ་དེ་མཚན་ཉིད་གསུམ་དུ་བསྡུ་སྟེ། མིང་ནི་ཀུན་བརྟགས་སུ་བསྡུའོ། །རྒྱུ་མཚན་དང་། རྣམ་པར་རྟོག་པ་གཉིས་ནི་གཞན་དབང་དུ་བསྡུའོ། །དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་གཉིས་ནི་ཡོངས་སུ་གྲུབ་པར་བསྡུའོ། །ཡང་ན་གང་དག་མེད་པ་ལས་ཡོད་པར་སྒྲོ་བཏགས་པ་ཐམས་ཅད་ཀུན་བརྟགས་སུ་བསྡུའོ། །ཆོས་གང་རྒྱུ་རྐྱེན་གྱིས་བསྡུས་པ་ཐམས་ཅད་གཞན་དབང་དུ་བསྡུའོ། །ཆོས་ཉིད་ཀུན་བརྟགས་ལྟར་མེད་པ་ཡང་མ་ཡིན། གཞན་དབང་ལྟར་རྒྱུ་རྐྱེན་གྱིས་བསྐྱེད་པ་ཡང་མ་ཡིན་པ་ནི་ཡོངས་སུ་གྲུབ་པར་བསྡུའོ། །ཡོད་པ་གསུམ་ཞེས་བྱ་བ་ནི། ཀུན་བརྟགས་ཐ་སྙད་དུ་ཡོད། གཞན་དབང་རྫས་སུ་ཡོད། ཡོངས་སུ་གྲུབ་པ་ཆོས་ཉིད་དུ་ཡོད་དོ། །མེད་པ་གསུམ་ཞེས་བྱ་བ་ནི། ཀུན་བརྟགས་མཚན་ཉིད་ཀྱིས་མེད། གཞན་དབང་རང་སྐྱེ་མི་ནུས་པས་མེད། ཡོངས་སུ་གྲུབ་པ་དོན་དམ་པར་དངོས་པོ་མེད།། །། གཅིག་དང་ཐ་དད་ལས་གྲོལ་བར་བསྟན་པ་ནི། ཀུན་བརྟགས་ནི་མེད་པའི་ཆོས་ཡིན། གཞན་དབང་དང་ཡོངས་སུ་གྲུབ་པ་གཉིས་གཅིག་པ་དང་ཐ་དད་པ་ལས་གྲོལ་བར་བསྟན་ཏོ། །རྒོལ་བ་ན་རེ། གཅིག་ན་གཞན་དབང་བརྩན་པར་བྱས་ན། སངས་རྒྱས་མི་སྲིད་པར་རིགས་སོ། ། ཡོངས་སུ་གྲུབ་པ་བརྩན་པར་བྱས་ན། སེམས་ཅན་མི་སྲིད་པའི་རིགས་སོ། །ཞེས་པ་ལ། ལན་དུ་གཅིག་དང་ཐ་དད་པ་ལས་གྲོལ་ཏེ། གཞན་དབང་ཀུན་བརྟགས་དང་མ་བྲལ་བའི་དུས་ན། གཅིག་པ་ཡང་མ་ཡིན་ལ། ཀུན་བརྟགས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་དུས་ན། ཐ་དད་པ་ཡང་མ་ཡིན་ཏེ། ལུང་ལས་ཀྱང་། རྣམ་པར་རྟོག་པ་གཞན་གྱི་དབང་། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །གྲུབ་ནི་དེ་ལས་སྔ་མར་གྲུབ། །རྟག་ཏུ་མེད་པར་གྱུར་པ་གང་། །དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་མ་ཡིན་པའང་མིན། །ཞེས་འབྱུང་ངོ།། །། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དོན་རྣམ་པ་བཞིས་བསྟན་ཏེ། དེ་ཡང་གང་ཞེ་ན། ངེས་པའི་ཚིག་དང་། རང་གི་ངོ་བོ་དང་། དབྱེ་བ་དང་། ལས་ཅི་བྱེད་པའོ། །དེ་ལ་ངེས་པའི་ཚིག་ནི། རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་ནས་འབྱུང་ལ། རྒྱུ་མེད་ཅིང་རྐྱེན་མེད་པར་མི་འབྱུང་བའི་ཕྱིར། རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་བྱའོ། །རང་གི་ངོ་བོ་ནི། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་རྒྱུ་དང་འབྲེལ་བ་དང་། རྐྱེན་དང་འབྲེལ་བའོ། །རྒྱུ་དང་འབྲེལ་བ་ནི། ས་བོན་ལས་མྱུ་གུ་འབྱུང་བ་ནས། མེ་ཏོག་ལས་འབྲས་བུ་འབྱུང་གི་བར་དུ་རྒྱུ་ལ་རག་ལས་པའི་ཆོས་དྲུག་གོ། །རྐྱེན་དང་འབྲེལ་བ་ནི། ཁམས་དྲུག་འདུས་པ་ལས། འབྲས་བུ་སྨིན་པར་བྱེད་དེ། དེ་ལ་འབྱུང་བ་ཆེན་པོ་བཞི་དང་། དུས་དང་ནམ་མཁའི་ཁམས་དང་དྲུག་གོ། །ནང་རྟེན་ཅིང་འབྲེལ་པ་ལ་ཡང་རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ། །དེ་ལ་རྒྱུ་དང་འབྲེལ་པ་ནི། མ་རིག་པ་ནས་རྒ་ཤིའི་བར་དུའོ། །རྐྱེན་དང་འབྲེལ་པ་ནི། ཁམས་དྲུག་འདུས་པ་ལས་འབྲས་བུ་འབྱུང་བའོ། །དབྱེ་བ་ནི་རྣམ་པ་དྲུག་སྟེ། མཚན་ཉིད་དང་། ལས་དང་། ཡན་ལག་གི་དབྱེ་བ་དང་། རིགས་བསྡུ་བ་དང་། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་བསྟན་པ་དང་། དུམ་བུ་གསུམ་གྱི་ཆ་ཡོད་པར་བསྟན་པའོ། །དེ་ལ་མཚན་ཉིད་ལ་ཡང་དོན་རྣམ་པ་ལྔ་སྟེ། རང་གི་མཚན་ཉིད་དང་། ངེས་པའི་ཚིག་གི་མཚན་ཉིད། ཡན་ལག་གི་མཚམས་སྦྱོར་བའི་མཚན་ཉིད་དང་། རྒྱུ་བསྡུ་བའི་མཚན་ཉིད་དང་། མཐའ་གཉིས་དང་འབྲལ་བའི་མཚན་ཉིད་དོ། །དེ་ལ་རང་གི་མཚན་ཉིད་ནི། མ་རིག་པའི་མཚན་ཉིད་ནི་མི་ཤེས་པ་སྟེ། རྒྱུ་དང་། འབྲས་བུ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པ་ནི་མ་རིག་པའོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རང་གི་མཚན་ཉིད་རེ་རེ་ནས་སྦྱར་ཏེ་བཤད་དོ། །ངེས་པའི་ཚིག་གི་མཚན་ཉིད་ནི། ཅིའི་ཕྱིར་མ་རིག་པ་ཞེས་བྱ་ཞེ་ན། མུན་པ་ཆེན་པོའི་ཕྱིར་མ་རིག་པ་ཞེས་བྱ་སྟེ། དཔེར་ན་མུན་ཁང་གི་ནང་དུ་རྫས་ཤིག་བཞག་ན། རྫས་མེད་པ་མ་ཡིན་ན་ཡང་། མུན་པའི་དབང་གིས་རྫས་མི་མཐོང་བ་དང་འདྲ་བར། ཡང་དག་པ་དེ་ཁོ་ན་ཉིད་མེད་པ་མ་ཡིན་ན་ཡང་། མ་རིག་པའི་དབང་གིས་དེ་ཁོ་ན་ཉིད་མ་མཐོང་བའི་ཕྱིར། མ་རིག་པ་ཞེས་བྱའོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་ངེས་པའི་ཚིག་རེ་རེ་ཡོད་དོ། །ཡན་ལག་གི་མཚམས་སྦྱོར་བའི་མཚན་ཉིད་ནི། འདི་ཡོད་པས་ན་འདི་ཡོད་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ། ཡན་ལག་བཅུ་གཉིས་གཅིག་གི་གྲོགས་སུ་གཅིག་གྱུར་པའོ། །རྒྱུ་བསྡུ་བའི་མཚན་ཉིད་ནི། དང་པོར་མ་རིག་པ་དང་། སྲེད་པ་དང་། ལེན་པ་གཉིས་ཀ་ཡང་ཆགས་ཤིང་ཞེན་པའི་མཚན་ཉིད་ཡིན་པས་སྲེད་པར་བསྡུ། དེ་གསུམ་རིང་བའི་རྒྱུའོ། །འདུ་བྱེད་ནི་སྲིད་པ་བསྐྱེད་པའི་རྒྱུ་ཡིན་པས། སྲིད་པར་བསྡུ་སྟེ། སྲིད་པ་ནི་ཉེ་བའི་རྒྱུ་ཞེས་གདགས། དེ་བས་ན་རྒྱུ་རྣམ་པ་གཉིས་སུ་འདུས་པས། རྒྱུ་བསྡུ་བའི་མཚན་ཉིད་ཅེ་བྱའོ། །མཐའ་གཉིས་དང་བྲལ་བའི་མཚན་ཉིད་ནི། ཡན་ལག་བཅུ་གཉིས་པོ་འདི་དག །རྒྱུ་འགག་པའི་ཆོས་ཅན་ཡིན་པས། མུ་སྟེགས་རྟག་པར་ལྟ་བའི་མཐའ་སེལ། འབྲས་བུ་འབྱུང་བའི་ཆོས་ཅན་ཡིན་པས། སྟོང་པ་ཆད་པར་ལྟ་བའི་མཐའ་སེལ་བས། མཐའ་གཉིས་དང་བྲལ་བའི་མཚན་ཉིད་ཅེས་བྱའོ། །ལས་ལ་རྣམ་གཉིས་ཏེ། ལས་དང་། བྱེད་པའི་རྩལ་ལོ། །མ་རིག་པའི་ལས་ནི་རྨོངས་པར་བྱེད་དོ། །དེའི་བྱེད་པའི་རྩལ་ནི་འདུ་བྱེད་མངོན་པར་འབྱིན་པའི་རྒྱུ་ཡང་ཡིན་ཏེ། དེ་བཞིན་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ཡན་ལག་གི་དབྱེ་བ་ནི། རྣམ་པ་ལྔ་སྟེ་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གསུམ་ནི་འཕེན་པའི་ཡན་ལག་གོ ། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་བཞི་ནི་འཕངས་པའི་ཡན་ལག་གོ ། སྲེད་པ་དང་། ལེན་པ་དང་། སྲིད་པ་གསུམ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ ། སྐྱེ་བ་ནི་མངོན་པར་གྲུབ་པའི་ཡན་ལག་གོ ། རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ ། རིགས་བསྡུ་བ་ནི། ལས་དང་ཉོན་མོངས་པ་དང་ཚེ་གསུམ་འདུས་ཏེ། མ་རིག་པ་དང་། སྲེད་ལེན་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་སོ། །ལྷག་མ་བདུན་ནི་སྡུག་བསྔལ་ཏེ་ཚེའོ། །འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་བསྟན་པ་ནི། གསུམ་ལས་གཉིས་འབྱུང་སྟེ། མ་རིག་པ་ལས་འདུ་བྱེད་འབྱུང་ལ། སྲེད་ལེན་ལས་སྲིད་པ་འབྱུང་ངོ་། །གཉིས་ལས་བདུན་འབྱུང་སྟེ། འདུ་བྱེད་དང་སྲིད་པ་ལས་འབྲས་བུ་སྡུག་བསྔལ་བདུན་འབྱུང་ངོ་། །བདུན་ལས་ཀྱང་གསུམ་འབྱུང་སྟེ། ད་ལྟར་གྱི་འབྲས་བུ་བདུན་ལས། མ་འོངས་པའི་མ་རིག་པ་དང་སྲེད་ལེན་གཉིས་འབྱུང་ངོ་། །དེ་བས་ན་ངེས་པ་མེད་པར་འབྱུང་བས། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ། །དུམ་བུ་གསུམ་གྱི་ཆ་ཡོད་པར་བསྟན་པ་ནི། མ་རིག་པ་དང་འདུ་བྱེད་ནི་འདས་པ་ཡིན་པས་ཚེ་སྔ་མ་སྟེ། རྒྱུ་འབའ་ཤིག་གི་སྒོ་ནས་བཞག །སྐྱེ་བ་རྒ་ཤི་གཉིས་ནི་མ་འོངས་པ་སྟེ། ཚེ་ཕྱི་མ་ཡིན་པས་འབྲས་བུ་འབའ་ཤིག་གི་སྒོ་ནས་བཞག་སྟེ། བར་ཆ་བརྒྱད་ནི་ད་ལྟར་གྱི་རྒྱུ་འབྲས་གཉིས་གའི་སྒོ་ནས་བཞག་གོ ། ལས་ཅི་བྱེད་ན། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པས་ན། མུ་སྟེགས་ཅན་རྒྱུ་མེད་པ་ལས་འབྱུང་བར་འདོད་པ་དང་མི་མཐུན་པའི་རྒྱུ་ལས་འབྱུང་བ་སེལ་ཏོ། །རྒྱུ་ཡོད་པ་ལས་འབྱུང་ཞིང་། རྟག་པར་མ་ཡིན་པ་དང་། འཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ཡིན་པ་དང་། དེ་དང་འདྲ་བའི་རྒྱུད་དུ་འབྱུང་བར་སྟོན་ཏོ། །ལུགས་ལས་ལྡོག་པ་ནི། གཞུང་ལས་འབྱུང་བར་བས། མ་རིག་པའི་མཚན་ཉིད་ནི་མ་ཤེས་པ་དང་། ༼ལས་དགེ་སྡིག་མི་ཤེས་པ། ༽ ལས་ནི་ཡང་དག་པ་ལ་སྒྲིབ་པ། ༼ཟག་པ་མེད་པའི་ཤེས་རབ་ལ་སྒྲིབ་པ། ༽ འདུ་བྱེད་ཀྱི་མཚན་ཉིད་ནི། དགེ་༼དགེ་བ་དང་མི་དགེ་བ་དང་མི་གཡོ་བར་འདུ་བྱེད། ༽སྡིག་ལ་མངོན་པར་འདུ་བྱེད་པ། ལས་༼ལས་དང་ཉོན་མོངས་པའི་ས་བོན་འདེབས་པས། ༽ནི་འདེབས་པའོ། །རྣམ་པར་ཤེས་པའི་མཚན་ཉིད་ནི། ཡུལ་རིག་༼བྱེ་བྲག་ཏུ་འབྱེད་པ། ༽ཅིང་རྟོགས་པ། ལས་༼སྲིད་པ་མྱོང་བར་སྦྱོར་ལ། ༽ནི་ཁྲིད་པའོ། མིང་དང་གཟུགས་ཀྱི་མཚན་ཉིད་༼མདུང་ཁྱིམ་གྱི་ཚུལ་རྟེན་པ། ༽ནི་རྟེན་པ། ལས་༼མི་དབྱེ་བའི་གཟུངས་བྱེད། ༽ནི་འཛིན་པའོ། སྐྱེ་མཆེད་དྲུག་གི་མཚན་ཉིད་ནི་༼སྐྱེ་བའི་སྒོར་འཇུག་། ༽སྐྱེ་བ། ལས་ནི་རྫོགས་༼དབང་པོ་དྲུག་རྫོགས་པར་བྱེད། ༽པའོ། རེག་པའི་མཚན་ཉིད་ནི་གཅོད་༼རིགས་སུ་གཅོད་པའོ། །༽པའོ། །ལས་༼ཚོར་བ་སྐྱེད་པའོ། །༽ནི་བསྐྱེད་པའོ། །ཚོར་བའི་མཚན་ཉིད་ནི་༼རྣམ་པ་གསུམ་མྱོང་བའོ། །༽མྱོང་བའོ། །ལས་༼ལས་ནི་བདེ་བ་སོགས་སྤྱོད་པའོ། །༽ནི་སྤྱོད་པའོ། །སྲེད་པའི་མཚན་༼ཆགས་པའི་ཡུལ་འདོད་པ། ༽ཉིད་ནི་ཆགས་པ། ལས་ནི་སྡུད་པ། ལེན་པའི་མཚན་༼དོན་གཉེར་ཞིང་སྒྲུབ་པ། ༽ཉིད་ནི་སྒྲུབ་པའོ། །ལས་ནི་༼བསྒྲུབ་པའི་ཐབས་སྦྱོར་བ། ༽སྦྱོར་བ། སྲིད་པའི་མཚན་༼བག་ཆགས་མཐུ་ཅན་དུ་གྱུར་བ། ༽ཉིད་ནི་འབྱུང་བ། ལས་༼ལུས་ལེན་པར་བྱེད་པ། ༽ནི་འབྱིན་པའོ། །སྐྱེ་བའི་མཚན་༼སྡུག་བསྔལ་གསུམ་དང་བརྒྱད་མྱོང་པའོ། །། ༽ཉིད་ནི་སྡུག་བསྔལ་བ། རྒས་པའི་མཚན་༼རྒུར་བ་དང་སྐྲ་དཀར་བ། ཁ་སྤུ་མང་བ། ༽ཉིད་ནི་ལུས་སེམས་འགྱུར་བར་བྱེད་པ། ཤི་༼ཚོར་བ་རྒྱུན་ཆད་ནས་ཡུད་ཙམ་འདས་པ། ༽བའི་མཚན་ཉིད་ནི་ལུས་སེམས་བྱེ་བའོ། །འཇིག་རྟེན་རྒྱང་ཕན་པས་ཚེ་སྔ་ཕྱི་མེད་པར་ལྟ་བའི་གཉེན་པོར། བཅོམ་ལྡན་འདས་ཀྱིས་རྒྱུ་རྐྱེན་བཅུ་གཉིས་བཀའ་སྩལ་ཏེ། དེ་ལ་མ་རིག་པ་དང་འདུ་བྱེད་གཉིས་ཀྱིས་ནི་ཚེ་སྔ་མ་བསྟན། སྐྱེ་བ་དང་རྒ་ཤི་གཉིས་ཀྱིས་ནི་ཚེ་ཕྱི་མ་བསྟན། བར་གྱི་བརྒྱད་ཀྱིས་ནི་ད་ལྟར་གྱི་ཚེ་བསྟན། དེ་ཡང་ཚེ་སྔ་མ་ནི་རྒྱུ་འབའ་ཤིག་གི་སྒོ་ནས་བསྟན། ཚེ་ཕྱི་མ་ནི་འབྲས་བུ་འབའ་ཤིག་གི་སྒོ་ནས་བསྟན། ད་ལྟར་གྱི་ཚེ་ནི་རྒྱུ་དང་འབྲས་བུ་གཉིས་ཀའི་སྒོ་ནས་བསྟན་ཏེ། དེ་ལྟར་ཅིའི་ཕྱིར་བསྟན་ཅེ་ན། ཚེ་གསུམ་ཡང་ཡོད་ལ། དེ་ཡང་ཚེ་སྔ་མའི་རྒྱུས་ནི་འདི་བསྐྱེད། འདིའི་རྒྱུས་ནི་ཕྱི་མ་བསྐྱེད་པར་བསྟན་པའི་ཕྱིར་རོ། །དེ་ལ་སྲེད་ལེན་དང་། མ་རིག་པ་གཉིས་ཉོན་མོངས་པར་རིགས་གཅིག་ཀྱང་། མིང་གཉིས་སུ་བཏགས། སྲིད་པ་དང་འདུ་བྱེད་གཉིས་ལས་སུ་རིགས་གཅིག་པ་ལས། མིང་གཉིས་སུ་བཏགས། རྣམ་པར་ཤེས་པ་ནས་ཚོར་བའི་བར་དང་། སྐྱེ་བ་དང་རྒ་ཤི་གཉིས་དང་། ཚེའི་འདུ་བྱེད་དུ་རིགས་གཅིག་པ་ལས། མིང་གཉིས་སུ་བཏགས་པར་རིག་པར་བྱ་སྟེ། ཚེ་གསུམ་དུ་བཅད་པ་ཆོད་ཆེ་བའི་ཕྱིར། དངོས་པོ་གཅིག་ལ་མིང་གཉིས་སུ་བཏགས་སོ། །ཚེ་སྔ་མར་བཏགས་པ་མ་རིག་པ་དང་འདུ་བྱེད་ཀྱིས། ད་ལྟར་གྱི་ཚེར་གཏོགས་པ་རྣམ་པར་ཤེས་པ་ནས་ཚོར་བའི་བར་དུ་ལྔ་བསྐྱེད་དོ། །ད་ལྟར་གྱི་ཚེར་གཏོགས་པ་སྲེད་ལེན་དང་སྲིད་པ་གསུམ་གྱིས། ཕྱི་མའི་ཚེར་གཏོགས་པ་སྐྱེ་བ་དང་རྒ་ཤི་གཉིས་སྐྱེད་དོ། །དེ་ལ་མ་རིག་པ་ནི་དངོས་སུ་ན། ཚེ་སྔ་མའི་སྲེད་ལེན་གཉིས་ཡིན། འདུ་བྱེད་ནི་སྔ་མའི་སྲིད་པ་ཡིན་ཏེ། དེ་ལྟར་ན་མ་རིག་པ་དང་འདུ་བྱེད་གཉིས་ཚེ་སྔ་མ་ཡང་ཡིན་ལ། དེའི་རྒྱུས་ཚེ་འདིའི་འབྲས་བུ་ལྔ་ཡང་བསྐྱེད་དོ། །ཚེ་འདིའི་མ་རིག་པ་ནི་སྲེད་ལེན་ཅེས་བྱ། འདུ་བྱེད་ནི་སྲིད་པ་ཞེས་བྱ་སྟེ། འདི་གསུམ་གྱིས་ནི་ཕྱི་མའི་སྐྱེ་བ་དང་རྒ་ཤི་གཉིས་བསྐྱེད་དོ། །དེ་ལྟར་ན་དེ་བརྒྱད་ཚེ་འདི་ཡང་། དེའི་རྒྱུས་ཚེ་ཕྱི་མ་ཡང་བསྐྱེད་དོ། །ཕྱི་མའི་སྐྱེ་བ་དང་རྒ་ཤི་གཉིས་ནི་དངོས་སུ་ཕྱི་མའི་རྣམ་པར་ཤེས་པ་སྐྱེ་བ་ཡིན། ལྷག་མ་རྣམས་ནི་རྒ་ཤི་ཡིན་ཏེ། དེ་ལྟར་ན་འབྲས་བུའི་སྒོ་གཅིག་པུ་ནས། ཕྱི་མ་བསྟན། ཅིའི་ཕྱིར་སྔ་མའི་སྲེད་ལེན་དང་སྲིད་པ་ལ་མ་རིག་པ་དང་འདུ་བྱེད་ཅེས་བྱ་ཞེ་ན། ཚེ་སྔ་མ་ནི་བརྟགས་པས་བཏགས་པ་ཙམ་དུ་ཟད་དོ།། །། བདག་མེད་པ་གཉིས་ལ་དོན་བཞི་སྟེ། རང་གི་ངོ་བོ་དང་། ངེས་པའི་ཚིག་དང་། དབྱེ་བ་དང་། ལས་ཅི་བྱེད་པའོ། །རང་གི་ངོ་བོ་ལ། གང་ཟག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱ། ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་བྱའོ། །ངེས་པའི་ཚིག་ནི། ཅིའི་ཕྱིར་ཆོས་དང་གང་ཟག་ཅེས་བྱ་ཞེ་ན། རྒྱུན་ལ་གང་ཟག་ཅེས་བྱ་ལ། །མཚན་ཉིད་འཛིན་ལ་ཆོས་ཤེས་ཞེས་བྱ། །ཞེས་འབྱུང་། དབྱེ་བ་ནི། གང་ཟག་གི་མིང་ནི་རྣམ་གྲངས་ཀྱིས་དབྱེ་བ་སྟེ། གང་ཟག་དང་། གང་འགྲོ་དང་། ཡར་འགྲོ་དང་། ཉེ་བར་འགྲོ་དང་། འཕེན་པ་དང་། རྫོགས་པ་ཞེས་བྱའོ། །ཆོས་ཀྱི་དབྱེ་བ་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའོ། །ལས་ནི་ཉོན་མོངས་པ་དང་། ཤེས་བྱའི་བསྒྲིབ་པ་སྤོང་སྟེ། དེ་ཡང་དོན་དྲུག་སྟེ། སྒྲིབ་པ་རྣམ་པ་གཉིས་རྒྱུ་གང་ལས་བྱུང་བ་དང་། རང་གི་ངོ་བོ་དང་། དབྱེ་བ་དང་། དེས་གང་ལ་སྒྲིབ་པ་དང་། སྤོང་བའི་གཉེན་པོ་གང་ཡིན་པ་དང་། སྤངས་ནས་འབྲས་བུ་ཅི་ཐོབ་པ་དང་དྲུག་གོ ། དེ་ལ་ཉོན་མོངས་པའི་སྒྲིབ་པའི་རྒྱུ་ནི་མ་རིག་པའོ། །རང་གི་ངོ་བོ་ནི། ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུའོ། །དབྱེ་བ་ནི་གསུམ་སྟེ། རྒྱུའི་ཀུན་ནས་ཉོན་མོངས་པ་མ་རིག་པ་དང་སྲེད་ལེན། ལས་ཀྱི་ཀུན་ནས་ཉོན་མོངས་པ་འདུ་བྱེད་དང་སྲིད་པ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་དང་། སྐྱེ་བ་དང་རྒ་ཤིའོ། །དེས་ཅི་ལ་སྒྲིབ་ཅེ་ན། ཐར་པ་མྱ་ངན་ལས་འདས་པ་ལ་སྒྲིབ་བོ། །སྤོང་བའི་གཉེན་པོ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །སྤངས་པའི་འབྲས་བུ་ནི་ཐར་པ་མྱ་ངན་ལས་འདས་པའོ། །ཤེས་བྱའི་སྒྲིབ་པའི་རྒྱུ་ནི་གཟུང་འཛིན་གྱི་ཆ་མ་བྱང་བའི་བག་ཆགས་སོ། །རང་གི་ངོ་བོ་ནི་རློམ་སེམས་པའི་རང་བཞིན་ཏེ། རྣམ་པར་བྱང་བ་ལ་མཚན་མར་འཛིན་པའོ། །དབྱེ་བ་ནི་གསུམ་སྟེ། སའི་སྒྲིབ་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒྲིབ་པའོ། །དེ་ལ་སའི་སྒྲིབ་པ་ནི། ས་དང་པོ་ལ། ཀུན་ཏུ་འགྲོ་བའི་དོན་དུ་མ་རྟོགས་པ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་ནི། སེར་སྣ་ལ་སོགས་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒྲིབ་པ་ནི། ལུང་ལས། གཞི་ལ་མི་མཁས་ལེ་ལོ་དང་། །གཉིས་ཀྱིས་ཏིང་འཛིན་ཉམས་པ་དང་། །མི་སྐྱེད་པ་དང་ཉམས་ཆུང་དང་། །ལྟ་དང་གནས་ངན་ལེན་སྐྱོན་ཆགས། །ཞེས་འབྱུང་ངོ་། །དེས་ཅི་ལ་སྒྲིབ་པ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྒྲིབ་པའོ། །སྤོང་བའི་གཉེན་པོ་གང་ཞེ་ན། ཆོས་ལ་བདག་མེད་པར་རྟོགས་པའོ། །སྤངས་པའི་འབྲས་བུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ། ། ངྷརྨ་བྷ་དྲས་སྦྱར་བ་སྟེ་རྫོགས་སོ། ། ཨ་ཏི།། །།གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །གཞན་ཕན་ཆོས་ཀྱི་སྣང་བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེས། །གཞན་ཕན་ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ། །མངྒལཾ། །